གཡུང་དྲུང་བོན་གྱི་དྲྭ་རྒྱ།

མཁར་རྨེའུ་བསམ་གཏན་གྱི་འཆད་ཁྲིད་དང་ངའི་རེག་ཟིག་ཐར་ཐོར།

ཕ་བོང་།
འཆད་ཁྲིད་ཀྱི་སྔོན།

10021474_710798
ཚད་མའི་གཞུང་དུ་ལོ་ཟླ་ནི་ལྡན་མིན་འདུ་བྱེད་ཀྱི་གྲས་སུ་བཞག་འདུག་ལ་དེ་ནི་དངོས་གནས་དེ་ལྟ་བུ་ཞིག་རེད་དེ། ཁོང་མིག་ལ་ཐོགས་པ་དང་སྙན་གྱིས་ཟིན་པ་མེད་པར་ང་ཚོ་དང་རིང་དུ་བཀྱེད་དེ་མདུན་ནས་མདུན་དུ་བསྐྱོད་བཞིན་གདའ།

ཡང་སློབ་སྐབས་གསར་བ་ཞིག་གི་འགོ་བརྩམས་བྱུང་། སློབ་སྐབས་སྔོན་མའི་ནང་མཁར་རྨེའུ་བསམ་གཏན་ལགས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་གླིང་གིས་གདན་ཞུ་བྱས་ནས་འཆད་ཁྲིད་བྱེད་རྒྱུ་ཡིན་པའི་གཏམ་ཐོས་མ་ཐག་ཡོན་ཏན་སློབ་པར་རངས་པའི་མི་སྐོར་ཞིག་གིས་ནམ་བསླེབ་ཀྱི་གཏམ་ཐེངས་གཅིག་མིན་པར་དུ་མར་དྲིས་དང་འདྲི་བཞིན་འདུག ཡིན་ཡང་མཚམས་ནས་རྒྱུ་རྐྱེན་ཅི་ཡིན་ཧ་མ་གོ་ཡང་གང་ལྟར་ད་ཐེངས་སློབ་སྐབས་བར་ནར་འགྱངས་བྱས་འདུག ཉིན་འདི་དག་གི་རིང་ལ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་སློབ་ཀུན་གྱི་གླེང་བཞིན་པ་ནི་མཁར་རྨེའུ་བསམ་གཏན་དང་ཁོང་གི་གསུང་རྩོམ་མདའ་དང་འཕང་ཡིན་པ་དང་། ཚང་མས་ཁོང་པེ་ཅིན་དུ་ཡོང་ནས་ཟླ་བ་གཅིག་གི་རིང་ལ་འཆད་ཁྲིད་བྱེད་རྒྱུ་དེར་བསྒུག་འདུག པེ་ཅིན་གྱི་བོད་རིགས་སྤུན་ཟླ་མང་བོ་ཞིག་གིས་ཀྱང་འདིར་རྣ་བ་གཏད་དེ་ཉན་འདུག དེ་མིན་གོ་ཐོས་ལྟར་ན་ཁམས་དང་ཨ་མདོ་ནས་མེ་འཁོར་དང་གནམ་གྲུར་བསྡད་དེ་བསམ་གཟས་ནས་ཁོང་གི་འཆད་ཁྲིད་ལ་མཉན་དུ་ཡོང་མཁན་ཀྱང་འདུག འདི་དངོས་གནས་བོད་པའི་སློབ་གཉེར་གྱི་སྣང་ཚུལ་ཡག་པོ་ཞིག་དང་ཡང་ན་མཁས་པའི་མཚན་སྙན་གྱི་མངར་ཁའང་ཅི་ལ་མིན།
ངས་ཀྱང་སྔོན་ལོར་གནའ་མཁར་ཟི་ལིང་ནས་ཉོས་པའི་མདའ་དང་འཕང་ལ་ཡང་བསྐྱར་ཐེངས་ཤིག་བལྟ་རྒྱུའི་གྲ་སྒྲིག་བྱས། ཉིན་འདི་དག་གི་རིང་ལ་མདའ་དང་འཕང་བཙལ་མཁན་མང་བོ་འདུག རྒྱུས་ལོན་ལྟར་ན་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔེ་ཆ་དཔར་ནས་ཉོས་ཚར་སོང་བ་དང་པོ་དེ་མདའ་དང་འཕང་ཡིན་འདུག དེ་བས་སློབ་གྲོགས་མང་ཆེ་བ་ཞིག་གི་ལག་ཏུ་མ་རེག་པས་མདའ་དང་འཕང་བསྐྱར་དཔར
བྱེད་ཀྱིན་འདུག

དེ་རིང་སྔ་དྲོ་པེ་ཅིན་ལོ་ཙཱ་ལྟེ་གནས་ཀྱི་གྲོགས་པོ་ཞིག་གིས་བརྡ་འཕྲིན་བཏང་སྟེ་ གལ་ཏེ་ང་དུས་ལྟར་མ་འབྱོར་ན་དགོངས་མོ་འདུག་ས་ཞིག་ལོངས་ཤིག་ཅེས་བྲིས་འདུག སྐབས་འདིར་ངས་ད་གཟོད་དགོངས་མོ་དུས་ཚོད་བདུན་གྱི་སྟེང་འཆད་ཁྲིད་ཡོད་པ་ཤེས། རེད། དེ་རིང་སྤྱི་ཟླ་དགུ་པའི་ཚེས་ཉི་ཤུ་རེད། ང་ཤུགས་ཀྱིས་ཡར་ལངས་དུས་ཉི་འོད་ཀྱིས་སྒེའུ་ཁུང་བརྟོལ་ཏེ་མལ་ཁྲིའི་ཟུར་ཞིག་ཏུ་འཕྲོས་ནས་དྲོད་ལམ་ལམ་དུ་བཏང་འདུག་པ་དང་། ཤེལ་སྒོའི་ངོས་ཀྱི་སྦག་བཙོག་སྣ་ཚོགས་ནི་མཛེས་རིས་མང་བོ་དང་འདྲ་བར་ཉི་འོད་ ཀྱི་གསེབ་ན་སྐམ་རིད་དུ་སོང་འདུག་ལ། སྣང་བ་ཞིག་ལ་འོད་ཀྱིས་ཤེལ་སྒོ་གཙང་བཀྲུས་བྱས་པ་དང་འདྲ་ལ་ཤེལ་སྒོ་ཉི་འོད་ཀྱི་ཁྲོད་དུ་འཐིམ་བཞིན་འདུག

སྤྱིར་ཡིན་ན་མཁས་པའི་འཆད་ཁྲིད་ལ་ཉན་རྗེས་ད་གཟོད་མྱོང་བ་བྲི་དགོས་ཀྱང་སྦྱོར་དངོས་རྗེས་གསུམ་ཞེས་སྲོལ་རྒྱུན་གྱི་ལག་ལེན་རླབས་ཆེན་འདི་དྲན་ནས་རེག་ཟིག་ཀྱང་འདི་ནས་བཟུང་འགོ་བརྩམས་ཟིན་ལ་ཁྱེད་ལའང་སྐྱས་ལམ་འདི་ནས་དགའ་བ་དང་བདེ་བ་ཅུང་ཙམ་ཡོད་ན་ངས་དེ་རང་ཉིད་ཀྱི་བདེ་སྐྱིད་ཀྱི་བདེ་སྐྱིད་དུའང་བསམ་ངེས།

སྤྱི་ཟླ་དགུ་པའི་ཚེས་ཉི་ཤུ། གཟའ་ཟླ་བ། གནམ་ཐང་།

ཆུང་དུས་སུ་ཕ་ཡུལ་ན་ཕྱི་ཇ་ཞེས་དུས་ཚོད་ལྔ་ནས་དྲུག་གི་བར་ཟ་མ་སྟབས་བདེ་ཞིག་ཟ་བའི་སྲོལ་འདུག རྒྱ་རིགས་སྤུན་ཟླར་གོམས་སྲོལ་འདི་ཕལ་ཆེར་མེད་པ་འདྲ། དབྱིན་ཇིའི་ཐ་སྙད་དུ
ཞེས་པའི་ཐ་སྙད་ཅིག་འདུག་པ་དེ་ནི་དབྱིན་ཇི་པར་ཕྱི་དྲོར་ཇ་འཐུང་བའི་གོམས་སྲོལ་ཡོད་ཅེས་ཐོས་མྱངས། དེ་རིང་ངས་ཀྱང་དུས་ཚོད་དྲུག་གི་ཐོག་ཟས་སྟབས་བདེ་ཞིག་ཟས་པ་དེ་ཕྱི་ཇ་དང་ནུབ་ཟས་གང་རུང་ལ་ངོས་འཛིན་དགོས་མིན་མི་ཤེས་ཀྱང་ཟ་མ་སྟབས་བདེ་ཞིག་ལ་རོལ་རྗེས་རིག་གནས་ཁང་བརྩེགས་ཀྱི་ཕྱོགས་སུ་སོང་བ་ཡིན། ང་སློབ་ཁང་གི་སྒོར་ཐོན་དུས་མི་མང་བོ་སྔ་མོ་ནས་ཐོན་འདུག མང་ཆེ་བ་སློབ་མ་རེད། པེ་ཅིན་གྱི་བོད་རིགས་སྤུན་ཟླའང་འགའ་རེ་འདུག ངས་ན་གཞོན་སྒྲུང་གཏམ་པ་ལྷ་བྱམས་རྒྱལ་མཐོང་བས་ཁོ་ལག་འཇུ་བྱས་ཤིང་འཚམས་འདྲི་བྱས། ཁོས་བརྗོད་པ་ལྟར་ན་ཁོ་རང་གི་ཆུང་མའང་འཆད་ཁྲིད་ལ་མཉན་དུ་ཐོན་ཡོད་ཟེར། གནམ་གཤིས་ཅུང་འཁྱགས་ན་ཡང་མི་རྣམས་ཀྱི་གདོང་འཛུམ་གྱིས་ཁེངས་འདུག ང་པེ་ཅིན་དུ་ཡོང་ནས་ལོ་གཉིས་དང་ཕྱེད་ཀའི་རིང་ལ་བོད་ཀྱི་སློབ་མ་རྣམས་འཆད་ཁྲིད་ལ་དུས་ཚོད་ཀྱི་སྔོན་དུ་ཡོང་བ་དེ་རིང་ཐེངས་དང་པོ་རེད་ཅེས་བརྗོད་ཀྱང་མི་ ཆོག་པ་མེད། ཅང་མ་འགོར་བར་འཆད་ཁྲིད་ཁང་གི་སྒོ་ཕྱེས་བྱུང་། མི་རྣམས་འཚང་ཁ་ཤིག་ཤིག་གིས་ནང་དུ་བླུགས་བྱུང་བས་འདུག་ས་ཚང་མ་སྐད་ཅིག་ཉིད་ལ་ རང་རང་གི་བདག་ཏུ་བཟུང་ཚར། མི་ལ་ལས་འདུག་ས་གཉིས་ཀྱང་བླངས་འདུག སྐབས་འདིར་ངས་གྲོགས་པོ་དྲན་ནས་ཡར་ལྟ་མར་ལྟ་བྱས་ཀྱང་ངལ་བ་འབྲས་མེད་རེད། རྗེས་སུ་ཤེས་གསལ་ལྟར་ན་ཁོའང་སྔ་མོ་ནས་བསླེབས་འདུག འདུག་ས་མེད་པའི་མི་རྣམས་ཐང་ན་ཙོག་འདུག སྐབས་འདིར་ངས་པེ་ཅིན་སློབ་གྲྭ་ཆེན་མོའི་དགེན་ཆེན་མོ་ཆན་ལིས་ཆཱོང་གིས་སློབ་ གྲྭ་དེར་འཆད་ཁྲིད་བྱེད་སྐབས་ནམ་རྒྱུན་སློབ་མ་རྣམས་ལ་འདུག་ས་མ་འདང་བར་རྩོད་ པ་བྱུང་བ་དང་། བར་འཁྱམ་ན་ཙོག་ཅིང་སྒེའུ་ཁུང་དག་ན་ཅེར་འདུག་ཅེས་གཞན་གྱི་ངག་ནས་ཐོས་པ་དེ་ དྲན་བྱུང་།
ང་ལ་མཚོན་ན་རེ་སྒུག་ལ་སྡང་ཞིང་བཟོད་བསྲན་མེད་པའི་མི་ཞིག་ཡིན་མོད་དེ་རིང་མཁས་པ་ཆེན་པོ་དེ་ཡང་སྙིང་ཅི་ལྟ་བུ་ཞིག་ཡིན་ནམ་སྙམ་ནས་འཆར་སྣང་དང་རེ་སྒུག་ལྷན་ དུ་བསྲེས་པས་གམ་གྱི་སློབ་གྲོགས་ཞིག་གིས་ཐོན་བྱུང་ཞེས་སྐད་བརྒྱབ་དུས་ཁོང་ སློབ་ཁང་དུ་ཐོན་འདུག སྐབས་འདིར་དུས་ཚོད་བདུན་ཡིན་ལ་འཆད་ཁྲིད་ཀྱི་འགོའང་དངོས་སུ་བརྩམས།
བོད་རིག་པ་གླིང་གི་མགོ་གཙོ་ཚེ་རིང་ཐར་གྱིས་དགེ་སློབ་ཀུན་གྱི་ཚབ་བྱས་ནས་ཁ་བཏེགས་ ཕུལ་རྗེས་འཆད་ཁྲིད་ལ་འགོ་འཛིན་བྱས། འཆད་ཁྲིད་ལ་ཉན་མཁན་གྱི་ཁྲོད་དུ་རྒྱ་རིགས་སྤུན་ཟླ་དང་བོད་སྐད་མི་ཤེས་པའི་ བོད་རིགས་ཀྱང་ཡོད་པས་དགེན་ཚེ་དབང་ལྷ་མོས་རྒྱ་ཡིག་ཏུ་ལོ་ཙཱ་བྱས།

འཆད་ཁྲིད་དངོས། ནང་དོན་ཁོང་གི་སྐད་ཆའི་ཁྱད་ཆོས་ལྟར་མདོར་བསྡུས་སྒོས་བྲིས་ཡོད།

ལྷོ་ཁ་ནས་རྙེད་པའི་བོད་ཀྱི་ཡིག་རྙིང་
གཅིག ཡིག་རྙིང་སྤྱིར་གླེང་བ།
གྲུབ་མཐའ་ཁག་དང་ལྷག་པར་བོན་གྱི་གཏེར་མའི་སྐོར་བརྗོད་རྒྱུ་ཡིན། གཏེར་མ་ཟེར་བ་དེ་བོད་ལ་མ་གཏོགས་འཛམ་གླིང་གི་ཆོས་ལུགས་གཞན་པ་དག་ལ་མེད་པས་གཏེར་མ་ བོད་ཀྱི་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་ངོས་འཛིན་བྱས་ཆོག གཏེར་མར་རྙིང་མ་དང་བོན་གྱི་གཏེར་མ་གཉིས་སུ་དབྱེ་ཆོག ཅིའི་ཕྱིར་གཏེར་དུ་སྦས་པ་དང་གཏེར་ནས་ཅི་ལྟར་རྙེད་པ་རེད་ཟེར་ན། རྙིང་མར་མཚོན་ན་སྔོན་ཆད་སངས་རྒྱས་ལུགས་ཐོག་མར་དར་སྐབས་ཆོས་ལུགས་ཀྱི་ནང་དོན་ ཧ་མ་གོ་བས་གཏེར་དུ་སྦས་པ་རེད། བོན་ལ་མཚོན་ན་དུས་རབས་བརྒྱད་པའི་སྐབས་སུ་བན་བོད་རྩོད་པ་བྱུང་བས་བོན་ཆོས་མང་ བོ་གཏེར་དུ་སྦས་པ་རེད། བན་བོན་གྱི་རྩོད་པ་དུས་རབས་བརྒྱད་པའི་སྐབས་སུ་བྱུང་བ་ལོ་རྒྱུས་སུ་གསལ་བ་ཚང་ མས་ཤེས་གསལ་ལྟར་རེད།

ནས་བསྟན་པ་ཕྱི་དར་གྱི་སྐབས་སུ་གཏེར་འདོན་མཁན་མང་བོ་བྱུང་བ་རེད། བྱེ་བྲག་ཏུ་དུས་རབས་བཅུ་པ་དང་དུས་རབས་བཅུ་པའི་མཇུག་ཏུ་རྙིང་མ་དང་བོན་པོའི་ གཏེར་འདོན་པ་སྔ་རྗེས་སུ་བྱུང་བ་རེད། དཔེ་ཆ་དེ་དག་གཏེར་ནས་བཏོན་མ་ཐག་གཏེར་མ་ཞེས་བཏགས་པ་རེད། དཔེ་ཆ་དེ་དག་ས་དང་རྡོའི་འོག་ནས་རྙེད་པ་ཡིན་ན་མིག་གིས་མཐོང་ཐུབ་པ་ཞིག་ཡིན་ དགོས་པ་དང་། གལ་ཏེ་དེ་རིང་ང་ཚོས་དེ་དག་མཐོང་ཚེ་ཤོག་བུ་དང་ཡི་གེ བརྗོད་བྱ་སོགས་ལ་དཔྱད་ན་དཔེ་ཆ་རྙིང་བ་ཡིན་པ་ཤེས་ཐུབ། འོན་ཀྱང་དུས་རབས་བཅུ་པའི་ཡར་སྔོན་གྱི་གཏེར་མ་རྙིང་བ་མཐོང་རྒྱུ་དཀའ་མོ་རེད། དུས་རབས་བཅུ་གཅིག་པའི་སྔོན་གྱི་ཡིག་རྙིང་ནི་ཏུན་ཧོང་ཡི་གེ་རེད། དེ་ཡིག་རྙིང་ཡིན་པ་ཇི་ལྟར་ངོས་འཛིན་དགོས་སྙམ་ན། ང་ཚོས་ད་སྐབས་དེ་དག་ཐེངས་གཅིག་བཀླགས་པ་ཙམ་གྱིས་གོ་བ་ལོན་མི་ཐུབ་ལ་ཡིག་ གཟུགས་ལ་བལྟས་ན་ཤེས་ཐུབ། དེ་བས་ཏུན་ཧོང་ཡིག་རྙིང་གཏེར་ལ་འབྲེལ་བ་ཆེན་པོ་འདུག བོད་བཙན་པོའི་དུས་ཀྱི་རྡོ་རིང་དང་། ཡ་གླིང་གི་ཤར་དཀྱིལ་དང་། ཏུན་ཧོང་ས་ཁུལ་ནས་རྙེད་པའི་ཡིག་རྙིང་དེ་དག་ཡིག་རྙིང་ཡིན་པ་རྩོད་པ་ཡོད་པ་མ་ རེད། ད་སྐབས་ང་ཚོས་བརྗོད་བཞིན་པའི་གཏེར་མ་དཔེར་ན་མ་ཎི་བཀའ་འབུམ་ལྟ་བུ་ཡིན་ལ་དེ་ཆོས་རྒྱལ་སྲོང་བཙན་པོའི་དུས་ནས་བྱུང་བར་འདོད་པ་དང་ལ་ལས་དེ་སྲོང་བཙན་སྒམ་པོས་མཛད་པར་འདོད། ཡིན་ཡང་དེར་ཡིག་རྙིང་གི་ཁྱད་ཆོས་ཅི་ཡང་མི་འདུག

གཉིས་པ། ལྷོ་ཁ་ནས་རྙེད་པའི་ཡིག་རྙིང་།

ཀ སྤྱི་བཤད། ༢༠༠༦ལོར་ལྷོ་ཁའི་དགའ་ཐང་འབུམ་པ་ཆེའི་མཆོད་རྟེན་ལས་བོན་གྱི་ཡིག་རྙིང་རྙེད་བྱུང་། མཆོད་རྟེན་གྱི་མིང་ལ་འབུམ་པ་ཆེ་ཟེར། དེ་སུས་བཞེངས་པ་མི་ཤེས། སྤྱིར་བཏང་དུ་བསམ་ཡས་ན་སྔོན་ཆད་ཁ་དོག་སྔོན་པོ་དང་དམར་པོ། དཀར་པོ་དང་ནག་པོ་བཅས་མཆོད་རྟེན་བཞི་ཡོད་པ་རེད། ཡིན་ནའང་མཆོད་རྟེན་དེ་བཞི་པོ་རིག་གསར་གྱི་སྐབས་སུ་བརླགས་པ་རེད། བོད་ཀྱི་ལོ་རྒྱུས་ལ་མཚོན་ན་སྦ་བཞེད་རྙིང་བའི་གྲས་ཡིན་པ་དང་དེའི་ནང་དུ་སྔོན་ ཆད་བོན་ཆོས་བསྣུབས་དུས་ཆོས་དཔེ་དག་མཆོད་རྟེན་ནག་པོའི་ནང་བཞག་པ་བརྗོད་འདུག བོན་གཞུང་དུ་དམར་པོའི་ནང་བཞག་པ་བྲིས་འདུག མཆོད་རྟེན་ནག་པོའི་ནང་དཔེ་ཆ་ཡོད་སྲིད་ཀྱང་ལག་ཏུ་མ་རེག སྔོན་ཆད་ཀྱི་མཆོད་རྟེན་ནག་པོ་དང་ད་སྐབས་གསར་དུ་བཞེངས་པའི་མཆོད་རྟེན་གྱི་ དབྱིབས་མི་གཅིག གང་ལྟར་མཆོད་རྟེན་དང་ལྷ་ཁང་། བྲག་ཕུག་དག་ནས་གཏེར་མ་རྙེད་བཞིན་ཡོད་པ་རེད། རྙིང་ མའི་གཏེར་དག་མཆོད་རྟེན་དང་ལྷ་ཁང་དག་ནས་རྙེད་པ་དང་། བོན་གཏེར་དག་བྲག་ཕུག་དང་མཆོད་རྟེན། དབེན་གནས་དག་ནས་རྙེད་པ་རེད། གཏེར་མ་གཞན་པ་དང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་རྙིང་ཟུང་ལ་ཁྱད་པར་འདུག

ཁ འབུམ་པ་ཆེ་མཚམས་སྦྱོར།
འབུམ་པ་ཆེ་མཆོད་རྟེན་གྱི་འདྲ་པར་རྙིང་བ་འདི་ནི༡༩༤༢ལོར་རྒྱ་གར་གྱི་མི་ཞིག་གིས་ བླངས་པ་རེད། མི་དེ་སྔོན་ཆད་ལྷ་སར་ཡོང་བ་རེད། སྟབས་བདེ་བ་ཞིག་ལ་མཆོད་རྟེན་དེ་ཞིག་མ་ཐུབ་པའམ་ཞིག་ཀྱང་མ་འགྱེལ་བར་ལུས་འདུག ད་ལྟ་མཆོད་རྟེན་དེར་ཞིག་གསོ་བྱས་འདུག ཡིག་རྙིང་དེ་དག་རྙིང་བའི་ནང་རྙེད་པ་རེད། ལྷོ་ཁའི་རིག་གནས་ཅུས་ཀྱི་ནོར་བུ་ཚེ་རིང་གིས་ཞིག་གསོ་བྱེད་སྐབས་རྙེད་པ་རེད། སྐབས་དེར་རལ་བར་གྱུར་འདུག ཁོས་དེ་དག་ལ་ལེགས་སྒྲིག་བྱེད་སྐབས་ཤོག་བུ་ཞིག་གི་ཐོག་ནས་སྟོན་པ་གཞེན་རབ་མི་ བོ་ཆེའི་མིང་མཐོང་བ་དང་། ཡིག་གཟུགས་དང་ཤོག་བུ་རྙིང་བ་ཡིན་པས་ཁོ་ཧ་ལས་སོང་ཟེར། ཁོས་སྔོན་ཆད་ཕྱི་རྒྱལ་ནས་སློབ་གཉེར་བྱེད་སྐབས་ཁོའི་དགེན་ལགས་ཀྱི་བོན་གྱི་ ཡིག་རྙིང་གི་རིན་ཐང་བརྗོད་མྱོང་བས་སྲུང་སྐྱོབ་གང་ལེགས་བྱས། དེ་ནས་ཁོས་གོང་རིམ་ལ་སྙན་ཞུ་བྱས་པ་ལྟར་པ་སངས་དབང་འདུས་ཡོང་ནས་ཁོ་གཉིས་ཀྱིས་ མཉམ་འབྲེལ་སྒོས་དཔེ་ཆ་རིགས་མི་འདྲ་བ་བཞི་པར་སྐྲུན་བྱས། ཞིབ་འཇུག་བྱས་མཐར་ཡིག་རྙིང་དེའི་ཡིག་གཟུགས་དང་། རྗོད་བྱེད། ཤོག་བུ་སོགས་ཚང་མ་ཏུན་ཧོང་ཡིག་རྙིང་དང་འདྲ་བོ་ཞེ་དྲག་རེད

ག མཆོད་རྟེན་བཞེངས་མཁན་སུ་ཡིན་གྱི་སྐོར།
ངག་རྒྱུན་ལྟར་ན་མི་ཁ་ཤས་ཀྱིས་མྱང་ཉི་མ་འོད་ཟེར་གྱིས་བཞེངས་པར་འདོད། ཁོང་ཡིན་པའི་དབང་དུ་བཏང་ན་དུས་རབས་བཅུ་གཉིས་པའི་འགོར་བྱུང་བ་རེད། ཡང་ཁ་ཤས་ཀྱིས་བཀའ་བརྒྱུད་པའི་འཕགས་མོ་གྲུབ་པ་རྡོ་རྗེ་རྒྱལ་པོས་བཞེངས་པར་ འདོད། དེའི་དབང་དུ་བཏང་ན་ཁོང་དུས་རབས་བཅུ་གཅིག་པའི་ནང་བྱུང་བ་རེད། དུས་རབས་དང་ལོ་ཚིགས་ལ་དཔྱད་ན་བཞེངས་མཁན་ཤེས་འདོད་པ་རེད། འོན་ཀྱང་ད་ལྟ་ད་དུང་བཞེངས་མཁན་གསལ་བོ་མི་ཤེས། ད་དུང་དཔྱད་དགོས། ཐབས་ཤེས་གཅིག་ལ་ཤོག་བུར་དཔྱད་ན་ཤེས་མོད་དེ་རིང་ང་ཚོར་གོ་སྐབས་དེ་རེག་པ་མ་ རེད།

ཡིག་རྙིང་དུ་གཤེན་རབ་མི་བོ་ཆེ་ཞེས་པའི་གཤེན་གྱི་མིང་གཞི་ཤ་ཞ་ལྟར་བྲིས་འདུག་པ་དང་། གི་གུ་ཕྱིར་ལོག་ཅན་སོགས་ཏུན་ཧོང་ཡིག་རྙིང་དང་འདྲ།
ཁོང་གིས་དཔེ་ཅུང་མང་བོ་བཀོད་ཀྱང་འདིར་མ་བྲིས། སྤྲོ་སྣང་ཡོད་ན་བོན་གྱི་ཡིག་རྙིང་གི་དཔེ་ཆ་དངོས་གཟིགས་ཆོག དེ་མིན་ད་དུང་ཁོང་གིས་ཏུན་ཧོང་ཡིག་རྙིང་དང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ ཡི་གེ་བསྡུར་བ་དང་། ཧྥ་རན་སི་ན་ཡོད་པའི་ཏུན་ཧོང་ཡིག་རྙིང་ཞིག་ལས་བོན་གྱི་ཡིག་རྙིང་ཡང་རྙེད་ལ་ དེའི་ནང་བོན་གྱི་རྒྱལ་པོ་དང་པོ་གྲི་གུམ་བཙན་ཞེས་ཀྱང་བྲིས་འདུག་པ་སོགས་ཀྱང་ གསུངས་སོང་།
བོན་ལ་གཞོལ་ནས་བོད་ཞིག་བཙལ་འདོད་ཀྱང་།།

རྡོག་རྡོག་རྡེའུ་འབུམ་འདྲ་ཞིག་རྙེད་དཀའ་བས།
ཡང་དག་དབུ་མའི་གསེར་གྱི་ཤེས་རབ་ཀྱིས།།
མ་འོངས་གངས་ལྗོངས་དར་བའི་ལམ་དུ་འཁྲིད།།
ཞེས་བར་སྐབས་ཀྱི་ཚིགས་བཅད་ཀྱི་ལྗོན་པར་ངལ་བ་བསྙེས་རྗེས་ཁོང་གི་འཆད་ཁྲིད་ལ་མུ་མཐུད་དུ་མཉན་ཆོག

ཁ། དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་གི་རིན་ཐང་།

ཚན་རིག་གི་ལམ་ནས་ཡིག་རྙིང་ལ་དཔྱད་པ་བཏང་ཚེ། ཐོག་མར་དེ་དུས་ནམ་ཞིག་ལ་བྱུང་བར་དཔྱད་པ་གཏང་དགོས། ཏུན་ཧོང་གི་ཡིག་རྙིང་ལ་ལས་ཁྲོད་གནའ་སྔ་མོར་བོད་ལ་བོན་ཆོས་དར་བ་བྲིས་འདུག ད་སྐབས་ཕྱི་རྒྱལ་གྱི་མཁས་པ་ལ་ལས་དུས་རབས་བཅུ་གཅིག་པའི་སྔོན་ལ་བོད་ལ་ཆོས་ ལུགས་བྱུང་མེད་འདོད་མཁན་ཀྱང་ཡོད། འོན་ཀྱང་ང་ཚོས་ཡིག་རྙིང་འདི་དག་གིས་ལྟ་བ་དེ་རྫུན་ཡིན་པ་ར་སྤྲོད་བྱས་འདུག དེ་བས་ང་ཚོས་ཞིབ་འཇུག་བྱེད་སྐབས་མིག་མཐོང་ལག་ཟིན་མ་བྱུང་ན་ལྟ་བ་གང་འདོད་དུ་ བརྗོད་རྒྱུ་དཀའ་ལས་ཁག་པོ་རེད། ད་སྐབས་ཞིབ་འཇུག་པའི་ཁྲོད་ན་ཚོད་བགམ་བྱེད་མཁན་ཡོད། དེ་ཚན་རིག་དང་མཐུན་པ་མ་རེད།

ད་ང་ཚོས་ཡིག་རྙིང་རྙེད་ན་དཔྱད་པ་གཏོང་དགོས། ངས་གོང་ནས་བརྗོད་པའི་གཏེར་ཡིག་དེ་དག་ལ་དཔྱད་པ་གཏོང་དགོས། བོད་ཀྱི་གཏེར་མ་སྐོར་ཞིག་ངག་རྒྱུན་ལྟ་བུ་རེད། ངས་ད་ལྟའི་བར་དུ་གཏེར་མ་ངོ་མ་ཞིག་མཐོང་མ་མྱོང་། འོན་ཀྱང་ངས་མ་མཐོང་ན་མེད་པ་མ་རེད།

གཏེར་ མ་སྐོར་ཞིག་ཁོ་ཚོས་བྲིས་པ་རེད། ཡིན་ན་ཡང་རྙེད་པ་དང་བྲིས་པ་གཉིས་ཁ་ཁ་རེད། དགའ་ཐང་འབུམ་པ་ཆེ་ལ་མཚོན་ན་དུས་རབས་བརྒྱད་པ་ལས་བརྒལ་ཐུབ་ཀྱིན་མི་འདུག དེའི་ནང་དུ་བོད་པ་རང་གི་འདུ་ཤེས་མཚོན་བཞིན་འདུག དེ་ལྟར་བརྗོད་པའི་རྒྱུ་མཚན་ནི་ནང་ཆོས་ཀྱི་དཔེ་ཆའི་ནང་གི་བསམ་གཞིག་བྱེད་ སྟངས་དང་ཁང་པ་ལས་སྟངས་སོགས་རྒྱ་གར་ལྟར་རེད། དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་ཁྲོད་ཀྱི་ཆོ་ག་ལས་མངོན་པ་བོད་མི་རང་གི་བསམ་ སྤྱོད་རེད། བོད་རང་གི་བསམ་བློ་འཚོལ་རྒྱུ་དེ་གཙོ་བོ་རེད། བོད་རིག་པར་ཞིབ་འཇུག་བྱེད་ཚེ་བོད་མིའི་བསམ་བློ་གཏོང་སྟངས་དང་བྱ་སྤྱོད་འཚོལ་ རྒྱུ་དེ་གཙོ་བོ་རེད། དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་ལ་ཡིད་ཆེས་བྱས་ཆོག་པའི་རྒྱུ་མཚན་ནི་ཡིག་རྙིང་ དེ་མཆོད་རྟེན་དུ་བཞག་པ་ནས་ད་ལྟའི་བར་བཟོ་བཅོས་བཏང་ཡོད་པ་མ་རེད། བོད་ལ་ཡིག་རྙིང་མེད་པ་མིན་མོད། ཡིག་རྙིང་མང་བོ་ཞིག་ལ་བཟོ་བཅོས་བཏང་ཟིན། དེ་བས། དཔེར་ན་རྒྱལ་པོ་སྲོང་བཙན་སྒམ་པོའང་ལྷ་རུ་བཏང་ནས་བརྗོད་པས་ལོ་རྒྱུས་ཀྱི་ཆ་ གབ་འདུག བོད་ཀྱི་ཆོས་འབྱུང་གི་རྩོམ་མཁན་མང་ཆེ་བ་ཆོས་པ་ཡིན་པས། ཁོ་ཚོས་དད་པ་གཙོ་བོར་བཟུང་ནས་བྲིས་པ་རེད། དེ་ལྟར་ཡིན་ཚེ་ལོ་རྒྱུས་ཀྱི་ཆ་ནས་དཀའ་ལས་ཁག་པོ་འདུག ཏུན་ཧོང་གི་ཡིག་རྙིང་དང་དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་གི་ནང་དོན་སྐབས་དེའི་ གནས་ཚུལ་ཇི་བཞིན་དུ་བྲིས་འདུག སྐབས་དེའི་འདུ་ཤེས་དང་བསམ་བློ་མཚོན་ཡོད་པས་ཡིད་ཆེས་ཀྱི་ཚད་མཐོན་པོ་འདུག

ངས་འདི་ཙམ་བཤད། ཞོལ་ནས་ཁྱེད་རྣམ་པར་དྲི་བ་ཡོད་ན་ངས་ལན་འདེབས།

མཇུག་གི་གཏམ།

དུས་ཚོད་གཅིག་རིང་གི་འཆད་ཁྲིད་མཇུག་རྫོགས་རྗེས་སློབ་གྲོགས་དང་ཕྱོགས་ཡོང་སྐུ་མགྲོན་གྱི་ཁྲོད་ནས་རེ་འགའི་དྲི་བ་བཏོན་ཀྱང་སྐད་ཆའི་དབང་གིས་ཕན་ཚུན་ལ་བརྡ་འཕྲོད་པར་དཀའ་ངལ་ཆེན་པོ་ཡོད་པས་སྟབས་བདེ་བོ་ཞིག་མ་བྱུང་། བོད་པ་བོད་པའི་བར་ནས་ཕན་ཚུན་ལ་ལོ་ཙཱ་བྱས་ཀྱང་ད་དུང་སྟབས་བདེ་མ་བྱུང་ངོ་།།

ཨ་མདོ་པ་དང་ཁམས་པ་གང་ལ་མཚོན་ནའང་ལྷ་སའི་སྐད་ལ་ངེས་པར་དུ་སློབ་སྦྱོང་ནན་མོ་བྱེད་དགོས་ལ་དེ་ལྟར་མ་བྱས་ན་ཐབ་ཀ་མ་གཏོགས་ས་མི་ཤེས། ཨ་མ་མ་གཏོགས་མི་མི་ཤེས་ཞེས་ཨ་མདོའི་ལུང་པ་ཁག་ན་བརྗོད་པའི་གཏམ་དཔེ་དང་ཀུན་ནས་མཚུངས་སོ།།

༢༠༡༠ལོའི་ཟླ༡༠ཚེས༡ཉིན་བཟོ་བཅོས་བྱས་པ་ཡིན།

དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྒྲིག་མཁན་པ་སངས་དབང་འདུས་དང་ནོར་བུ་ཚེ་རིང་། ༢༠༠༧ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས།
མཚོ་སྔོན་པོའི་ཟིན་བྲིས་ཕ་བོང་གི་འཇིག་རྟེན་ཞེས་པ་ལས་དྲངས།
http://blog.amdotibet.cn/pawang/index.aspx