གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོན་ཐམས་ཅད་ཀྱི་ཡང་སྙིང་གཏན་ཚིགས་ངེས་པའི་གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ་ཞེས་བྱ་བ་བཞུགས།།

ཞང་ཞུང་གི་སྐད་དུ།  །གྱེར་ཞི་ཐ་ཚན་ཏི་ཀ་ཏན་ཏྲ་ད་དོད་ཅི།  །རྒྱ་གར་གྱི་སྐད་དུ།  །ཏིར་ཏི་ཀ་ཤན་ཏི།  །རྒྱལ་ནམ་པ་ལྡོང་གི་སྐད་དུ།  །ལྡན་ཏོ་དེ་བ་ཙེ།  །མེ་ཉག་གི་སྐད་དུ།  །མི་ལཱ་མུ་ཕེད།  །གེ་སར་གྱི་སྐད་དུ།  །རག་ཤའི་རྦེང་ཆིལ། །སུམ་པའི་སྐད་དུ། །ཁྲེ་ཟེ་ཉོ་པེ་ན།  །བོད་སྐད་དུ།  །བོན་ཐམས་ཅད་ཀྱི་ཡང་སྙིང།  །གཏན་ཚིགས་ངེས་པའི་གལ་མདོ།  །ཏན་ཏྲ་ཉི་མའི་འཁོར་ལོ་ཞེས་བྱ་བ། །གཤེན་རབ་སྟོན་པའི་སྐུ་ལ་ཕྱག་འཚལ་ལོ། །རེས་ཤིག་མཚོ་མུ་ལེ་ཏིང་འདུས་ཀྱི་འགྲམ། །གྲོང་ཁྱེར་རྒྱལ་བ་མཉེས་བྱེད་ཀྱི་དབུས། །ཤིང་ཨ་པར་ལྗོན་པའི་བསིལ།  །མཁར་ཟོ་བོ་ཁྱུང་རྩེ་ཞེས་བྱ་བ་ན།  །མཁས་པ་ཆེན་པོ་ད་མི་ཐད་གེ་ཞེས་བྱ་བ་བཞུགས་པ་ལ།  །གཤེན་མ་ངོར་པྲ་ཕུད་ཅེས་བྱ་བས།  །གཡུང་དྲུང་སེམས་ཀྱི་དོན་ཞུས་ཏེ། །དགེ་སྤྱོད་དང་དུ་བཞེས་ཤིང།  །གསང་སྤྱོད་མཐིལ་དུ་ཕབ་པས། །གྲུབ་པའི་མངའ་བསྙེམས་ཏེ།  །རེས་ཤིག་གཤེན་ལྷ་འོད་དཀར་གྱི་ཐུགས་ཉིད། །ཡི་གེ་ཨ་དཀར་པོ་ཞིག་ཐུགས་ཉིད་ལ་གསལ་བར་གྱུར་ཏེ། །སེམས་སྐྱེ་བ་མེད་པར་དོན་ཤེས།  །དེ་ནས་ཐུགས་རྗེ་བྱམས་མའི་སྙིང་པོ་མ་དམར་ལ་ཆགས་པ་ཞིག་གསལ་བར་གྱུར་ཏེ།  །སེམས་འགག་པ་མེད་པར་གསལ་ཐེབས་སོ།  །དེ་ནས་ཡི་གེ་ཨ་དང་མ་གཉིས་འོད་དཀར་དམར་གྱི་ཉག་ཐག་ཏུ་འཁྲིལ་ཏེ།  །ནམ་མཁའི་དབྱིངས་སུ་ཐིམ་པས།  །སྐྱེ་འགག་གཉིས་མེད་དུ་ལ་ཟློས།  །དེ་ནས་རྫུ་འཕྲུལ་གྱི་ཞབས་ཀྱིས། །འཛམ་བུའི་གླིང་དུས་སྐད་ཅིག་མའི་རྒྱུན་ལ་འཁོར་ཏེ་བལྟས་པས། །སེམས་ཅན་གྱིས་ལས་སྣ་ཚོགས་སུ་སྤྱོད་དེ། །ལ་ལས་ནི་ལུང་དུ་མ་བསྟན་པའི་དབང་གིས་འཚོ་བ་ལ་ཡེངས།  །ལ་ལས་ནི་མ་རྟོགས་པའི་དབང་གིས་འཁོར་བ་ན་འཁྱམས་ཤིང་སྒྱུ་མ་ལ་སྤྱོད། །ལ་ལས་ནི་ལོག་པར་རྟོག་པས་ལྟུང་པའི་གཡང་སར་ཕྱིན། །ལ་ལས་ནི་ཕྱོགས་ཙམ་རྟོགས་པས་ཆེ་བ་སྐྱེས་ཏེ་དོག་པའི་རུ་ཏྲས་གནས་ངན་ལེན།  །ལ་ལས་མཆོག་དམན་གྱི་ཤན་མ་ཕྱེད་དེ་འཆོལ་པར་སྤྱོད། །ལ་ལས་ནི་ལས་ཀྱི་བྱེ་བྲག་མ་ཕྱེད་དེ་མུན་ལ་ཕྱོགས་མདའ་འཕེན། །དེ་རྣམས་སྒྱུ་མར་ངེས་པས་གཞན་མཐོང་སྒྱུ་མར་ཤེས་པའི་དོན་བྱུང།  །

ཐབས་ཀྱི་ལམ་ཁྱད་པར་ཅན་སྤང་བསྒྱུར་གྲོལ་གསུམ། །རང་ངོ་གསལ་རྟོགས་ཀྱི་དོན་བྱུང་སྟེ། །སླར་གནས་སུ་བྱོན་ནས། །གཤེན་རབ་བཀའ་རྒྱུད་མདོ་ཡི་མངའ་བདག།  །མཁས་པ་ཆེན་པོ་སྟོང་རྒྱུང་མཐུ་ཆེན་ལ། །སེ་ཤ་རི་དབུ་ཆེན་དང་། མེ་ཉག་ནེ་རྒྱུང་མཁར་བུ་ཆུང་དང།  །རྟག་གཟིགས་ཟ་རང་མེ་འབར་དང།  །གེ་སར་ངམ་པ་ལྕེ་རིང་དང།  །སུམ་པ་ཁ་ཡམ་རླུང་ལྕེ་དང།   །རྒྱུང་ཡར་བླ་ཆེན་ཁོད་སྤུངས་དང།  །རྒྱ་གར་ལྷ་བདག་སྔགས་གྲོལ་ལས་སོགས་ཏེ། །ལོ་ཙཱ་བ་ཆེན་པོ་བདུན་དང། །གཞན་ཡང་དགེ་ལ་རབ་ཏུ་འདུན་པའི་གཤེན་རབ་རྣམས་དང།  །མཚུངས་གཅིག་བཞུགས་པའི་དུས་སུ།  །གཤེན་མ་ངོར་པྲ་ཕུད་ཅེས་བྱ་བ་དེས།  །དེ་རྣམས་ཀྱི་སྤྱན་སྔར་བཀའ་དང་ཚོགས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཏེ།  །གཤེན་དེ་རྣམས་ལ་པྲ་ཕུད་ཉིད་ཀྱིས། །གུ་ལང་གི་གསེར་ཕྱེ་ཟངས་ཀྱི་ཕྲོག་མ་གང་ཐུན་མོང་དུ་ཕུལ་ཏེ། གསོལ་བ། །ཀྱེ་རྒྱལ་བའི་གདུང་འཚོབ་གཤེན་རབ་འགྲོ་བའི་མགོན།  །བདག་ནི་བདག་གི་དོན་དུ་ཕྱོགས་ཙམ་དོན་མཐོང་ཡང།  །ཕྱི་མ་རྣམས་ལ་ཁྱབ་པའི་ཐར་རོ་ཆུང། །འགྲོ་བའི་དོན་དུ་དེ་རྒྱུད་མི་གཅོད་ཕྱིར། །ང་ཆེ་རུ་ཏྲས་བཅིངས་པའི་བདུད་རིགས་ཅན། །ཡང་དག་དོན་ལ་ངེས་པར་གཞུག་པའི་ཕྱིར། །གཤེན་རབ་ལུང་དང་མི་འགལ་དེ་བཞིན་བཀའ་བགྲོས་ལ།  །མན་ངག་དོན་ལ་ངེས་པའི་གལ་མདོ་ཞིག། །ཕྱི་རབས་དོན་དུ་བདག་ལ་བཀའ་སྩལ་འཚལ།  ཞེས་གསུངས་སོ།  །དེ་ལ་མཁས་པ་ཆེན་པོ་ཤ་རི་དབུ་ཆེན་གྱིས། །ཐུགས་རྗེས་སྤྲུལ་པའི་གཤེན་རྣམས་ལ་གསོལ་བ་བཏབ། །ལོ་ཙཱ་བ་ཆེ་དྲུག་བགྲོས་པའི་མདོ་བཟུང་སྟེ་གསོལ་བ། །མངའ་བསྙེམས་དོན་ལ་འབྱོངས་པའི་ཤ་རི་དབུ་ཆེན་བདག། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་ལྡན་ཏེ། །སྒྲ་དོན་ཕྱོགས་རེ་རྒྱལ་བ་རྣམས་ཀྱི་བཀའ།  །དད་མོས་སྟོབས་ཀྱིས་གཞན་གྱི་དགོངས་པ་བླངས། །བདེར་གཤེགས་ལུང་བཙན་མཁས་པ་རྣམས་ཀྱི་བཀའ། །གཙོ་བོ་ཀུན་བཟང་གཤེན་རབ་ཐེག་སྟོབས་ཀྱིས། །བྱིན་བརླབས་རྫུ་འཕྲུལ་ཐབས་ཀྱིས་བརྒྱུད་པ་འདི།  །དྲི་མེད་དོན་ལ་སྒྲོ་བསྐུར་སྤོང་བའི་ཕྱིར། །གཤེན་ཆེན་པྲ་ཕུད་དད་པའི་ཚོགས་ཆེན་དུ། །གཏན་ཚིགས་ངེས་པའི་གལ་མདོར་བདག་གིས་བཀོད། །མ་རྟོགས་ལོག་པར་རྟོག་པའི་མུན་སེལ་འདི། །གཅམ་བུ་འཕྱར་གཡེང་ངན་བླུན་སྤྱོད་ཡུལ་མིན། །གནས་རིགས་ལས་སྣང་དག་པའི་ལས་སྤྱོད་འདི། །གཞུང་བཞིན་སྤྱད་ན་ངེས་པའི་དོན་ལ་ཆིབ། །གཏན་ཚིགས་ངེས་པའི་གལ་མདོ་ལས། །ལོ་རྒྱུས་ཀྱི་ལེའུ་སྟེ་དང་པོའོ།།  །ཀུན་འབྱུང་རང་ལས་ཤར་བས་འཁོར་བའི་གཞི་རྩ་བྱས། །རང་གཞུང་ཉེས་པས་མ་རྟོགས་རིགས་དྲུག་རང་བཞིན་འཁོར། །བདག་འཛིན་ལོག་པར་རྟོག་པས་གེ་ཤན་ལམ་ནས་དམན།  །མཆོག་མཉམ་གཞན་ཕྱོགས་སྨོད་ན་སྒྲོ་བསྐུར་གཡང་སར་ལྟུང།  །འཁོར་འདས་མཚོན་ཚུལ་འདྲེས་ན་བདེན་གཉིས་འཆོལ་བར་འགྱུར། །ལས་ཀྱི་བྱེ་བྲག་མ་ཕྱེད་མི་གསུམ་གཅིག་ནས་འབོད།  །གཏན་ཚིགས་དོན་ལ་མ་གྲུབ་མུན་ལ་ཕྱོགས་མདའ་འཕེན། །སྣང་སྲིད་སྒྱུ་མར་མ་ཤེས་ཡེངས་ལ་ཚེ་ཟད་ལྟུང།   །ཚུལ་ཁྲིམས་ཐབས་ལམ་མ་གྲོལ་ཤེས་རབ་ཐབས་དང་བྲལ།  །ཕུང་པོ་དོན་ལ་མ་བསྡུས་སིལ་བུ་སྡོམ་ཐག་བཅད། །མཚན་ཉིད་བྱེ་བྲག་མ་ཕྱེད་ཐེ་ཚོམ་གཡང་སར་ཕྱིན།  །དགེ་སྤྱོད་དོན་ལ་མ་འབྱོར་སྤྲེལ་གྱི་བྱ་བྱེད་འདྲ།  །ཚུལ་ཁྲིམས་རྣམ་པར་མ་དག་རས་ལ་སྣུམ་ཞེན་འདྲ། །གསང་སྤྱོད་རོལ་པར་མ་ཤེས་སྨྱོན་པའི་བླ་བརྡོལ་འདྲ། །བསམ་གཏན་རང་སར་མ་མཉམ་བན་གླང་སྨིག་འདེད་འདྲ།  །ས་ཁམས་ལམ་འབྲས་མ་ཕྱེད་རྒྱུས་མེད་ལམ་བགྲོད་འདྲ།  །མཐའ་གཉིས་གཅིག་ཏུ་མ་གྲོལ་གཟུ་བོ་ཤག་འགྱེད་འདྲ། །གལ་མདོས་བྱེ་བྲག་མ་ཕྱེད་རྡོ་དང་ཆན་འདྲེས་འདྲ།  །སྒོ་མཐོང་དོན་མ་རྟོགས་པ་དགེ་དྲང་ཤེས་བྱས་དམན།  །བསྒྱུར་གནས་དོན་དུ་གྲོལ་པས་ཨ་ཡེ་ཁྱད་པར་མཆོག། །ངོ་བོ་མཚན་ཉིད་རྣམ་དབྱེ་གོ་རིམ་ལས། །མདོ་དོན་རྩ་བས་གྲངས་རིམ་ངེས་པའོ།།  །།དེ་གང་ཞེ་ན་ཀུན་གཞི་བྱང་ཆུབ་སེམས། །དྲན་སེམས་དགེ་སྡིག་གཞི་སྟེ་དེར་ལུང་བསྟན་པ་མེད། །ཀུན་འབྱུང་ཀུན་གཞི་རང་གི་མཚན་ཉིད་དང། །ཤེས་རིག་རྒྱལ་པོ་ཀུན་གཞི་བྱང་ཆུབ་སེམས། །མ་གཡོས་མ་བཅོས་སེམས་ལ་ལྷུན་གྱིས་གྲུབ། །ནམ་མཁའ་རིན་ཆེན་མར་མེ་མེ་ལོང་བཞིན། །དངོས་མིན་མཐུན་ཕྱོགས་འདྲ་བའི་ངོས་ནས་མཚོན། །དོན་དུ་ཤེས་རིག་སེམས་ཡིན་དེ་ལ་འདི་ཞེས་མེད། །ཀུན་སེམས་ནོར་ས་མུ་བཞི་སྲིད་པའི་རྩེ། །

སྲིད་པ་བར་དོ་ལས་སོགས་སྐྱོན་གྱིས་དབྱེན། །ད་ལྟའི་སེམས་འདི་མ་ནོར་ཅི་ཡང་མིན། །དྲན་པ་དྲན་མེད་དགེ་སྡིག་སྐྱོན་ཡོན་མིན། །རྐྱེན་གྱིས་ལྡོག་པས་ལྟ་རྒྱུ་གཞི་ལ་ཚང། །རྟོག་མེད་སྣ་ཚོགས་འཆར་བར་སྣང་བའོ། །དོན་དེ་དམན་རྣམས་མཆོག་ཏུ་གྱུར་ཞེ་ན། །དམན་ན་སྡུག་བསྔལ་རྒྱུ་སྟེ་རང་དབང་ཐོབ་མི་སྲིད། །མཆོག་ན་དེར་སངས་རྒྱས་པས་ཐབས་ཀྱིས་ཅི་ཞིག་བྱ། །མཆོག་དམན་གཉིས་ཀ་ཡིན་ན་ངེས་པའི་གཏན་ཚིགས་གང།   །གཞི་ཡིན་གཞི་མིན་ཀུན་གཞི་རྣམ་ཤེས་རྐྱེན། །མཆོག་དམན་གཉིས་ཡིན་རྐྱེན་གྱིས་ལྡོག་དང་དངོས།  །རྒྱུ་རྐྱེན་འབྲས་བུ་རྟག་ཆད་སྒྲོ་བསྐུར་མིན། །དེ་ལ་འདི་ཞེས་རྩོད་པར་ནུས་མ་ཡིན། །བོན་ཐམས་ཅད་ཀྱི་ཡང་སྙིང་གཏན་ཚིགས་ངེས་པའི་གལ་མདོ་ལས། །ཀུན་འབྱུང་གཞིའི་ལེའུ་སྟེ།  གཉིས་པའོ།།  །འཁོར་བའི་སྡུག་བསྔལ་སྒྱུ་མའི་རང་བཞིན་ཅན། །དེ་གང་ཞེ་ན་རིགས་དྲུག་རང་རྒྱུད་པའི། །བཞི་བརྒྱད་བཅུ་དྲུག་ཀུན་བརྟགས་ཀུན་ཉོན་མོངས།  །ལུས་སེམས་འབྲེལ་བ་ཀུན་ལ་ཁྱབ་པར་གནས། །བྱུང་ཁུངས་གཞི་ཡིན་ཅི་ལྟར་ཉེས་འབྱུང་ཞིང། །འདི་ལྟར་བྱུང་ཞེས་གཅིག་པའི་རྩོད་ཟློག་པ།  །གཞི་ལས་འབྱུང་ངམ་ལོག་གཅིག་གཞན་ནས་བྱུང།   གཞན་ལས་བྱུང་ན་སྐྱོན་ཡོན་སྤང་ཐོབ་གང།   །འབྲེལ་མེད་སྤང་ཐོབ་འབྱུང་བར་མི་རིགས་ཤིང།  །གཅིག་ན་གཞན་ལས་བྱུང་ཞེས་བརྗོད་པ་ལྡོག།  །སེམས་མིན་གཞི་ཞིག་སྟོན་པས་གསུངས་པ་མིན། །སེམས་ལས་བྱུང་ན་སྡུག་བསྔལ་རྒྱུན་དེ་ཡང།  ཡོད་མེད་གཉིས་མེད་ངེས་པར་གང་ལས་བྱུང།   །སེམས་ལ་ཡོད་ནས་བྱུང་ན་སྤོང་བསྡུད་ཉེས་པ་ཆེ།  །ཉེས་པ་གཞན་དབང་འཁོར་བ་མ་རྟོགས་ལོག། །སྣང་སྲིད་བོན་ཅན་བློ་ཡིས་བཏགས་པ་ཡི།  སེམས་གཞག་ཉེས་པ་སྤོང་ན་སེམས་འཁྲུལ་གཉིས་སམ་གཅིག། །གཅིག་ན་སེམས་སམ་འོན་ཏེ་སེམས་ལས་བྱུང།  སེམས་འཁྲུལ་བསྒྲུབ་བྱ་མེད་པས་ཐབས་ཀྱིས་ཅི་ཞིག་སྒྲུབ།  །སེམས་ལས་བྱུང་ན་འཁྲུལ་སེམས་གཅིག་གམ་གཞན།  །གཅིག་ན་སྤོང་བསྡུད་སྐྱོན་ཡོན་དེ་བཞིན་ཤེས།

སེམས་ལ་མེད་ཀྱང་བྱུང་ན་རྟ་དངོས་གླང་པོར་འགྱུར། །མ་རྟོགས་དུས་ན་འཁྲུལ་པར་ལྟར་སྣང་ན།  ཀུན་སེམས་ལྟར་སྣང་གཅིག་གམ་སོ་སོར་གཞན།  །རྟོགས་དུས་ན་གཅིག་མ་རྟོགས་ཐ་དད་ན། །རྟོགས་དང་མ་རྟོགས་གཉིས་དང་ཐ་དད་ཕྱིར། །མཐུན་དཔེ་འདྲ་དང་མི་འདྲ་གང་གིས་མཚོན།  །མི་འདྲས་མཚོན་ན་མུན་དཔེ་སྣང་བས་མཚོན།  །བོན་རྣམས་སེམས་ལ་སྣང་གཞི་གཅིག་ཕྱིར་རོ།  །འོ་ན་དོན་གྱི་ངེས་པ་གང་ཞེ་ན། །ཀུན་སེམས་འཁྲུལ་པར་སྣང་ཕྱིར་ལྟར་སྣང་འཁྲུལ་པས་སྐྱོན།  །འཁྲུལ་པ་རང་རྒྱུད་མིན་ཕྱིར་ཀུན་སེམས་འཁྲུལ་པས་དབེན། །ཀུན་སེམས་སྤྱི་གཞི་ཡིན་པས་གཉིས་མེད་གཅིག་ལས་བྱུང།  །ལྟ་རྒྱུ་གཞི་ལ་སྣང་བས་རྒྱུ་རྐྱེན་ལམ་ཁྱད་ཆེ། །རྒྱུ་ནི་བདག་དང་གཞན་གྱི་རྒྱུད་རྣམས་ལས།  མ་རིག་ལྷན་ཅིག་སྐྱེས་པས་རྒྱུ་བྱས་ནས། །རྐྱེན་ནི་ཡུལ་དང་བདག་པོ་རྣམ་གཉིས་ཀྱིས། །གཟུང་འཛིན་ཀུན་ཏུ་བརྟགས་པས་མཚུངས་པས་བསྡུས།  །དཔེ་ན་མུན་པ་ཟོ་ཆུ་ཤིང་རྟ་དང།  ཉི་ཟླ་མཚོན་དུག་བཙོན་ར་འདམ་རྫབ་འདྲ།  །མཚན་ཉིད་མི་རྟག་རྟག་ཏུ་རེ་ཞིང་འགྱུར། །ལས་ནི་སྡུག་བསྔལ་མཐའ་རྒྱས་ཀུན་ཉོན་མོངས། །སྐྱེ་བཞི་ལམ་ལྔ་རྒྱུ་དྲུག་འཁོར་བའོ།  །བོན་ཐམས་ཅད་ཀྱི་ཡང་སྙིང་གཏན་ཚིགས་ངེས་པའི་གལ་མདོ་ལས།  །འཁོར་བའི་ཉེས་སྐྱོན་བསྟན་པའི་ལེའུ་སྟེ།  གསུམ་པའོ།།   དེ་བཞིན་ཉིད་ཀྱི་དོན་ཟབ་མ་མ་རྟོགས་ཏེ།  །ལོག་པར་རྟོག་པས་ང་དང་བདག་ཏུ་འཛིན།  །འགའ་ཞིག་ཕྱོགས་ཙམ་གཤེན་རབ་དོན་རྟོགས་ཀྱང།  །རུ་ངའི་འཛིན་པས་དེ་བཞིན་ཉིད་མ་རྟོགས།  །ལོག་པར་རྟོག་པའི་སྟོབས་ཅན་ཁ་ཅིག་ནི།  །སྡིག་པ་ཅི་བྱས་བདག་གི་འདོད་གྲོགས་ཟེར།  །དགེ་བ་ཅན་ལ་ལོག་པར་བར་ཆོད་བྱེད།  །འགྲོ་བ་ཡོངས་ལ་སྡང་པས་ཧུར་པ་བྱེད།  །འགའ་ཞིག་ལུང་དུ་བསྟན་ནས་དགེ་སྤྱོད་ཀྱང།  །སྟོབས་ཅན་དེ་ལ་མོས་ཤིང་རབ་ཏུ་འདུད།  །ལོག་པ་འགའ་ཞིག་མཐར་འཛིན་བདུད་རིགས་ཅན།  །ང་དང་བདག་ཏུ་འཛིན་པའི་ལོག་རྟོག་གིས།  །འགའ་ཞིག་རྟག་པར་བཟུང་ནས་འཆི་འཕོ་བརྫུན་ཡིན་ཏེ།  །འདི་ནས་འདི་བཞག་འདི་ཉིད་ལེན་ངེས་ཟེར། །འགའ་ཞིག་ཆད་པར་བཟུང་ནས་སྔ་ཕྱི་བརྫུན་ཡིན་ཏེ། ད་ལྟའི་འདི་རྐྱེན་བྱེད་པའི་རྒྱུ་མེད་ཟེར། འགའ་ཞིག་བདེ་བར་བཟུང་ནས་སྡུག་བསྔལ་བརྫུན་ཡིན་ཏེ། །འདི་རུ་དགའ་བདེ་གྲུབ་ན་ཕྱི་མར་བཅོས་སུ་མེད།  །མི་རྟག་འགྱུར་ཟེར་སྡུག་བསྔལ་སྤོང་འདོད་ཅིང། འགྱུར་མེད་དོན་སྒྲུབ་ཟེར་ཀྱིན་རྟག་ལ་གལ་པོ་རྩོད།  །སྟོང་ཉིད་ངེས་པས་འཛིན་ཅིང་ཆད་ལ་གལ་པོར་སྨྲ།  །

བདག་འཛིན་ཕྱོགས་མེད་ཟེར་གྱིན་གཞན་ལ་གེ་ཤན་ཞེས།  །དོན་མེད་དོན་དུ་གཉེར་བའི་གཤེེན་རབ་ལོག་སྤྱོད་ཀུན།  །བཅོལ་མེད་གཞའ་ཚོོན་འཛིན་འདྲ་གཅམ་བུ་ལག་སྟོང་ཟེར།  །རྟག་བདེ་བདག་ལ་ཡོད་པས་གང་ཟག་དམན་པའི་བདག།  །སྡུག་བསྔལ་མི་རྟག་མ་ཡིན་སྟོང་པ་བདག་མེད་མིན།  །ཕུང་པོ་རྒྱུ་ལ་བློ་ཡིས་མ་ཕྱེ་ཞེན།  །ལོག་ཅན་དེ་ནི་ཚར་གཅོད་སུན་དབྱུང་རིགས།  །སེམས་མིན་ལྔ་བཅུ་རྩ་གཅིག་སུམ་བརྒྱ་དྲུག་ཅུ་སོགས།  །ལོག་སྤྱོད་སྣ་ཚོགས་ལྟ་ཡང་དོན་དུ་མཐའ་གཉིས་སྒྲུབ།  །གཙོ་བོ་དེ་བདག་རྟག་ཅེས་སྨྲ་བའི་ལོག་པ་དེ།  །གང་གིས་དོན་བྱེད་མི་ནུས་ནུས་ན་རྟག་པར་འགྱུར།  །དབྱིབས་དང་ཁ་དོག་འདོད་པས་བཙལ་བས་མ་རྙེད་བརྫུན།  །གཙོ་འཁོར་བློ་དང་ཡོན་ཏན་བྱ་བ་བྱེད་པ་ཡང།  །རྟག་འགྱུར་དོན་ཀུན་བྱེད་པའི་འབྲེལ་པས་དམན། །སྐད་ཅིག་ཤེས་པའི་རྒྱུན་ལ་འགག་འགྱུར་འདིར་སྣང་བས།  དེ་ལ་རྟག་ཟེར་ལོག་པས་མཆོག་མ་ཡིན།  །རྒྱུ་འབྲས་མེད་ཅེས་ཆད་སྨྲ་ལོག་པ་དེ། །རྐྱེན་གྱི་སྟོབས་ཀྱིས་འདི་ལྟར་གྲུབ་ཅེ་ན།  །གྲམ་གསག་བཙོས་པས་ཤ་ཚིལ་ཞག་འབྱུང་འགྱུར།  །དེ་མི་འབྱུང་ན་དེ་བཞིན་དེ་མི་འབྱུང།  །གང་ཞིག་ཤིང་ལས་མེ་འབྱུང་མེ་རྒྱུ་ཤིང་ཡིན་ལ།  །ལི་མུ་རྐྱེན་གྱིས་བསྡུས་པས་མེར་གྲུབ་འབར། །རྒྱུ་རྐྱེན་འབྲས་བུ་རྟེན་འབྲེལ་ཀུན་ལ་ཡོད། །སེམས་ལ་རྒྱུ་རྐྱེན་སྔ་ཕྱི་མེད་ཅེ་ན།  །སྔ་ཕྱི་ཤེས་པའི་རྒྱུ་རྐྱེན་འགྱུར་བ་འདི།   །གཉིད་ལོག་དུས་ན་བག་ཆགས་དེ་གསལ་བཞིན།  །འདི་བསྐྱེད་སྔར་རྒྱུ་ཡོད་པས་བུ་གཞོན་སྲེད་འདོད་འབྲེང།  །ཕྱི་མ་འདི་ཡིས་བསྐྱེད་པས་དེ་བཞིན་བག་ཆགས་འཁྲིད།  །སྡིག་བྱས་གྲོགས་སུ་འཕེལ་ན་འདིར་ཡང་ལན་དོས་བརྫུན།   སྟོང་པ་བདག་མེད་རང་རིག་ཡེ་ཤེས་སེམས།  །ངོ་བོ་སྟོང་པས་རྟག་པའི་མཐའ་དང་བྲལ།  །རྣམ་པ་གསལ་བས་ཆད་པའི་མཐའ་དང་བྲལ།  རང་བཞིན་སྣང་བས་རྟག་ཆད་གཉིས་དང་བྲལ།  །རྡུལ་ཕྲན་མི་སྣང་ངོ་བོ་སྟོང་པས་ཏེ།  །དོན་དམ་ཆེན་པོ་ངོ་བོ་བོན་གྱི་སྐུ།  །བྱེ་བྲག་སིལ་བུ་རྣམ་པར་གསལ་བ་སྟེ།  འཕྲ་མོས་མཐུ་སྡོམ་ཕྱོགས་ཆ་གཟུགས་དབྱིབས་དེ།  རང་བཞིན་སྣང་བས་ལོངས་སྤྱོད་རྫོགས་པའི་སྐུ། །བྱེ་བྲག་སིལ་བུ་རྣམ་པ་གསལ་བ་དེ།  །རྣམ་གྲངས་དུ་མ་ཅིར་ཡང་སྤྲུལ་པའི་སྐུ།  །ངོ་བོ་རང་བཞིན་སྣང་སྟོང་གཉིས་སུ་མེད།  །རྣམ་པའི་བྱེ་བྲག་ལྡོག་པའི་ཐ་དད་ཡིན།  །སྟོང་པར་ཕྱོགས་མ་ལྷུང་བས་ཆད་པའི་ཐ་སྙད་མེད།  །ཡོད་པའི་མཐར་མ་བཟུང་པས་རྟག་པའི་སྒྲོ་བསྐུར་མེད། །རྟག་ཆད་རྩེ་གཉིས་མི་རྟོག་དབུ་མ་བདེ་བའི་མཆོག།  །

གཤེན་རབ་ཕྱོགས་རིས་མི་འཛིན་བདུད་ཀྱི་ལོག་རྟོག་ཟློག།  དོན་དམ་གཤེན་རབ་ལམ་ལ་འདི་ཞེས་རང་བཞིན་མེད། །བོན་ཐམས་ཅད་ཀྱི་ཡང་སྙིང།  གཏན་ཚིགས་ངེས་པའི་གལ་མདོ་ལས།  ལོག་རྟོག་ལ་སྙིང་པོ་མེད་པར་བསྟན་པའི་ལེའུ་སྟེ།  །བཞི་པའོ།།  །བདག་འཛིན་རུ་ཏྲས་ངེས་པའི་དོན་མི་མཐོང།  །ངེས་པའི་དོན་ལ་མཐའ་ཡི་སྐྱོན་མེད་དེ།  །དོག་པའི་རུ་ཏྲས་བདག་དང་གཞན་བཟུང་ནས།  །དོན་གཅིག་མཉམ་གཉིས་དྲི་མེད་དྲི་བསྒོ་བ།  །མཚེ་མས་ཡ་བོ་རིགས་ཀྱིས་སྨོད་དང་འདྲ།  །མཉམ་ཉིད་ཚད་མས་བདག་འཛིན་ཚར་གཅོད་ཕྱིར།  །མཐའ་ཡི་སྐྱོན་སྤངས་དོན་ལ་དབུ་མར་ཆིབ།  །གཡུང་དྲུང་གནས་བཞི་མོས་འདུན་སྐྱབས་ཡུལ་མཆོག།  །འཇིག་རྟེན་དབང་ཕྱུག་མོས་འདུན་སྐྱབས་ཡུལ་མིན།  །ཐ་དད་དྲང་ཕྱིར་ཐེག་སྒོ་སོ་སོ་ཀུན།  །གཤེན་རབ་མ་ཡིན་ངེས་དོན་སྟོན་པ་མེད།  །ངོ་བོ་གཅིག་ལས་སྤྲུལ་པའི་སྟོན་པ་ཡང།  ཐ་དད་ལྟར་སྣང་སྐད་འགྱུར་ཐབས་ཀྱིས་དབེན། །སྐྱེ་གནས་སོ་སོར་སྔ་ཕྱི་སྤྲུལ་པའི་ཁྱད།  །ལྟ་བ་དབུ་མ་གཤེན་རབ་སངས་རྒྱས་ལམ།  །རྟག་ཆད་ལྟ་ལོག་མང་སྨོ་གེ་ཤན་ལས།  །སྤྱོད་པ་ལས་སྤྱོད་བཅུ་སོགས་གཤེན་རབ་ལས།  །འབྲས་བུ་བདག་གཞན་མཆོག་ཐུན་སངས་རྒྱས་ས། དེ་ལས་ལོག་པས་གེ་ཤན་མཐའ་རུ་ལྟུང།  །རྒྱ་ཆུང་དད་ཆེ་དེ་ཡིས་ཡིད་འཁྲུག་བྱེད།  །སྲིད་པའི་བུ་བཞི་གཡུང་དྲུང་བོན་དུ་ངེས། །གདུལ་བྱ་ཐ་དད་འདུལ་བྱེད་དེ་བཞིན་བསྟན།  །ངོ་བོ་གཅིག་ལ་སྐྱོན་ཡོན་སྒྲོ་འདོགས་བླུན།  །བསྒྲུབ་ཡུལ་མཚོན་བྱ་བརྡ་དོན་མཆོག་ཀུན་གཅིག།  ལྷ་སྐུ་རིགས་སྟོབས་ཡེ་ཤེས་ལམ་མཆོག་མཐུན། །དོན་གཅིག་བརྡ་མི་མཐུན་པས་གཞན་དམན་ན།  །སྐད་གཉིས་ལོ་ཙཱས་དགོས་པ་ཅི་ཞིག་བྱ།  །གཞན་སྨད་སྐྱོན་དེས་རང་གི་འབྲས་བུ་འཚིག།  །ཁ་ནས་མེ་འབར་ཁོང་ནས་ཁྲག་སྐྱུག་འགྱུར།  །སྒྲ་འགྱུར་སོ་སོས་དོན་ཀྱང་ཐ་དད་ན།  ངེས་མེད་མིང་མང་དོན་ལ་ཅི་ལྟར་གཅིག།  སྐུ་གསུམ་རྟེན་གསུམ་མཆོད་གནས་མཆོག་ཀུན་གཅིག།  དེ་ལས་ལྡོག་པའི་མཆོད་གནས་སྐྱོན་གྱིས་དབེན།  །གཅིག་སྤྲུལ་བསྟན་སྟོན་སོ་སོར་ལྟར་སྣང་ཀུན།  །སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་དོན་ལ་གཅིག།  །གདུལ་ཞིང་བྱེ་བྲག་ལྟར་སྣང་ཐ་དད་ལ།  །གང་ལ་ཅིས་འདུལ་དེ་ལ་དེས་སྟོན་བྱེད།  །བྱུང་ཚུལ་ལོ་རྒྱུས་ཐ་དད་སྐྱོན་ཡིན་ན།  །རྒྱུ་འབྲས་ཐ་དད་ཐེག་སྒོའི་སྟོན་པ་རྣམས།  །སོ་སོར་སྣང་ཕྱིར་གང་ལ་ངེས་པར་འཛིན།  །མིང་གི་ལྡོག་པས་ཐེག་སྒོ་ཐ་དད་ཀྱང།  །དོན་ངོར་གཅིག་པ་རྟ་དང་གོར་བུ་འདྲ།  །བོན་ལས་བོན་བྱུང་དོན་ལ་ཐ་དད་མེད།  །དེ་ལྟར་མིན་ཞེས་མཐའ་དབུས་སྐད་དང་མཚུངས།  །ལྟ་བ་སྤྲོས་མེད་མཐའ་དང་བྲལ་བ་ལ།  །རྟག་ཆད་ཕྱོགས་རིས་སྐྱོན་གྱི་དྲི་མ་མེད།  །སྤྱོད་པ་ཆ་ལུགས་བསྐོར་ཕྱག་ཐ་དད་ཀུན།  །ཕྱག་དང་བསྐོར་བ་བདག་མཆོག་གཞུང་ཀུན་གཅིག།  །ལས་སྤྱོད་དགེ་སྤྱོད་ལོག་པའི་སྤྱོད་པས་དབེན། །སྒྲ་མཐུན་གཅིག་དང་མི་མཐུན་སྐྱོན་ཡོད་མིན། །སྤྱི་སྐྱོན་སྒོ་ལ་བརྗོད་ན་རང་སྐྱོན་མངོན་དུ་འབྱིན། །ཐེག་པ་ཕྱི་ནང་རྫས་འབྲེལ་སྤོང་སྒྲུབ་པ།  །འདི་བདེན་མ་ངེས་བློ་སྟོབས་ཐ་དད་ཡིན། །འབྲས་བུ་བདག་གཞན་མཆོག་དང་ཐུན་མོང་ཡང།  །གཅིག་བཀག་སོ་སོར་ཐ་དད་མ་ཡིན་ཏེ། །དངོས་པོ་གཅིག་ལ་ཡུལ་རྐྱེན་ཐ་དད་ཡིན།  །ཉེས་པའི་སྐྱོན་བྱང་གྲུབ་རྟགས་ཡོན་ཏན་ཀྱང།  །འབྲས་དཀར་བཏབ་པས་ཏིལ་དཀར་མི་འབྱུང་བཞིན།  །

གང་བསྒྲུབས་དེ་ཡི་རྟགས་འབྱུང་གཞན་རྟགས་མིན།  །སྔར་འདས་གྲུབ་ཐོབ་ལོ་རྒྱུས་བརྫུན་ཞེ་ན། །ཁྱོད་ཀྱང་སྔར་གྱི་ལོ་རྒྱུས་རྟག་ཟློས་བརྫུན། །རང་ཆེན་རུ་ངས་བོན་གྱིས་བོན་སྨོད་པ།  །རང་མཚོན་ཕར་རྒྱབ་ལོག་ནས་རང་བསད་འདྲ།  །འཁྲུལ་བློས་བརྟགས་ན་སྐྱོན་ཡོན་གོ་ལྡོག་འགྱུར། །རང་སྐྱོན་རྐྱེན་གྱིས་གཞན་ཡོན་སྐྱོན་དུ་མཐོང།  །མཁྲིས་ནད་ཅན་གྱིས་དུང་ལ་སེར་མཐོང་འདྲ།  །རྒྱལ་བའི་སྐུ་ལ་བདུད་ཀྱིས་སྐྱོན་ཚོགས་མཐོང།  །དེ་བཞིན་ལོག་རྟོག་སྐྱོན་ལ་ཡོན་ཏན་མཐོང།  །དོན་ལ་གང་ཡང་སྨད་པར་སྟོན་པས་གསུངས་པ་མེད།  །ཁ་ཅིག་ཐེག་པ་གོང་བདེན་འོག་བརྫུན་ཟེར།  །རྒྱུ་ལས་འབྲས་བཤད་རྒྱུའི་བདེན་པ་བདེན། །འབྲས་བུའི་ནང་ནས་རྒྱུ་བཤད་དེ་བཞིན་ཤེས། མདོར་ན་གང་ཞུགས་དོན་ལ་བརྩོན་གྱིན་འགྲུས་ན་འགྲུབ།  །གསང་སྒོ་འཆོལ་བར་བཤད་ན་ཉེས་པའི་སྐྱོན།  །དངོས་མིན་ཆ་མཐུན་བརྟག་ན་ཞར་བྱུང་གེ་ཤན་མང།  །སྐྱོན་ཡོན་མ་མཐོང་སྨོད་བསྟོད་མུར་ཟང་རྩོད་པར་ལྟུང།  །མཆོག་ཏུ་མཐོང་ཡང་རུ་ཏྲས་གཞན་སྨོད་པ། ཉེས་པ་དེ་ཡིས་ངན་སོང་གནས་སུ་འཕུལ།  གཞན་གཞུང་ལེགས་བསྟོད་རང་གཞུང་གཙོར་ལེན་པ།  ཚུལ་ཐབས་དེ་ཡིས་མཐོ་རིས་བདེ་ཆེན་ཐོབ།  །གང་ཟག་བདུད་ཀྱིས་བསླུས་རྣམས་སྨད་ཀྱང་ཆོག།   །ཅེས་བྱ་སྟེ།  །བོན་ཐམས་ཅད་ཀྱི་ཡང་སྙིང།  །གཏན་ཚིགས་ངེས་པའི་གལ་མདོ་ལས།  མཆོག་ལ་སྒྲོ་བསྐུར་སྤོང་བའི་ལེའུ་སྟེ།  ལྔ་པའོ།།  །ཁམས་གསུམ་འཁོར་བའི་ལུས་བླངས་སྒྱུ་མའི་དངོས།  །སྒྱུ་མས་སྒྱུ་མ་སླུ་ཡིས་སྒྱུ་མའི་རང་བཞིན་རྟོགས།  སྙིང་པོ་མེད་པའི་གསོགས་ཆེན་ཡ་མ་རླ།  །རྨི་ལམ་བག་ཆགས་རྒྱུན་གཡེང་རང་བཞིན་ཅན། །མུ་གེ་མེ་ཡིས་འཇིག་པ་མར་ལ་ཉི་ཤར་འདྲ།  མཚོན་དང་རླུང་གིས་འཇིག་པ་ག་པུར་རྫིས་བསྐྱོད་འདྲ།  །ནད་དང་ཆུ་ཡིས་འཇིག་པ་ལན་ཚྭ་རླན་ཤོར་འདྲ།  །དེ་བཞིན་བསྐལ་པས་སྣོད་བཅུད་དུས་ཀྱིས་འགྱུར།  །དུས་གསུམ་དུས་བཞི་བསྐལ་པ་བཞི་ཡིས་འགྱུར།  །སྔ་ཕྱི་ལུས་འབྱུང་སྐྱེ་རྒས་ན་འཆིས་འགྱུར། །བར་དོ་མངལ་ལུས་ལང་ཚོ་དུས་ཀྱིས་འགྱུར། །གསང་བ་སྐད་ཅིག་སེམས་ཀྱི་རྒྱུན་ལས་འགྱུར། །མཚན་ཉིད་གཟུང་འཛིན་མི་རྟག་ལས་ཀྱིས་འགྱུར། །རྣམ་སྤྲུལ་སོ་སོའི་དོན་གྱིས་དབེན། །སྒྱུ་མའི་ཕུང་པོ་འདི་ལ་ངེས་པར་འཛིན་པ་བླུན།  །སྟོང་གསུམ་སྒྱུ་མར་ཤེས་པས་སྲིད་གསུམ་བོན་གྱི་དབྱིངས། །ཁམས་གསུམ་སྒྱུ་མར་ཤེས་པས་འགྲོ་དྲུག་རྒྱལ་བའི་སྐུ།  །རང་ལུས་སྒྱུ་མར་ཤེས་པས་བྱི་དོར་བྱ་བཙལ་མེད།  །སེམས་རྒྱུན་སྒྱུ་མར་ཤེས་པས་རྣམ་རྟོག་ཆགས་འཁོར་མེད།  །དུས་གསུམ་སྒྱུ་མར་ཤེས་པས་ཐོག་མཐའི་དུས་དང་བྲལ། །སྐྱོན་ཡོན་སྒྱུ་མར་ཤེས་པས་བླང་དོར་གཉིས་མི་སྤྱོད། །ཕུང་པོ་སྒྱུ་མར་ཤེས་པས་ཟག་མེད་ཤེས་རབ་ཐོབ།  །དགྲ་ཚོགས་སྒྱུ་མར་ཤེས་པས་བཟོད་པ་ཤུགས་ལས་འབྱུང།  །བུ་གཉེན་སྒྱུ་མར་ཤེས་པས་ཆགས་མེད་ཤུགས་ལས་འབྱུང།  །ཟས་ནོར་སྒྱུ་མར་ཤེས་པས་སྦྱིན་པ་ཤུགས་ལས་འབྱུང།  །

གཉིས་འཛིན་སྒྱུ་མར་ཤེས་པས་མཉམ་ཉིད་ཤུགས་ལས་འབྱུང།  །ཐམས་ཅད་སྒྱུ་མར་ཤེས་པས་འཁོར་བའི་འཕྲེང་ཐག་ཆོད།  །ཀུན་གཞི་དོན་དུ་མཐོང་པས་ངོ་བོ་ཡེ་སངས་རྒྱས། །ལམ་ལ་བྱུང་ཚོར་མེད་པས་རྣམ་རྟོག་ངང་སངས་རྒྱས།  །འབྲས་བུ་སྤང་ཐོབ་མེད་པས་རྣམ་པ་གསལ་སངས་རྒྱས། །གཞི་ལམ་འབྲས་བུར་རྫོགས་པས་ཐིག་ལེ་གཅིག་སངས་རྒྱས།  ཞེས་བྱ་སྟེ།  བོན་ཐམས་ཅད་ཀྱི་ཡང་སྙིང།   །གཏན་ཚིགས་ངེས་པའི་གལ་མདོ་ལས།  །སྒྱུ་མ་དོན་ལ་བསྡུས་པའི་ལེའུ་སྟེ་དྲུག་པའོ།།  །འབྱུང་དུག་འདུས་པ་སྐྱོན་གྱི་ཕུང་པོ་ཡང།  །གནས་སུ་གྲོལ་བས་ཡོན་ཏན་ཕུང་པོར་འགྱུར།  །རྒྱུ་འབྲས་རིག་བྱེད་མ་ཡིན་ཕུང་པོ་ཡང། །ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུར་དེ་དག་པས། །སྐུ་མཆོག་ཟག་མེད་ཤེས་རབ་ཕུང་པོ་ཐོབ།  །བདེ་སྡུག་གཉིས་མེད་ཚོར་བའི་ཕུང་པོ་ཡང།  །འབྱུང་ཏིང་ངང་དུ་གདོས་པ་དེ་དག་པས།  ཐུགས་མཆོག་ཟག་མེད་ཤེས་རབ་ཕུང་པོ་ཐོབ།  །རྒྱ་ཆེ་རྒྱ་ཆུང་ཚད་མེད་འདུ་ཤེས་ཀྱང།  །གཟུང་འཛིན་ཀུན་བཏགས་བརྗོད་མེད་ཤེས་རབ་ཏུ། །གསུང་མཆོག་ཟག་མེད་ཤེས་རབ་ཕུང་པོ་ཐོབ།  །སེམས་ལྡན་མི་ལྡན་ཆ་མཐུན་འདུ་བྱེད་ཀྱང།  རྣམ་ཤེས་ཐིག་ལེ་བརྒྱད་དུ་རྣམ་གྲོལ་བས།  །ལེགས་ལྡན་ཟག་མེད་ཤེས་རབ་ཕུང་པོ་ཐོབ། །ཞུགས་འཇུག་ལྡོག་པའི་རྣམ་ཤེས་ཕུང་པོ་ཡང།  །རྣམ་གྲོལ་ཡེ་ཤེས་མངོན་ཤེས་རྩལ་རྫོགས་པས།  །མ་བཙལ་ལྷུན་རྫོགས་ཟག་མེད་ཕུང་པོ་ཐོབ།  །དེ་བཞིན་རྟེན་འབྲེལ་ངེས་པར་ངོ་ཤེས་པས།  བ་གའི་ཀློང་དུ་ཐིག་ལེ་འོད་རྫོགས་ན།  །གཡུང་དྲུང་རྒྱུན་རྣམས་ཟག་མེད་ཕུང་པོ་ཐོབ། །ཡོན་ཏན་ཀུན་རྫོགས་ཉེས་པའི་སྐྱོན་དང་བྲལ།  ཞེས་བྱ་སྟེ།  །བོན་ཐམས་ཅད་ཀྱི་ཡང་སྙིང།   །གཏན་ཚིགས་ངེས་པའི་གལ་མདོ་ལས།  །ཕུང་པོ་དོན་ལ་ངེས་པའི་ལེའུ་སྟེ།  བདུན་པའོ།།  །བདེན་གཉིས་དབྱེ་བ་མདོ་རྒྱས་གོ་རིམ་བཞིན།  །ཀུན་རྫོབ་དངོས་བདེན་དོན་དམ་དངོས་མེད་བདེན།  །སྒྱུ་མ་མཁན་དང་དེ་བསྒྲིབས་མ་བསྒྲིབས་ལྟར། །ཀུན་རྫོབ་འཁྲུལ་པ་དོན་དམ་བླང་སྤང་གྲོལ།  །དེ་ལས་གྱེས་པ་བཅུ་གསུམ་ཉི་ཤུ་དྲུག།  །འཇིག་རྟེན་བསྐལ་པས་གཞན་དབང་འཇིག་ལ་བརྟེན།  །དེ་ལས་འདས་པས་རང་དབང་བསྐལ་པས་དབེན། །དེ་འཁོར་ཟོ་ཆུ་ཤིང་རྟ་ཆུ་ཉིད་འདྲ།  །དེ་འདས་འཁོར་མེད་སྤྲུལ་པ་ཅི་ཡང་སྟོན། །འཁོར་བ་མི་རྟག་སྡུག་བསྔལ་ཀུན་ཉོན་མོངས།  །དངོས་མེད་རྣམ་བྱང་བདེ་ཆེན་ལྷུན་ལ་རྫོགས།  །ཉོན་མོངས་སེམས་ཅན་ལུས་དང་བག་ཆགས་འབྲེལ། །མ་ཆགས་སྐྱོན་མེད་རྒྱུ་ལས་གྲུབ་སངས་རྒྱས།  །རྒྱུ་རྐྱེན་མཆོག་དམན་མ་རིག་རྨོངས་པས་བླུན།  །རྨོངས་མེད་ཡུལ་འདས་ཡེ་ཤེས་རིག་པ་གསལ། །སྒྲིབ་བྱེད་ཀུན་དམན་འོད་གསལ་དམ་པའི་མཆོག།  །མི་སླུ་རྒྱལ་བས་གསུངས་བཀའ་བློས་བཏགས་རྟེན།  །མཆོག་དམན་རྟོགས་འཁྲུལ་སྤྱི་དང་བྱེ་བྲག་ཀྱང།  །དོན་གཅིག་མིང་ངམ་སྐབས་ཀྱིས་ཐ་དད་འགྱུར། །སྤྱི་ཡིས་ཀུན་ཁྱབ་རང་གིས་སྤྱི་ལ་མིན།  །མངོན་སུམ་དངོས་གསལ་རྗེས་དཔག་འབྲས་བུས་སྒྲུབ།  །སེམས་ཅན་དྲན་པས་སེམས་གཅིག་རྐྱེན་གྱིས་ཐ་དད་འགྱུར། །སྒྲིབ་གཉིས་མ་རིག་ཆེས་བསྐྱེད་ལམ་གནས་འགྲིབ།  །རྫོགས་སྤྲུལ་སྟོན་པས་དེའི་ལམ་གེགས་བསལ།  ཞེས་བྱ་སྟེ།  །བོན་ཐམས་ཅད་ཀྱི་ཡང་སྙིང།  །གཏན་ཚིགས་ངེས་པའི་གལ་མདོ་ལས།  འཁོར་འདས་མཚོན་ཚུལ་དབྱེ་བའི་ལེའུ་སྟེ།  བརྒྱད་པའོ།།  །

དོན་གསུམ་མི་ནོར་དབྱིངས་འབྱིན་ངོ་སྤྲད་པ།  །དྲིས་ལན་ཚུལ་གྱིས་གསུམ་གསུམ་གོ་རིམ་བཞིན། ཀུན་གཞི་ལམ་དང་འབྲས་བུ་གསུམ།  །བལ་དང་ཚུར་བཙོས་བཙོས་སྣམ་འདྲ།  །རྒྱུད་དང་ལུང་དང་མན་ངག་གསུམ།  །རྗེ་དང་བློན་པོ་འབངས་དང་འདྲ།  །ལྟ་བ་སྤྱོད་པ་སྒོམ་པ་གསུམ།  །རིན་ཆེན་སྣ་ཚོགས་དགོས་འདོད་འདྲ།  །དབྱིངས་དང་ཀློང་དང་ཤེས་རབ་གསུམ།  །རྒྱ་མཚོ་བར་སྣང་ནམ་མཁའ་འདྲ།  །ཡེ་ཤེས་མཁའ་དང་ཐབས་དང་གསུམ།  །མཐོང་རྫས་མར་མེ་འཕྲུལ་འཁོར་འདྲ།  སྐྱོན་བྱང་གདེངས་ལྡན་མངའ་བསྙེམས་གསུམ།  །ས་གསེར་ཁྱུང་ཆེན་སེང་གེ་འདྲ། །རྩ་དང་སྲོག་རྒྱུན་བྱང་སེམས་གསུམ། །ལམ་དང་རྟ་དང་སྐྱེས་བུ་འདྲ།  །བོན་སྐུ་རྫོགས་སྐུ་སྤྲུལ་སྐུ་གསུམ།  །ནམ་མཁའ་ཉི་ཟླ་གཞའ་ཚོན་འདྲ།  །དབུ་མ་མཐའ་བྲལ་མཉམ་ཉིད་གསུམ།  །གྲུ་པ་སྒྲོལ་བྱེད་མཉན་པ་འདྲ།  དགེ་བཅུ་དགེ་སྤྱོད་ལས་སྤྱོད་གསུམ། །རྒྱལ་པོ་རྒྱལ་སྤྱོད་རྒྱལ་སྲིད་འདྲ།  རིགས་དྲུག་ལམ་ལྔ་སྐྱེ་བ་བཞི།  །རྣམ་བརྒྱད་མདོག་ལྔ་འབྱུང་བཞི་འདྲ།  །མིང་དང་མིང་ཅན་འབྲེལ་བ་གསུམ། །རྡོ་དང་ཤིང་ཆུས་དོན་བྱེད་འདྲ།  །རྒྱུ་དང་རྐྱེན་དང་འབྲས་བུ་གསུམ།  །ས་བོན་དུས་རྐྱེན་མྱུ་གུ་འདྲ།  །བྱས་དང་རྩོལ་བྱུང་འགྱུར་བ་གསུམ།  །རྟ་དང་གོར་བུ་ཆིབས་པ་འདྲ།  །འགལ་དང་ཡང་དག་མ་ངེས་གསུམ།  །མེ་ཆུ་ཤེལ་དཀར་རླངས་དུད་འདྲ།  རང་འབྱུང་རྒྱུ་མཐུན་བྱེད་བྱས་གསུམ།  པད་མདོག་དྲོད་གཤེར་བདག་རྐྱེན་ཡིན།  ཤེས་པ་དབང་པོ་ཡུལ་དང་གསུམ། །མི་རྗེ་བྲན་པོ་རྫས་ནོར་འདྲ། །ཀུན་བཏགས་གཞན་དབང་རང་དབང་གསུམ།  །མེ་ལོང་མི་རྗེ་ནམ་མཁའ་འདྲ།  །མཚོན་བྱ་མཚོན་བྱེད་མཚན་ཉིད་གསུམ།  །རྣོ་ངར་རལ་གྲི་གཅོད་ཆོད་འདྲ།  །གཞན་གྲུབ་རང་ཡལ་མ་ཡིན་གསུམ།  །ཆུ་འདོད་མེ་བྱིན་ཤིང་སྐྱེས་འདྲ།  །རྣམ་བཅད་ཡོངས་གཅོད་གཏན་ཚིགས་གསུམ།  །མཁར་དང་ཡུལ་དང་རྒྱུས་ཅན་འདྲ།  །དོན་རྟོགས་རྗེས་དཔག་རིགས་ཤེས་གསུམ།  །ཉི་ཤར་བྲག་ཆ་ཉི་རྩེ་འདྲ། །བདག་དང་བུམ་པ་རྡུལ་ཚོན་གསུམ།  །བྱ་གཅིག་ཤིང་གསུམ་ཁ་འགྲིམས་འདྲ།  །སྔགས་དང་སྙིང་པོ་འཛབ་དང་གསུམ།  །སྐོས་འདེབས་དམིགས་འདྲེན་གྲངས་གཅོད་འདྲ།  །ཀུན་གཞི་རྣམ་ཤེས་ཉོན་མོངས་ཡིད།  །ནམ་མཁའ་སྤྲིན་དང་རླུང་འཚུབས་འདྲ།  །བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ།  །ས་གཞི་བར་སྣང་ནམ་མཁའ་འདྲ།  །བསྙེན་པ་སྒྲུབ་པ་མདོ་དོན་གསུམ།  །ས་བོན་ཆུ་ལུད་འབྲས་བུ་འདྲ།  །རྡུལ་ཚོན་ཏིང་འཛིན་དོན་གནས་གསུམ།  །མཆོང་བུ་མན་ཤེལ་རིན་ཆེན་འདྲ།  །བདག་དང་མཆོད་ཡུལ་མཆོད་པ་གསུམ།  །མགྲོན་དང་མགྲོན་བདག་ཟས་ལེན་འདྲ།  །གཙོ་འཁོར་ཕོ་ཉའི་གདན་སྤངས་ཁྱད།  །དང་རུ་དྲག་ཐེའུ་ཐེ་ཕྲན་འདྲ།  །ངོ་བོ་རང་བཞིན་རྣམ་པ་གསུམ། །ཤེལ་དང་དྲི་མེད་དཀར་པོ་འདྲ།  །ཐམས་ཅད་ཀུན་དང་རྣམས་དང་གསུམ།  མ་ལུས་འདུས་དང་རྣམ་པ་སྤོང།  གོ་དང་རིམ་པས་གསལ་བར་བྱ།  ཞེས་བྱ་སྟེ།  །

བོན་ཐམས་ཅད་ཀྱི་ཡང་སྙིང་གཏན་ཚིགས་ངེས་པའི་གལ་མདོ་ལས།  །དོན་བྱེ་བྲག་གི་ལེའུ་སྟེ།  དགུ་པའོ།།  །འཁོར་འདས་སྤྱི་དང་རང་གི་མཚན་ཉིད་སོགས།  །སོ་སོར་བྱེ་བ་དུ་མ་གྲངས་མང་ཡང།  །མདོར་བསྡུས་ཀུན་བཏགས་གཞན་དབང་རང་དབང་གསུམ།  །རྒྱུ་གསུམ་རྐྱེན་བཞི་མཚུངས་ལྡན་སྐབས་དང་སྦྱར། །དཔེར་ན་ཐོ་ཡོར་སྒྱུ་མ་ནམ་མཁའ་བཞིན།  །ཀུན་བཏགས་ཡུལ་ཤེས་གཞན་དབང་རྒྱུ་ལས་བྱུང།  །རང་དབང་གཟུང་དང་འཛིན་པའི་ཡུལ་ལས་འདས།  །ཀུན་བཏགས་ཤེས་བྱ་གཞན་དབང་སྤང་བ་དང།  །རང་དབང་ཐོབ་པ་མཆོག་ཡིན་ཐོབ་བྱའི་ཕྱིར། །དབྱེ་དང་བསྡུ་དང་གང་གི་རྒྱུད་ལ་སྣང།  །གཞན་དབང་རང་དབང་གཅིག་གམ་སོ་སོར་འགྱུར།  །ཡོད་དང་མེད་དང་སྟོང་པའི་མུ་བཞི་དང།  །རྣམ་རིག་སྐུ་དང་མཚན་ཉིད་གསུམ་དོན་གཅིག།  །དབྱེ་བ་ཀུན་བཏགས་སྣང་དང་མི་སྣང་གཉིས། །སྣང་བ་གཟུང་འཛིན་མི་སྣང་རི་བོང་རྭ།  །གཉིས་ཀ་སྟོང་ལ་སྣང་དང་མི་སྣང་ཅི།  །སྣང་བ་བོན་ཅན་གཟུང་འཛིན་གཉིས་སུ་སྣང།  །ཡིད་ནི་གཤེན་རབ་ལམ་དུ་སྐྱེད་པ་ཡིས།  ཐོབ་རྒྱུ་བོན་ཉིད་སྐྱེ་མེད་དོན་དེ་ཡང།  །རིག་པའི་ཡེ་ཤེས་ཀྱིས་སུ་བརྟགས་དུས་ན། །སངས་རྒྱས་ཡེ་ཤེས་དབྱེ་བ་བསམ་མི་ཁྱབ།  །གཞན་དབང་གཉིས་ཏེ་བསྐྱེད་དང་ལྟོས་པ་གཉིས།  །བསྐྱེད་པ་སེམས་ཅན་རྒྱུ་དང་རྐྱེན་གྱིས་བསྐྱེད།  །དེ་ལ་ལྟོས་ནས་འདུས་མ་བྱས་བཞི་ཡང།  ལྟོས་པའི་གཞན་དབང་ཞེས་བྱ་འདུས་མ་བྱས་བཞི་ནི།  །སོ་སོར་བརྟགས་དང་མ་བརྟགས་ནམ་མཁའ་དེ་བཞིན་ཉིད།  །རང་དབང་གཉིས་ཏེ་མི་འགྱུར་ཡང་དག་གཉིས།  །མི་འགྱུར་བོན་ཉིད་ཡང་དག་སེམས་ཉིད་རིག།  །བསྡུ་བ་ཆ་དང་སྒྲོས་ཀྱིས་སྤྱིར་ཁྱབ་པས།  །མེད་ལ་ཡོད་པར་སྒྲོས་བཏགས་ཀུན་བཏགས་ཏེ།  །རྒྱུས་སྐྱེད་གཞན་དབང་དེས་དབྱེན་རང་དབང་གྲུབ།  །དེ་གསུམ་གང་གི་རྒྱུད་ལ་སྣང་ཞེ་ན། །ཀུན་བཏགས་སོ་སོའི་སྐྱེ་བོའི་རྒྱུད་ལ་ནི།  །དོན་ལ་ཤན་མ་ཕྱེ་བས་མེད་ལ་ཡོད་པར་བསྒྲོས།  །གཞན་དབང་གཡུང་དྲུང་སེམས་པའི་རྒྱུད་ལ་ནི། །ཀུན་བཏགས་མཐོང་ལ་མ་དམིགས་རང་དབང་རྐྱེན་གྱིས་བསྐྱེད། །རང་དབང་ཐོབ་པ་གཤེན་རབ་རྒྱུད་ལ་ནི།  །གཟུང་འཛིན་མ་ཡིན་རྒྱུ་རྐྱེན་གཉིས་མེད་དག།  །གཞན་དབང་རང་དབང་གཅིག་གམ་ཐ་དད་ཅེས།  །མཆོག་ཏུ་གཅིག་ན་ལམ་གྱིས་ཅི་ཞིག་བྱ།  །ཉེས་པར་གཅིག་ན་རང་དབང་ཐོབ་མི་འགྱུར།  ཐ་དད་ཡིན་ན་སོ་སོའི་ལམ་འབྲས་དབྱེན། །གཅིག་ཡིན་གཅིག་མིན་སྒྲིབ་པ་གནས་སྤངས་ཁྱད། །སངས་རྒྱས་སེམས་ཅན་དེ་ཡིན་གཅིག་དབེན་དེ་བཞིན་ཉིད།  །དེ་གསུམ་ཡོད་པའི་བོན་དུ་བསྟན་པ་ཡང།  །ཀུན་བཏགས་གཟུང་འཛིན་གཉིས་སུ་ཡོད་པས་ཡོད།  །གཞན་དབང་རྒྱུ་དང་རྐྱེན་དུ་ཡོད་པས་ཡོད། །རང་དབང་མངོན་ཐོབ་འགྱུར་བ་མེད་པས་ཡོད།  །དེ་གསུམ་མེད་པའི་བོན་དུ་སྦྱར་བ་ཡང།  །ཀུན་བཏགས་བརྡ་དང་ཐ་སྙད་ཡིན་པས་མེད།  །གཞན་དབང་སྐྱེ་བའི་རྒྱུ་ཅན་ཡིན་པས་མེད།  །རང་དབང་ངོ་བོ་སྟོང་པ་ཡིན་པས་མེད།  །དེ་གསུམ་སྟོང་པའི་མུ་བཞིར་ངེས་པ་ཡང།  །གང་ཞིག་རྒྱུ་ཡི་སྐབས་ན་འབྲས་བུ་མི་སྣང་ལ། །འབྲས་བུའི་སྐབས་ན་རྒྱུ་དེ་སྣང་མ་ཡིན།  །གཅིག་ལ་གཅིག་མེད་མི་དང་དུད་འགྲོ་འདྲ། །ཡེ་ནས་མེད་པ་ཀུན་བཏགས་གཟུང་འཛིན་གཉིས། །སྔ་ཕྱི་ད་ལྟར་མེད་པས་སྟོང་པའོ།  །རྣམ་པར་རིག་པ་ཙམ་དུ་ངེས་པ་ཡང།  རྣམ་རིག་འཁྲུལ་པས་ཀུན་བཏགས་གཟུང་འཛིན་སྣང།  །ཤེས་ཡུལ་རང་སྣང་མ་ཡིན་ཡུལ་མེད་པས།  །ཀུན་བཏགས་རྣམ་པར་རིག་པ་ཙམ་དུ་འདུས། །རྣམ་རིག་དངོས་མེད་གཞན་སྐྱེས་རང་ལས་མིན། །དེས་ན་གཞན་དབང་རྣམ་པར་རིག་པར་འདུས།  །རྣམ་རིག་དངོས་སུ་བོན་ཅན་ཡིན་པ་ཡང།  །དེའི་ངོ་བོ་མ་སྐྱེས་བོན་ཉིད་ཡིན་ནོ།  །དེ་གཉིས་དབྱེར་མེད་རང་དབང་རྣམ་པར་རིག།  །སྐུ་གསུམ་དོན་དུ་ཅི་ལྟར་སྦྱར་ཞེ་ན།  །ཀུན་བཏགས་ས་གཞིར་གཟུང་འཛིན་སྒྲིབ་སྤངས་ཏེ།  །དེ་བྲལ་བོན་ཉིད་བདེན་པ་དང་པོ་མཐོང།  །སྒྲིབ་མེད་ངོས་ཟིན་སྤྲུལ་པའི་སྐུ་རྣམས་འགྱེད། །དེ་ལྟར་མཐུན་པས་ཀུན་བཏགས་སྤྲུལ་སྐུར་ངེས།  །བདེན་པ་དང་པོའི་ས་ནས་བཅུ་པ་རུ།  །དགའ་བདེ་མྱོང་བས་དག་པའི་ཡེ་ཤེས་ཀྱི།  གཞན་དབང་སྒྱུ་མར་མཁྱེན་པས་ལོངས་སྤྱོད་རྫོགས་སྐུར་ངེས།  །བཅུ་གཅིག་ས་ལ་གཉིས་སྦྱང་གཉིས་རྫོགས་ཏེ།  །སྣང་ལ་རང་དབང་མེད་པས་རང་དབང་བོན་གྱི་དབྱིངས།  །དབྱེར་མེད་མཁར་མཉམ་རང་དབང་བོན་སྐུར་ངེས།  །སྐུ་གཉིས་བསྐྱེད་རྫོགས་སྐུ་གཅིག་ཐིག་ལེར་ངེས།  །སྐུ་གཅིག་མཐའ་བྲལ་མཚན་ཉིད་ཐ་སྙད་མེད།  །ཅེས་བྱ་སྟེ།  །བོན་ཐམས་ཅད་ཀྱི་ཡང་སྙིང།  །གཏན་ཚིགས་ངེས་པའི་གལ་མདོ་ལས།  །དོན་མཚན་ཉིད་ཀྱི་ལེའུ་སྟེ།  བཅུ་པའོ།།  །བོན་རྣམས་གཏན་ཚིགས་བཞི་རུ་བཀོད་པར་བསྟན།  །གཞན་གྱི་གཞུང་རྣམས་ཉེས་པ་རྣམ་བཅད་ནས།  རང་གཞུང་དོན་དུ་ངེས་པའི་གཏན་ཚིགས་དང།  །མངོན་སུམ་དང་ནི་རྗེས་སུ་དཔག་པ་ཡིས།  །བོན་ཀུན་བོན་ཉིད་གཞལ་བྱར་བསྟན་པ་དང།  །བོན་རྣམས་ཐམས་ཅད་བོན་ཉིད་རིགས་པ་ཡིས།  །དེ་བཞིན་ཉིད་དུ་བརྗོད་པའི་གཏན་ཚིགས་དང།  །རིགས་ཤེས་དོན་ལ་བོན་ཅན་ངེས་དབྱེན་ནོ། ཁྱད་པར་ཐེག་ཆེན་བོན་རྣམས་ཀུན་གྱི་གཞི། །གཅིག་ཏུ་རྒྱ་མ་ཆད་པས་སྨྲ་དོན་ཕྱོགས་ཀུན་མཐུན།  །ཁྱད་པར་ཐེག་ཆེན་ཀུན་ལས་ཁྱད་པར་འཕགས།  །གང་ཞིག་ཐེག་ཆུང་འཕན་ཡུལ་སྡེ་པ་འགའ།  །དོན་དམ་བདེན་པ་སྤྲོས་པའི་མཐའ་བརྒྱད་བྲལ།  །དེ་ཉིད་གཞན་དུ་བརྗོད་དུ་མེད་ཅེ་ན།  །དེ་ལས་དཔག་པ་ཁྱད་པར་ཆེན་པོ་ཡང།  །དེ་ལྟར་མི་སྤོང་དེ་ལས་ཁྱད་པར་འཕགས།  །གང་ཤར་བཀག་པ་མེད་པས་ཅིར་ཡང་བརྗོད་མི་འགལ།  །བརྗོད་དུ་མེད་ལ་ཅིར་ཡང་བརྗོད་པས་འཕགས། །བརྗོད་དུ་མེད་ན་རྒྱ་དང་ཕྱོགས་ལ་ཐུག།  །ལྟ་ལོག་ཐེག་ཆུང་བྱིས་པའི་བློ་ཅན་ཀུན། །འདི་ཞེས་བརྗོད་མེད་ཟེར་ཀྱིན་བརྗོད་པ་གླེན།  །ཅི་ཕྱིར་ཞེ་ན་བརྗོད་དུ་མེད་འདོད་ཕྱིར།  །ཐེག་ཆེན་འདི་ཞེས་བརྗོད་དུ་ཡོད་མེད་མིན། །ཁས་ལེན་ཕ་རོལ་ཕྱིན་པས་སྨྲ་བསམ་བརྗོད་དུ་མེད།  །ཡིད་ཀྱི་གཟུང་འཛིན་མེད་པས་ཐམས་ཅད་ཕྱག་རྒྱ་ཆེ།  །

གང་ཤར་རང་གིས་སྟོང་པས་མ་ལུས་རྫོགས་པ་ཆེ།  །ནམ་མཁའ་བོན་སེམས་སྐྱོན་གྱིས་གོས་པ་མེད།  །སྤྲིན་དང་མཚན་མ་རྣམ་པར་རྟོག་པ་ཡིས། །ཉིད་ལ་མ་བསྒྲིབས་རོལ་པའི་རྩལ་དུ་ཤར།   །ངོ་བོ་བསམ་པ་མཐུན་སྣང་ལྷུན་གྱིས་གྲུབ།  །ངོ་བོ་མཆོག་ཏུ་འགལ་ཡང་ལྷུན་གྱིས་གྲུབ།  །བསམ་པ་རྒྱ་ཆད་མེད་པ་ཅིར་བསམ་ལྷུན་གྱིས་གྲུབ།  །སྣོད་བཅུད་བེམ་རིག་གཉིས་ཀྱང་སྣང་བར་ལྷུན་གྱིས་གྲུབ།  །མཆོག་ཏུ་གྱུར་པའི་གཉིས་སུ་མེད་པ་ཡང།  །གཉིས་སྣང་ཅི་འབྱུང་གཉིས་སུ་མེད་པའི་མཆོག།  །གཉིས་སྣང་ལྟར་དུ་སྣང་བའི་ཀུན་གཞི་ལ། འཁོར་འདས་ལས་སོགས་གཉིས་སུ་མེད་པ་སྟེ།  །འདི་ཞེས་ཕྱོགས་སུ་གང་ཡང་ལྟུང་བ་མེད།  །འདི་ཞེས་ཐ་སྙད་མེད་པས་མིང་ལ་གཟའ་གཏད་མེད།  །འདི་ཞེས་བརྗོད་དུ་མེད་པས་དོན་ལ་གཟའ་གཏད་མེད།  །མིིང་དོན་འབྲེལ་བ་མེད་པས་གཅིག་ཏུ་གཟའ་གཏད་མེད། །དེ་ལྟར་གཟའ་གཏད་མེད་པས་གང་ཡང་ཡིན་མིན་མེད། །གདགས་གཞི་རྒྱ་མ་ཆད་པས་བརྡ་མཐུན་དོན་གོ་ཙམ།  །མངོན་ལྐོག་གཉིས་ཀྱིས་གཞལ་བྱར་བསྟན་པ་ཡང།   །མངོན་སུམ་དབང་པོ་ཡིད་དང་རིག་པ་དོན། །དབང་པོའི་མངོན་སུམ་གང་གི་ཡུལ་དངོས་ལ། །སྒོ་ལས་ཐོན་ནས་སྤྱོད་ཡུལ་འབྱེད་པ་ཡིན། །ཡིད་ཀྱི་མངོན་སུམ་གང་ལ་མཚོན་པ་ཡི།  །དེ་ཉིད་གསལ་བ་ཙམ་དུ་གནས་པ་ཡིན།  །དབང་པོའི་མངོན་སུམ་གཙོ་བོས་བཅད་རྗེས་ལ། །རིག་པས་སྣང་ཡུལ་དེ་ལྟར་གསལ་བ་ཡིན།  །དོན་དམ་མངོན་སུམ་སྣོད་བཅུད་བོན་རྣམས་ཀུན། །མཚན་མའི་ངོས་བཟུང་མེད་པ་ཐུགས་ཉིད་ཟབ་མོའི་དོན། །གཞན་གྱི་སྤྱོད་ཡུལ་མ་ཡིན་རང་ལ་དོན་གསལ་བའོ། །ལྐོག་གྱུར་ཞེས་བྱ་འབྲས་བུ་རྒྱུར་མཚོན་ཞིང།  །ཡིད་དཔྱོད་ཐེ་ཚོམ་མེད་པར་གཏན་ལ་དབབ་པ་ཡང།   །བདག་གཞན་དོན་དུ་མི་སླུ་གདེངས་ལྡན་པར།  །དཔེ་དོན་རྟགས་ཀྱི་ཉམས་མྱོང་རྒྱུ་བདེ་བ། །ས་ལམ་འབྲས་བུ་ཐེག་རྒྱུད་དམན་མཆོག་གིས།  །མདོ་དོན་ཟབ་མོ་གཏན་ལ་འབེབས་པ་དང།  །སྣང་ལ་མ་ངེས་མ་ཡིན་བརྗོད་དང་བརྗོད་མེད་ལམ།  །ས་ཕྱོགས་གང་གི་བསྒྲུབ་བྱའི་རྗེས་འགྲོ་ལྡོག་པ་ལ། །ངེས་ཚུལ་གསུམ་གྱིས་དེ་བཞིན་རྒྱུ་བདེ་བ། །བཙལ་དང་བཙལ་མེད་གཅིག་རིམ་བརྩོན་པས་གྲུབ།  །བོན་ཀུན་གཞལ་བྱར་བསྟན་པར་ཤེས་པའོ།  །བཀའ་ལུང་རིགས་པ་ལས་བྱུང་བྱེ་བྲག་གི།  །རིགས་པས་དོན་སྒྲུབ་གལ་པོས་ལས་ལྟོས་ལ་༼ལ་བཟློ་ལ༽།  བོན་ཅན་ཡུལ་དང་སྤང་དང་བླང་གནས་རྟགས།  དམ་བཅའ་ངོ་བོ་མཚན་ཉིད་འབྲས་བུ་ཡང།  །མི་འགྱུར་མི་ཤིགས་གཞན་དབང་མེད་པ་རུ། །བཀའ་ལུང་རིགས་པས་ཚད་ལ་དབབ་པ་ཡང།   །བོན་རྣམས་ཐམས་ཅད་བོན་ཉིད་རིགས་པ་ཡིས།  །དེ་བཞིན་ཉིད་དུ་བརྗོད་པའི་གཏན་ཚིགས་ཀྱང།  །བོན་སྒོ་ཐེག་རྒྱུད་ཡན་ལག་གྲངས་མང་ཡང།   །འབྱུང་དུག་ཕུང་པོ་ལྷ་དང་ཡེ་ཤེས་རིགས།   །ཉེས་པ་སྤང་བསྒྱུར་གྲོལ་བའི་བདེ་ཐབས་ཀྱང།  །སྤངས་པས་སྤོང་འདོད་དྲང་སྲོང་འདུལ་ཁྲིམས་གཞུག།  །སྤོང་པས་སྤང་ན་སེམས་སམ་ཉེས་པ་སྤང།  །སེམས་དེ་སྤངས་ན་གྲུབ་པའི་མཐའ་མི་འབྱུང།  །ཉེས་པ་སྤང་ན་སེམས་དང་གཅིག་གམ་གཞན།  གཅིག་ན་སེམས་སྤངས་དོན་གྱི་དངོས་པོ་གང།   གཞན་ན་སྤང་བར་མི་རིགས་དེ་ལ་དེས་མི་འགྲིབ།  །སེམས་ཉིད་སྟེང་ནས་ཉེས་པ་སྤོང་འདོད་པ།  དེའི་འབད་རྩོལ་རྒྱུ་ངན་རང་ལས་བྱུང།   སྲིན་བུས་བལ་སྐྱེད་རང་གིས་རང་བཅིངས་འདྲ།  །སེམས་ལ་དྲི་བཞག་ལུས་ལ་གཙང་ཁྲུས་བྱེད།  །དེ་ཡིས་ངེས་དོན་བསྒྲུབ་བྱ་གཏན་མི་མཐོང།  །འོ་ན་ཅི་ལྟར་ཞེ་ན་རི་རྭང་དུ་བང་བཞིན།  །ཡལ་བ་དོར་བས་སྐྱོན་གཉིས་སྒྲིབ་བསལ་བས།  །ལུས་ངག་ཡིད་གསུམ་དག་པའི་སེམས་བསྐྱེད་ཀྱིས།།བློ་ཡི་རིམ་པས་ས་ལམ་གནས་ལ་སྦྱོར།  །དེ་དངོས་བསྒྱུར་བ་ཨ་དཀར་ཐབས་ཀྱི་གཞུང།  །ཕུང་པོ་གནས་འགྱུར་རིགས་ཀྱི་ལྷ་ཡིན་ན།  །བསྒྱུར་བས་འགྱུར་ན་ལྷ་སྐུ་རྒྱུས་སྐྱེད་ཕྱིར།  །

གཡུང་དྲུང་མི་ཐོབ་རྐྱེན་གྱིས་ལྷ་སྐུར་འགྱུར།  །རང་བཞིན་འགྱུར་ན་ཐབས་ཀྱི་ལམ་མི་འབྱུང།  །ཅི་ལྟར་ཞེ་ན་ཐབས་ཀྱི་མཆོག་ལམ་གྱིས།  །བསྐྱེད་བྱ་སྐྱེད་བྱེད་རྒྱུ་དང་རྐྱེན་མེད་པས།  །གཡུང་དྲུང་རྒྱུ་ཡིས་བསྐྱེད་པར་དེ་མི་འགྱུར།  །བསྒྱུར་བྱ་སྒྱུར་བྱེད་ཐབས་ཀྱིས་དེ་བསྒྱུར་བས།  ཐབས་ཀྱིས་ལམ་རྣམས་མེད་པར་དེ་མི་འགྱུར། །ཐབས་ཀྱིས་བསྒྱུར་བར་རྡོ་འགར་ལྕགས་ཞུན་འདྲ།  །སྣང་ལ་རང་བཞིན་མེད་པས་རགས་པའི་དངོས་པོ་མེད།  །བེམ་བསྒྲིབས་རྒྱུ་ལུས་ཕན་གནོད་ཡོད་མེད་མིན། །རིགས་པ་གཡུང་དྲུང་ཐུགས་རྗེ་ཐབས་དང་ལྡན། །རང་སར་གྲོལ་བ་ཁྱད་པར་སེམས་ཀྱི་གཞུང།  །འདི་ལྟར་སྣང་ཞིང་སྲིད་པས་བསྡུས་པ་རྣམས།  །བཀྲོལ་བས་གྲོལ་ན་ཐེག་ཆུང་རྩོལ་བས་དམན།  །གདོད་ནས་གྲོལ་ན་ཁམས་གསུམ་དེར་སངས་རྒྱས།  །རང་བཞིན་གྲོལ་ན་ཐབས་ཀྱིས་ཅི་ཞིག་བྱ།  །གང་ཡང་མ་ཡིན་སྐྱེ་བོ་ལུང་མ་བསྟན།  །ཅི་ལྟར་ཞེ་ན་ཁྱད་པར་ཡེ་ཤེས་རྩེ།  །གྲོལ་བྱེད་བྱ་བརྩལ་མེད་པས་ཐེག་ཆུང་སྐྱོན་གྱིས་དབེན།  །མཚོན་བྱེད་འཛིན་ཆགས་མེད་པས་མ་བཅོས་ངང་དུ་གྲོལ།  །ཁྱད་པར་ལམ་གྱིས་འཕགས་པས་སྣང་སྲིད་ཀུན་གྲོལ་མིན།  །དཔེར་ན་ཞལ་སྐྱིན་མཚན་བྱང་གཟུགས་བྱང་ལ།  །བེམ་པོའི་གཟུགས་ལ་ཕ་རོལ་སེམས་བཅུགས་པས།  །བོན་འཆད་རྒྱུས་སྨྲ་སྐད་ངན་འབྱིན་པར་རིགས།  །དེ་ལྟར་མ་ཡིན་བེམ་པོ་རང་དུ་ངེས།  །དེ་ལ་བྱི་དོར་བྱས་ཀྱང་སེམས་རྒྱུད་དག་མི་འགྱུར།  །ལྷ་བཀའ་གདོན་དབང་ཆུ་བུར་གཟུགས་མེད་ལྟ། །ཕུང་པོ་གཅིག་ལ་སེམས་གཉིས་བསྲེའམ་འཕོ། །གཅིག་གིས་གཟུགས་མེད་མཐོང་ན་ཀུན་གྱི་མཐོང་པར་རིགས། ། བསམ་པས་སྣང་དུ་རུང་ན་རིག་བྱེད་མ་ཡིན་མཚུངས། །སྒྱུ་མས་སྒྱུ་མ་བསླུས་པས་ངེས་དོན་རྟོགས་པས་དབྱེན། །འོ་ན་ཇི་ལྟར་ཞེ་ན་བེམ་རིག་དོན་འབྲེལ་བ། །མོས་དང་གདུང་དང་སྡང་བའི་ཡུལ་རྣམས་ལ། །ཐུགས་རྗེས་བསྐུལ་བའི་དམིགས་པ་བདེ་ཕྱིར་རོ། །སེམས་ལ་སེམས་བསྟིམ་རྒྱུ་དང་འབྲས་བུའི་ཚུལ། །རྟེན་ནི་རྒྱུ་ཡིན་བརྟེན་པ་འབྲས་བུ་ཡིན། །ཆུ་བུར་མིག་གིས་སྟོང་གཟུགས་མི་མཐོང་སྟེ། །རྟོག་པས་རྟོག་པ་གཞོམ་ཕྱིར་བླ་བརྡོལ་ཙམ་དུ་ཟད། །རིགས་ཤེས་དོན་ལ་བོན་ཅན་ངེས་དབེན་པ། །རང་རྒྱུད་རྟོག་པའི་བོན་ཅན་སྐྱོན་གྱིས་དབེན། །གཅིག་དང་སོ་སོའི་མཐའ་་ལས་འདས་ཙམ་ན། །རང་རིག་གཞན་རིག་རིག་པས་རིག་མི་དམིགས། །འདི་དང་འདི་ཞེས་བརྗོད་པའི་མཐའ་ལས་འདས། །ཞེས་བྱ་སྟེ་བོན་ཐམས་ཅད་ཀྱི་ཡང་སྙིང་། །གཏན་ཚིགས་ངེས་པའི་གལ་མདོ་ལས། གཏན་ཚིགས་བཞི་ཡིས་ཐེག་སྟངས་བསྡུས་པའི་ལེའུ་སྟེ། །བཅུ་གཅིག་པའོ། །སྒྱུ་མའི་ཕུང་པོ་ཐབས་ཀྱི་ཁྱད་པར་གྱིས། །སྐྱོན་ལྔ་སྤང་བསྒྱུར་གྲོལ་བའི་བདེ་ཐབས་ཀྱང་། །འདོད་འཁྲོ་གཏི་མུག་ང་རྒྱལ་ཕྲག་དོག་ཀྱང་། །རྒྱུ་བཞིས་འདུལ་གྱིས་འབྲས་བུས་གནས་བསྒྱུར་དགྲོལ། །ལམ་གྱི་རིམ་པས་འདུལ་ཁྲིམས་ཚུལ་ཁྲིམས་ཀྱིས། །རྐང་དང་བྲི་ལ་མི་གནས་སྤང་དག་རིམ་གྱིས་བྱ། བདག་དང་གཞན་གྱི་འགྲོ་དོན་གྲུབ་པས་འཕགས། །ལུས་ངག་ཡིད་གསུམ་བྱ་བ་བྱེད་པས་བྱང།  །ལེགས་པའི་སྟོབས་ཀྱིས་ཟག་མེད་ཕུང་པོ་ཐོབ། །གནས་འགྱུར་འབྱུང་ལྔ་ཕུང་པོ་དུག་ལྔ་ཡང་། ལྷ་སྐུ་གཙོ་འཁོར་བྱེ་བ་ས་ཡ་ཀུན། ལྷ་ལྔས་ཉེས་པ་བསྒྱུར་བའི་ཐབས་སུའང། །ཀུན་སྣང་གསས་རྗེ་གར་གནམ་རྒོད་གསས་ལྔ། །འདོད་འཁྲོ་གཏི་མུག་ང་རྒྱལ་ཕྲག་དོག་ཀྱང་། །ལྷ་ལྔར་མ་སྤངས་ཉིད་དུ་ཐབས་ཀྱིས་གྲོལ། །ལྔ་ལས་བཅུ་སྣང་ཐབས་ཤེས་ལྷ་རུ་སྦྱོར། །བརྒྱད་དང་བཅུ་དྲུག་བཞི་བརྒྱད་རྣམ་པར་གྲོལ། །སྤྲོ་དང་བསྡུ་བའི་སྤྱོད་པ་བརླབས་ཆེན་གྱིས། །སྣོད་བཅུད་ལྷ་རུ་སྣང་བས་འཁྲུལ་སྣང་རང་བཞིན་མེད། །དེ་ལ་མཉམ་བཞག་ཆིག་ཆར་སྐུ་རྫོགས་པས། །དབྱིངས་དང་ཡེ་ཤེས་དོན་དུ་གཉིས་མེད་མཉམ། །བོན་སྐུ་རྫོགས་སྤྲུལ་མངོན་བྱང་ངོ་བོ་ཉིད། །དེ་ཡི་ཡོན་ཏན་སྐུ་ལྔའི་རང་བཞིན་ལས། །ལྷ་དང་གཞལ་ཡས་གདན་ཐབས་སྣང་མི་འགྱུར། །སྐུ་ལྔ་སྐུ་གསུམ་དེ་ཡང་བོན་སྐུར་ཆིབ། །དེ་གསལ་སྟོང་ཉིད་མེ་ལོང་མཉམ་པ་ཉིད། །སོ་སོ་བྱ་བ་ནན་ཏན་ཡེ་ཤེས་གསལ། །མཁྱེན་པའི་ཡེ་ཤེས་བྱེ་བ་ས་ཡ་ཡང་། །དྲུག་ཅུ་རྩ་གཅིག་དེ་བསྡུས་ཡེ་ཤེས་ལྔ། མ་ལུས་མི་ལུས་ལུས་པ་མེད་མཁྱེན་པས། །དོན་དམ་ཀུན་རྫོབ་མཁྱེན་པའི་ཡེ་ཤེས་ཀྱང་། །སྟོང་ཉིད་མཉམ་པ་དོན་དམ་ཡེ་ཤེས་ཏེ། །བྱ་ནན་སོ་སོར་རྟོགས་པས་ཀུན་རྫོབ་མཁྱེན། །མེ་ལོང་ཡེ་ཤེས་བདེན་པ་གཉིས་སྡུད་བྱེད། །གཉིས་མཐའི་སྣང་ཚུལ་དོན་དམ་ངང་དུ་གཅིག །ཁྱད་པར་མ་སྤངས་མི་སྤོང་སྤོང་ལེན་ཡུལ་ལས་འདས། །མི་འདུ་མི་འབྲལ་སྐྱོན་ཡོན་གང་ཡང་མིན། །མ་འོངས་མི་འགྲོ་གར་ཡང་གནས་པ་མེད། །མ་སྐྱེས་མི་སྐྱེ་འཆི་མེད་སྐྱེས་ན་བཙན། །མ་བརྗོད་མི་བརྗོད་ཐ་སྙད་ཚིག་ལས་འདས། །མ་བསྒྱུར་མི་བསྒྱུར་སྲ་བརྟན་གཡུང་དྲུང་སྐུ། །མ་བཅོས་མི་འཆོས་བྱེད་པའི་མཁན་པོ་མེད། །མ་བྱས་མི་བྱེད་རྒྱུ་རྐྱེན་རྩོལ་བ་བྲལ། །མ་སྦྱངས་མི་སྦྱོང་ཡེ་ནས་རྣམ་པར་དག །མ་ཞེན་མི་ཞེན་དོན་ལ་ཆགས་པ་མེད། །མ་བཀག་མི་འགེགས་གང་ཡང་བྱང་ཆུབ་སེམས། །མ་བགྲངས་མི་བགྲང་ཐིག་ལེ་གཅིག་གི་ངང་། །མ་བལྟས་མི་ལྟ་ཡེ་རྟོགས་ཆེན་པོའི་ཕུལ། །མ་སྤྱད་མི་སྤྱོད་ཡེ་ནས་རྣམ་པར་དག །མ་བསྒོམས་མི་བསྒོམ་ཡེ་ནས་དེ་བཞིན་ཉིད། མ་བསྲུངས་མི་བསྲུང་ཡེ་སྲུང་ཆེན་པོའི་ཕུལ། །མ་བསྒྲུབས་མི་བསྒྲུབ་ཡེ་ནས་ངོ་བོ་ཉིད། །ཅེས་བྱ་སྟེ། །བོན་ཐམས་ཅད་ཀྱི་ཡང་སྙིང་། །

གཏན་ཚིགས་ངེས་པའི་གལ་མདོ་ལས། །དོན་ཁྱད་པར་གྱི་ལེའུ་སྟེ། །བཅུ་གཉིས་པའོ། །དེ་ནས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས། །པྲ་ཕུད་ཉིད་ལ་ཕྱི་རབས་ཀྱི་དོན་དུ་གདམས་པ། །ཡང་ཡུལ་མོ་རྒྱ་ཆེས་ན་མཐའ་མ་དབུས་སུ་དྲིལ། །བློན་པོ་སྨྲ་མང་ན་ཁ་ཡི་ལྕེ་ཆོད། །རྒྱལ་པོ་དྲེགས་ཆེ་ན་རྒྱལ་བུ་སྲོག་ཕྲོགས། །བཙུན་མོ་ཕྱོགས་ཆེ་ན་མྱུར་དུ་མཐར་སྤྱུགས། །ཕོ་བྲང་སྒོ་དམ་ན་ལྡེ་མིག་འཕྲུལ་བསྒྱུར། །ཞེས་སྤྱི་ཚིགས་སུ་གསུངས་སོ། །དེ་ནས་མི་ཉག་ནེ་རྒྱུང་གིས། །ཕྱ་གཤེན་པ་རྣམས་ལ་གདམས་པ། །སྣོད་སྟོང་པ་ནས་རྫས་མ་ལེན། །ལུང་སྟོང་དུ་ཁུས་མ་འདེབས། །ཀུན་གསལ་ལ་ཁ་རུ་མིག་མ་རྡུལ། །ཡིད་བཞིན་ནོར་བུ་ལ་དྲི་མ་བསྒོ། །གཉིད་ལོག་པའི་རྣ་བར་སྒྲ་མ་གཏོང་ཞེས་གསུངས་སོ།། །།དེ་ནས་རྟག་གཟིགས་ཟ་རང་མེ་འབར་གྱིས་སྣང་གཤེན་པ་རྣམས་ལ་གསུངས་པ། །ཡིད་བཞིན་གྱི་བུ་མོ་རྒྱན་མ་ལོག་པར་རྫོངས། །དགུ་འགྱུར་གྱི་གཏེར་ལ་ལྷད་མ་གཞུག །ཚོང་དུས་ཀྱི་བརྡ་ལ་ཁོལ་མ་གདོན། །ཤར་དོན་ནུབ་ཏུ་མ་གཉེར། །མཛོད་སྒོ་ཡ་ཆར་མ་གཞག་ཅེས་གསུངས་སོ།། །གེ་སར་ངམ་པ་ལྕེ་རིང་གིས་སྲིད་གཤེན་པ་རྣམས་ལ་གསུངས་པ། །ལམ་གསུམ་གྱི་སྲང་སྡོམས། །མི་གསུམ་གྱི་འགྲུལ་ཆོད། །མཚོ་གསུམ་གྱི་གཏིང་སྤྲོད། ། །རི་གསུམ་གྱི་རྩེ་བསྡུས། །ཐང་གསུམ་གྱི་མཐའ་དྲིལ་ཞེས་གསུངས་སོ།། །སུམ་པ་ཁ་ཡམ་རླུང་ལྕེས་འཕྲུལ་གཤེན་པ་རྣམས་ལ་གདམས་པ། །སོ་མཚམས་ཀྱི་ཡུལ་སྲུང་ན་བཙན་པའི་རྫོངས་རྩིགས། །མཚོན་གྱི་དབལ་འཇིགས་ན་སྲ་བའི་གོ་གོན། །དམག་གི་དཔུང་འདོད་ན་ཟས་ཀྱི་ཤོམས་བསྐྱེད། །དགྲ་ལ་ཤ་བཙོན་ན་བྱ་བ་ཁ་ཆིངས། །ཆུ་དང་ཕྱེ་བསྲེས་ལ་ཆབ་རོན་སྐྱར་ལ་ཕྱུང་ཞེས་གསུངས་སོ།། །རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱིས་དགེ་བསྙེན་པ་རྣམས་ལ་གདམས་པ། །ཡང་སྡང་བའི་དགྲ་བཅུ་སོད་ན་བྱམས་པའི་གཉེན་བཅུ་རྙེད། །དཔྱིད་ན་ས་བོན་བཏབ་ན་སྟོན་ན་འབྲས་བུ་སྨིན། །ཕྱོགས་བཅུར་ཁྱབ་པར་བལྟས་ན་བདག་གཞན་མེད་པར་མཐོང་། །དཀའ་བའི་ལས་བཞི་བྱས་ན་འདོད་པའི་དོན་བཞི་འགྲུབ། །སྲིབས་ཀྱི་ཚེར་ནགས་བཟུར་ན་མེ་ཏོག་ལམ་བཅུར་བགྲོད། །ཅེས་གསུངས་སོ། །རྒྱུང་ཡར་མུ་ཁོད་ཀྱིས་དྲང་སྲོང་རྣམས་ལ་གསུངས་པ། །ལྗོན་ཤིང་གི་རྩ་བ་མ་འགྲུས་ན་ཡལ་ག་ཕྱོགས་སྙོམས། །ཡལ་ག་ཚིགས་མ་ཆག་ན་ལོ་མ་འདབ་རྒྱས། །ལོ་མ་མཐའ་མ་ཞུམ་ན་མེ་ཏོག་མདངས་གསལ། །མེ་ཏོག་སད་ཀྱིས་མ་བསད་ན་འབྲས་བུ་ནར་སྨིན་ཞེས་གསུངས་སོ། །ལྡེ་གྱིམ་ཚ་རྨ་གེས་གཤེན་གྱི་ཨ་དཀར་པ་རྣམས་ལ་གདམས་པ། །གཡུང་དྲུང་གི་ཟུར་དོད་ན་ལྟ་བའི་ཡུལ་གསལ། །ཆུ་བོའི་རྒྱུན་དྲངས་ན་གྱང་སྐམ་ལ་རྩི་འཁྲུངས། །ཞག་གསུམ་གྱི་རྒྱགས་ཡོད་ན་ལོ་གསུམ་གྱི་བློ་རྙེད། །ཁུ་བྱུག་གི་གསུང་བསྒྲགས་ན་མགྲིན་པའི་ནད་བྱང། མུན་ཁུང་དུ་སྒྲོན་བཏེག་ན་འདོད་པའི་རྫས་རྙེད། །ཅེས་གསུངས་སོ། །ཁེ་ནན་ཡོ་ཕྱས་ཡེ་གཤེན་པ་རྣམས་ལ་གསུངས་པ། །རྐང་པ་བསྐུམ་ན་འགྲོ་ས་སླེབས། །ལག་པ་བསྐུམ་ན་བྱ་བ་གྲུབ། །སྤྱན་མིག་བཙུམས་ན་སྣང་སྲིད་གསལ། །སྨྲ་བ་བཅད་ན་བཀའ་ཤག་ཐེབས། །ལ་བཅད་བསྡུས་ན་བསམ་པ་གྲུབ་ཅེས་གསུངས་སོ། །

སྟང་དམུ་ཙ་གྱེར་མེད་ཀྱིས་གཤེན་གྱི་ཁྱད་པར་བ་རྣམས་ལ་གསུངས་པ། དུག་སྦྲུལ་ནག་པོའི་སྙིང་ཟོས་ན་མེས་མི་འཚིགས། །གླང་ཆེན་བསྙོན་པའི་ཤ་ཟོས་ན་མུན་དུབ་མི་ལྡང་། །དམུ་རྒོད་རྒྱུག་པའི་དབུགས་ཕྲོགས་ན་རླུང་གིས་མི་སྐྱོད། །རྨ་བྱ་ཚང་མའི་ཁྲག་འཐུང་ན་ཆུ་ལ་མི་བྱིང།  །སེང་གེ་གྲུས་མའི་རུམ་དུ་ཉལ་ན་ལུས་ཀྱི་དྲོད་སྙོམས་ཞེས་གསུངས་སོ། །རྐྱེལ་མུ་ཐུར་གྱིས་གསུངས་པ། །བཅིངས་པ་བཀྲོལ་ན་ལུས་སེམས་བདེ། །བསྡམས་པ་གློད་ན་བདེ་ཡངས་འབྱུང། བཟུང་བ་བཏང་ན་འབྲེལ་པ་ཆོད། །ཉི་མ་ཤར་ན་རི་ལུང་གསལ། །འཐབ་གཉིས་བསྡུམས་ན་གུ་སོལ་དལ་ཞེས་གསུངས་སོ།། །བོན་ཐམས་ཅད་ཀྱི་ཡང་སྙིང་གཏན་ཚིགས་ངེས་པའི་གལ་མདོ་ལས། གདམས་པ་བཀའི་འབྲེལ་རྒྱུད། །བརྡ་རྩ་ལྔ་བཅུ་རྩ་ལྔའི་ལེའུ་སྟེ། །བཅུ་གསུམ་པའོ། །།དེ་ལྟར་གལ་མདོ་བསྟན་པའི་གཏན་ཚིགས་ཀྱང་། བོན་སྒོ་སྐད་བཞི་ཐེག་པ་ཐ་དད་ལས། འདུལ་ཁྲིམས་ཚུལ་ཁྲིམས་ཐབས་དང་ཁྱད་པར་དོན། །གཏན་ཚིགས་ངེས་པར་བསྡུས་པའི་གལ་མདོ་འདི། །རྫོགས་སྐུའི་ཞལ་གྱིས་ཀུན་ལ་ཁྱབ་པ་བཞིན། །སྤྱི་གཅོད་དོན་ལ་སྤྱངས་པའི་གཤེན་རབས་ཀྱིས། །མཐོང་རྟོགས་ཅི་ལྟར་བཤད་ཀྱང་དོན་ལ་ངེས། །བཀའ་ལུང་རིག་པ་དོན་གྱི་བཅུད་ཕྱུང་ནས། །པྲ་ཕུད་གཤེན་གྱིས་བསྐུལ་བའི་གལ་མདོ་འདི། །སྐུ་དང་ཡེ་ཤེས་ལུས་དང་བག་ཆགས་སུ། །མ་འདྲེས་སོ་སོར་རྟོགས་པའི་ཡེ་ཤེས་འདི། །མན་ངག་དབང་དང་བྱིན་རླབས་ཆས་ནས་ཀྱང་། །ཤ་རི་དབུ་ཆེས་པྲ་ཕུད་ཉིད་ལ་གདམས། །ཞེས་གསུངས་པས། །གཤེན་རབ་ཐམས་ཅད་ཀྱང་ཤིན་དུ་དགྱེས་ནས། མགྲིན་གཅིག་ཏུ་གསུངས་པ། །ཨེ་མ་ཧོ། །རྒྱལ་བ་ཐུགས་རྗེ་ཆེ། །ཨེ་མ་ཧོ། །སེམས་དཔའ་ཚད་མེད་ལྡན། །ཨེ་མ་ཧོ་གལ་མདོས་ཐམས་ཅད་གསལ། ཨེ་མ་ཧོ་ཐེག་མཆོག་ཀུན་དོན་ལྡན། །ཨེ་མ་ཧོ་ལྟ་སྤྱོད་ལོག་པས་དབེན། །ཨེ་མ་ཧོ་དོན་དམ་སྤྲོས་ལས་འདས། །ཞེས་ཐུན་མོང་དུ་བསྟོད་ནས། །སོ་སོའི་གནས་སུ་གཤེགས་སོ།། །བོན་ཐམས་ཅད་ཀྱི་ཡང་སྙིང་། །གཏན་ཚིགས་ངེས་པའི་གལ་མདོ་ལས། མན་ངག་གི་གནས་གདམས་པའི་ལེའུ་སྟེ། །།བཅུ་བཞི་པའོ།། རྫོགས་སོ།། །།བླ་མ་གྱེར་མི་ཉི་འོད་ཀྱིས། །དྭང་ར་ཁྱུང་རྫོང་ནས་བསྙེམས།། །།རྨ་སྟོན་ལ་དངོས་གྲུབ་ཏུ་བབས།། །།