ལེགས་བཤད་ལམ་གྱི་རིམ་པ་ཞེས་བྱ་བ་ཚིག་བར་བདུན་ལ་ཤད་བར་དུ་བགྱིས་པ་ཤོ་ལོ་ཀ་དྲུག་ཅུ་རྩ་བརྒྱད་པ་བཞུགས་སོ།

སྐུ་མདུན་བསོད་ནམས་གཡུང་དྲུང་།
༄༅། ། ༡ དྲི་མེད་སྐུ་སྟེ་ཤེས་བྱ་མཁྱེན།། འཕྲུལ་ངག་བདེན་པའི་ཐར་ལམ་སྟོན།། ཉོན་ཤེས་བྱང་སྦྱོང་འགྲོ་ལ་བརྩེ།། སྐྱབས་གནས་གསུམ་ལ་ཕྱག་འཚལ་ལོ།། ༢ བློ་གྲོས་ལྡན་པའི་ཤེས་རབ་ཀྱིས།། མི་ཤེས་བློ་དམན་རབ་རིབ་བསལ།། སྙན་པའི་ངག་དང་ཚིག་སྡེབས་ནས།། གཞན་ཕན་ཕྱིར་དུ་ལེགས་པར་བཤད།། ༣ ཆུ་ཤེལ་ལས་གྲུབ་བསིལ་ལྡན་པས།། ཆུ་སྐྱེས་པད་མོའི་ཁ་འབྱེད་ལྟར།། སངས་རྒྱས་བཀའ་དང་དམ་པའི་ལུང།། དེས་ནི་བློ་གསལ་ཤེས་རབ་འབྱེད།། ཀླད་ཀྱི་དོན་བསྟན་པའོ།།
༤ ཆུ་བོ་ཆེན་པོ་བསྟེན་བྱས་ན།། སྐོམ་པའི་གདུང་བ་སེལ་བཞིན་དུ།། བླ་མ་དམ་པ་བསྟེན་བྱས་ན།། གདམས་ངག་འདོད་པའི་གདུང་བ་སེལ།། ༥ ལྗོན་ཤིང་ལ་བསྟེན་དབྱི་མང་དེ།། དེ་ཉིད་གར་སྐྱེས་དེ་ཡིས་སླེབས།། བླ་མ་ལ་བརྟེན་གང་ཟག་དེ།། ཡོན་ཏན་རིམ་པ་དེ་བཞིན་འབྱུང།། ༦ པད་མོའི་ཚོགས་ལ་སྦྲང་རྩི་གནས།། མོས་པའི་བུང་བ་དེ་ལ་འཁོར།། སྐྱེས་བུ་དམ་པ་ཡོན་ཏན་མཛོད།། དད་ལྡན་བློ་གསལ་དེ་ལ་འཁོར།། ༧ དྲི་ཞིམ་སྨན་གྱི་སྡོང་པོ་ལ།། དྲི་ངན་ངང་གི་མི་གནས་བཞིན།། མཚན་ཉིད་ལྡན་པའི་སྐྱེས་བུ་ལ།། གནོད་པ་ངང་གིས་མི་གནས་སོ།། དོན་དང་པོ་བླ་མ་བསྟན་པའོ།།
༨ ཞིང་ས་བཟང་ལ་ས་བོན་ཐེབས།། སོ་ནམ་མཁས་ན་འབྲས་བུ་སྨིན།། དལ་འབྱོར་ལྡན་པའི་ཞིང་བཟང་ལ།། ཚོགས་བསགས་ལས་བྱས་འབྲས་བུ་སྨིན།། ༩ ལྷ་གནས་མེ་ཏོག་ཚལ་མང་ཡང།། ཨུ་དཔལ་མེ་ཏོག་སྐྱེ་བ་དཀོན།། འགྲོ་བའི་ལུས་ནི་གྲངས་མང་ཡང།། དལ་འབྱོར་ལུས་ཐོབ་ཤིན་ཏུ་དཀོན།། ༡༠ གསེར་ཟོ་མེད་ན་སེང་གེ་ཡི།། འོ་མ་ཡོད་ཀྱང་མི་ཐུབ་ལྟར།། དལ་བརྒྱད་འབྱོར་བཅུ་མ་ཐོབ་ན།། སངས་རྒྱས་འདོད་ཀྱང་སྣོད་མེད་དོ།། དོན་གཉིས་པ་དལ་འབྱོར་བསྟན་པའོ།།
༡༡ ནམ་ཟླས་བསྐྱེད་པའི་རྩི་ཐོག་བཀྲ།། དུས་འགྱུར་ཞག་གཅིག་བ་མོས་སྐམ།། དེ་བཞིན་དལ་འབྱོར་ཐོབ་ན་ཡང་།། འཆི་བའི་རྐྱེན་མང་རྟག་པ་མེད།། ༡༢ ཆུ་ལས་སྐྱེས་པའི་ཆུ་ལྦུ་དེ།། སྐྱེས་མ་ཐག་ཏུ་འཇིག་བཞིན་ཏུ།། སྣང་བ་ཐམས་ཅད་ལྟར་སྣང་ཡང།། རང་རང་ལས་བྱུང་རྐྱེན་གྱིས་འཇིག ། ༡༣ ནམ་མཁའི་འཇའ་ཚོན་ཤར་བ་ལ།། བྱིས་པས་མཐོང་ན་བདེན་པར་འཛིན།། མ་གཉེན་བུ་སོགས་ནོར་རྫས་ལ།། བློ་དམན་སོ་སྐྱེས་རྟག་པར་མཐོང།། ༡༤ ལག་པ་གཡས་ཀྱི་སེན་མོའི་སྟེང།། རྡུལ་གནས་དེ་ནི་མི་ཆགས་ལྟར།། ལང་ཚོའི་ལྗོན་ཤིང་སྒྱུ་མ་ཡི།། གཟུགས་བརྙན་དེ་ནི་མི་རྟག་ངེས།། ༡༥ སྒྱུ་མ་མཁན་གྱི་རྟ་གླང་དེ།། ཡིན་པར་ཤེས་ན་མི་ཉོ་སྟེ།། འགྲོ་བ་ཀུན་གྱིས་བདེན་འཛིན་པའི།། བསླུ་བར་རྟོགས་ན་མི་ཆགས་སོ།། དོན་གསུམ་པ་མི་རྟག་པ་བསྟན་པའོ།།
༡༦ ཆུ་བོ་དལ་དུ་འབབ་ན་ཡང།། ཐུར་དུ་འབབ་པ་ཁོ་ནའོ།། འཁྲུལ་པའི་ལས་སྤྱོད་བཟང་མོད་ཀྱང།། སྡུག་བསྔལ་རྒྱུ་བསོག་ཁོ་ནའོ།། ༡༧ སྲོག་ཆགས་ཆུ་ལ་གནས་པ་རྣམས།། བྱེ་ཐང་ཕྱིན་ན་སྡུག་བསྔལ་མྱོང།། དེ་བཞིན་ཚེ་འདིར་བདེ་བསྒྲུབ་ན།། འདི་ནས་ཚེ་འཕོས་སྡུག་བསྔལ་མྱོང།། ༡༨ སྲིན་བུ་དག་ལ་སྤུ་སྐྱེས་པ།། དེས་ནི་རང་སྲོག་གཅོད་པར་བྱེད།། སེམས་ཅན་ཉོན་མོངས་རང་ལ་ལྡང།། དེས་ནི་འཁོར་བར་འཁྱམས་པར་བྱེད།། ༡༩ མི་གཙང་བ་ཡི་ཁྲོད་ནང་དུ།། དྲི་ཞིམ་བྲོ་བ་མེད་བཞིན་དུ།། འཁོར་བའི་གནས་སུ་འཁྱམས་པ་ན།། དེ་ལ་བདེ་བ་གཏན་མེད་དོ།། ༢༠ ཙན་དན་སོལ་བའི་ཞུགས་ནང་དུ།། བསྲེག་བ་བཟོད་གླགས་མེད་པ་བཞིན།། ངན་སོང་གསུམ་གྱི་སྡུག་བསྔལ་ལ།། སྤྱོད་དགོས་བྱུང་ན་བཟོད་གླགས་མེད།། ༢༡ དགྲ་ཡི་འཇིགས་པ་ཡོད་ཤེས་ན།། རང་གི་དཔུང་དང་གོ་ཆ་བསྒྲུབས།། དེ་བཞིན་ཉེས་དམིགས་ཡོད་ཤེས་ན།། དལ་བ་ལ་བརྟེན་དགེ་བ་བསྒྲུབས།། དོན་བཞི་པ་ཉེས་དམིགས་བསྟན་པའོ།།
༢༢ སྲོག་གི་གཉེན་པོ་བཙན་དུག་དེ།། ངོ་ཤེས་པ་ཡི་མི་དེས་འཛེམ།། སྡིག་བྱས་དེ་ཡི་སྐྱོན་ཤེས་ན།། ཕྲ་ཞིང་ཕྲ་བ་དག་ལ་འཛེམ།། ༢༣ ལྕགས་རྡོ་འཕྲད་ན་སྤྲ་བའི་མེས།། ནགས་ཚལ་ཆེན་པོ་བསྲེགས་པར་བྱེད།། གཟུང་འཛིན་འཕྲད་པའི་སྦྱོར་བའི་སྡིག།།ཆུང་ཡང་ཆེན་པོའི་སྡུག་བསྔལ་བསྐྱེད།། ༢༤ ཞིང་བཟང་དག་ལ་ནས་བཏབ་ན།། འབྲས་བུ་སྲན་མ་འབྱུང་མི་སྲིད།། སྡིག་སྤང་དགེ་བ་བཅུ་སྤྱད་ན།། འབྲས་བུ་སྡུག་བསྔལ་འབྱུང་མི་སྲིད།། ༢༥ དངུལ་དཀར་མེ་ལོང་ཤེལ་སྒོང་ལ།། གཡའ་དང་དྲི་མ་མེད་བཞིན་དུ།། བྱང་ཆུབ་སེམས་ཀྱིས་ཟིན་པ་ཡི།། དགེ་བ་སྤྱོད་ལ་དྲི་མ་མེད།། དོན་ལྔ་པ་རྒྱུ་འབྲས་བསྟན་པའོ།།
༢༦ ངང་པ་དང་ནི་རུས་སྦལ་གྱིས།། ཆུ་དང་འོ་མ་འབྱེད་པ་བཞིན།། སྐྱེས་བུ་དད་པ་དང་ལྡན་ན།། དེས་ནི་དགེ་སྡིག་འབྱེད་པར་བྱེད།། ༢༧ མ་ཕྱིར་བུ་དང་དགུན་གཞུའི་རྒྱུད།། ཆུ་བོའི་རྒྱུན་དང་སྲོག་ཆད་མི།། དེ་བཞིན་མོས་པ་ཡིད་ཆེས་དང།། རྒྱུན་རིང་ཕྱིར་མི་ལྡོག་པར་བྱ།། དོན་དྲུག་པ་དད་པ་བསྟན་པའོ།།
༢༨ ཁས་དམན་པོ་ལ་དགྲ་བྱུང་ན།། རྗེ་མགོན་མྱུར་དུ་འཚོལ་བ་བཞིན།། འཁོར་བའི་འཇིགས་པར་སྐྱབས་འདོད་ན།། རིན་ཆེན་གསུམ་ལ་སྐྱབས་ཚོལ་ཞིག།། ༢༩ ནོར་བུ་རིན་ཆེན་མཆོད་བྱས་ན།། གང་གིས་མཆོད་ལ་དགོས་འདོད་འབྱུང།། ཡུལ་མཆོག་དེ་ལ་མཆོད་བྱས་ན།། གང་གིས་མཆོད་པ་ཐུགས་རྗེས་འཛིན།། ༣༠ འཇིག་རྟེན་ནད་རྣམས་ཞི་བ་ལ།། སྨན་རྣམས་བསྟེན་པ་བྱེད་བཞིན་དུ།། སྲིད་པའི་མཚོ་ལས་སྦྱོང་བ་ལ།། མྱུར་དུ་བསྒྲལ་མཛད་སྐྱབས་གནས་བསྟེན།། དོན་བདུན་པ་སྐྱབས་འགྲོ་བསྟན་པའོ།།
༣༡ སྨན་མཆོག་རྣམ་པར་རྒྱལ་བ་དེ།། ནད་རྣམས་ཀུན་ལ་སྙོམས་སུ་འགྲོ།། བྱང་ཆུབ་སེམས་བསྐྱེད་བསླབ་པ་དེས།། ཉོན་མོངས་ཀུན་གྱི་གཉེན་པོར་འགྲོ།། ༣༢ འཁར་བ་འཆང་དང་གསེར་ཉོ་གཉིས།། ཁྱད་པར་ཆེ་བ་ཇི་བཞིན་དུ།། བདག་དོན་བས་ཀྱང་གཞན་གྱི་དོན།། སེམས་བསྐྱེད་དགེ་སྤྱོད་ཁྱད་པར་ཆེ།། ༣༣ ཅི་སྲིད་རྒྱ་མཚོ་མ་ཟད་བར།། དེ་སྲིད་ཆུ་བོ་མི་ཟད་བཞིན།། ཅི་སྲིད་འཁོར་བ་མ་སྟོངས་བར།། དེ་སྲིད་བྱང་ཆུབ་མི་འཛད་དོ།། དོན་བརྒྱད་པ་སེམས་བསྐྱེད་བསྟན་པའོ།།
༣༤ ས་བོན་ཡོད་ཀྱང་ཞིང་མེད་ན།། དེ་ཡི་འབྲས་བུ་མི་སྨིན་བཞིན།། སངས་རྒྱས་གཞི་ལ་རྩེ་གཅིག་གིས།། ཏིང་འཛིན་མེད་ན་སངས་མི་རྒྱས།། ༣༥ ཤིང་རྐྱང་ཟམ་ལ་འགྲོ་བ་དང་།། རྒྱལ་པོའི་ཁྲིམས་ལ་གནས་པ་བཞིན།། ཤེས་པ་སྒྲིམ་གློད་ཆ་སྙོམས་ལ།། ཐབས་ལམ་མཁས་དང་བཙལ་བར་བྱ།། ༣༦ རི་གཟར་ཆུ་དང་ཆུ་དལ་འབབ།། རྒྱ་མཚོ་རླུང་གིས་མ་བསྐྱོད་ལྟར།། སྔར་བས་རགས་དང་རང་སར་ཞི།། གཡོ་བ་མེད་སྙམ་རིམ་གྱིས་འབྱུང།། ༣༧ ལྗོན་ཤིང་རྩད་ནས་བཅད་བྱས་ན།། ལོ་འབྲས་ཤུགས་ཀྱིས་ཆོད་པ་བཞིན།། ཉོན་མོངས་རྩ་བ་བྱང་ཆུབ་སེམས།། སྐྱེ་མེད་ཕྱིར་ན་གཟུང་འཛིན་གྲོལ།། དོན་དགུ་པ་ཞི་གནས་བསྟན་པའོ།།
༣༨ ཉི་མ་ཤར་ནས་མུན་པའི་ཚོགས།། བྲོས་པ་མེད་དེ་རང་བཞིན་སངས།། བདག་མེད་རྟོགས་ན་འདི་ལྟར་གྱི།། སྣང་བ་མ་སྤངས་རང་བཞིན་གྲོལ།། ༣༩ བུ་རམ་མངར་བའི་རོ་གཟུགས་དང་།། མར་དང་སྣུམ་པའི་བྱེ་བྲག་བཞིན།། ཀུན་རྫོབ་བོན་ཅན་དོན་བོན་ཉིད།། རྟོགས་པའི་སྣང་ངོར་དབྱེར་མེད་དོ།། ༤༠ ཐག་སྦྲུལ་སྨྲིག་ལ་ཆུར་མཐོང་དང་།། ཟླ་བ་གཉིས་འཛིན་ཅི་བཞིན་དུ།། ཤེས་རབ་མིག་མེད་སོ་སྐྱེ་ཡིས།། མི་བདེན་འཁྲུལ་པ་བདེན་པར་འཛིན།། ༤༡ མེ་ལོང་ནང་གི་གཟུགས་བརྙན་དེ།། ལྟར་སྣང་ཙམ་སྟེ་དོན་ལ་མེད།། དེ་བཞིན་འདི་ལྟར་སྣང་བ་ཡང་།། ལྟར་སྣང་ཙམ་ཡིན་རང་བཞིན་མེད།། ༤༢ ཆུ་ཤེལ་ཆུ་དང་འཕྲད་པ་ན།། དབྱེ་བས་མི་ཕྱེད་འདྲེས་པ་མེད།། མཚན་མར་སྣང་དང་ཡང་དག་དོན།། དབྱེ་བས་མེ་ཕྱེད་འདྲེས་པ་མེད།། ༤༣ རིང་པོ་དང་ནི་ཐུང་ངུ་དང་།། ཕ་རི་ཚུ་རི་ལྟོས་འཇོག་བཞིན།། གཟུང་འཛིན་ལ་ལྟོས་བདག་མེད་བཏགས།། འཁོར་བ་ལ་ལྟོས་མྱང་འདས་བཏགས།། ༤༤ མདའ་འཕངས་དང་ནི་བྱ་འཕུར་རྗེས།། དེ་ནི་ཡེ་ནས་ཡོད་མ་ཡིན།། བདེན་པ་མཐོང་ན་འཁོར་བའི་བོན།། དེ་ནི་ཡེ་ནས་ཡོད་མ་ཡིན།། ༤༥ པད་མོ་འདམ་ལས་སྐྱེས་ན་ཡང་།། དེ་ནི་དྲི་མས་མ་གོས་ལྟར།། བདག་མེད་རྟོགས་པའི་གང་ཟག་དེ།། འཁོར་བའི་དྲི་མས་གོས་པ་མེད།། ༤༦ ཁྱུང་ཆེན་གཟི་བརྗིད་མཐོང་ཙམ་ན།། ཀླུ་རྣམས་ཟིལ་གྱིས་གནོན་པ་བཞིན།། ཐེག་པ་ཆེན་པོའི་དོན་རྟོགས་ན།། ཐེག་དམན་པ་རྣམས་ཟིལ་གྱིས་གནོན།། ༤༧ ཁ་ལེ་སྟོང་འབྱམས་སྨོན་ལམ་ཤིང་།། དེ་ལ་སྨོན་ལམ་བཏབ་བཞིན་འབྱུང་།། དེ་བཞིན་སྤྱོད་པའི་སྐྱེས་བུ་ལ།། བདག་དང་གཞན་དོན་གཉིས་ཀ་འབྱུང།། དོན་བཅུ་པ་བདག་མེད་ཀྱི་ཤེས་རབ་བསྟན་པའོ།།
༤༨ ཀྱེ་མ་སྙིགས་དུས་འདིར་སྐྱེས་པའི།། ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ།། དེ་ནི་བུ་ཚས་ཕ་ཁུ་ཡི།། རིགས་རྒྱུད་ངན་པ་བཤད་དང་མཚུངས།། ༤༩ མཁས་སྒྲོགས་གཟུང་འཛིན་ཉོན་མོངས་རགས།། བཀའ་ཡི་མཚན་ཉིད་དེ་ཨེ་ཡིན།། མར་དང་སྐོགས་པ་ཆུ་ཆུ་རྡོ།། ནེ་ཙོའི་གཏམ་རྒྱུད་དག་དང་མཚུངས།། ༥༠ བསླབ་པ་གསུམ་ལ་གནས་པ་ན།། འཇིག་རྟེན་ཁེ་གྲགས་ག་ལ་བསྒྲུབ།། དར་དཀར་ནང་དུ་སོལ་བཏུམས་ནས།། འདི་ནི་དཀར་པོ་ཡིན་ཞེས་མཚུངས།། ༥༡ བྱང་སེམས་རྒྱུད་ལ་སྐྱེས་པ་ཡི།། དམ་པ་དེ་ལ་ཆགས་སྡང་མེད།། གལ་ཏེ་ཡོད་ན་ས་བརྒྱད་ལ།། གནས་ཟེར་བེ་གར་དག་དང་མཚུངས།། ༥༢ བདག་བསྟོད་གཞན་ལ་སྨད་བྱས་ན།། དེས་ནི་སངས་རྒྱས་མི་ཐོབ་སྟེ།། གཙང་འདོད་ག་བུར་རྫིར་འཕྱར་ན།། ལན་ཚྭ་བཀྲུ་བར་བྱེད་དང་མཚུངས།། ༥༣ བདག་མེད་རྟོགས་ན་བདག་གཞན་གྱི།། འཛིན་པ་འབྱུང་བ་མི་རིགས་སོ།། དུང་ལ་དུང་དུ་མཐོང་ན་ནི།། སེར་པོ་ཡིན་པར་མཐོང་མི་འགྱུར།། ༥༤ བྱང་སེམས་མ་རུ་བསྒོམ་པ་ལ།། བདག་གཞན་གཉིས་སུ་འཛིན་པ་འགལ།། དགྲ་ལ་ཞེ་སྡང་སྐྱེད་བྱེད་ཅིང་།། འདི་ནི་མ་ཡིན་ཟེར་དང་འདྲ།། ༥༥ བྱང་ཆུབ་བསྒྲུབ་པའི་ཐབས་ཤིག་ལ།། རང་ཕྱོགས་བཟང་བར་འདོད་པ་ནི།། གསེར་བུམ་མཉམ་པ་གཉིས་བཞག་ན།། དེ་ལ་སྤང་ལེན་བྱེད་པ་འདྲ།། ༥༦ གཡུང་དྲུང་བོན་ལ་སྨད་བྱས་ན།། བདུད་ཁ་ལྟག་པར་རལཞེས་གྲགས།། གཡོག་ངན་དཔོན་ལ་བསྡོ་བྱས་ན།། དེས་ནི་རང་སྲོག་གཅོད་པར་བྱེད།། དོན་བཅུ་གཅིག་པ་བསྟན་པ་གཤེ་བའི་ལོག་རྟོག་དགག་པར་བསྟན་པའོ།།
༥༧ སྐྱེས་བུ་དམ་པ་ཤེས་རབ་ཅན།། ཡོད་ན་དགེ་ལ་ད་འཇུག་རན།། དུས་ལ་སོ་ནམ་མ་བྱས་ན།། སྟོན་ཐོག་མི་ཆུད་འགྱོད་པ་འབྱུང་།། ༥༨ ད་ནི་སངས་རྒྱས་བསྟན་པའི་མཇུག །དེ་མེད་ཐར་པ་ཅི་ལྟར་བསྒྲུབ།། དཔེར་ན་མུན་སྨག་འཐིབས་པ་ཡི།། ཁྲོད་དུ་གློག་འགྱུ་ཙམ་རེ་ཡིན།། ༥༩ དམ་པ་ལ་བསྟེན་གསུང་རབ་ཀྱི།། བཅུད་ལ་ཐོས་བསམ་མྱུར་དུ་སྦྱོངས།། དེ་བསྒོམ་ཏིལ་ནི་གྲངས་མང་ཡང་།། མར་དུ་འབྱུང་བ་ཅི་བཞིན་ནོ།། ༦༠ ད་རེས་བཀའ་བཞིན་བསྒྲུབ་བྱས་ན།། དེས་ནི་འབྲས་བུ་བསླུ་མི་སྲིད།། ས་བོན་ནས་འབྲུ་བཏབས་པ་ལ།། འབྲས་བུ་གཞན་དུ་འབྱུང་མི་སྲིད།། ༦༡ ཀྱེ་ཧུད་འཇིག་རྟེན་གྲངས་མང་ཡང་།། བདེ་སྤྱོད་ལྡན་པ་ད་རེས་ཙམ།། ཐག་རིང་མགྲོན་པོ་ཁུར་ཁུར་ནི།། ལན་གཅིག་ལམ་མལ་ངལ་གསོ་ཙམ།།  ༦༡ མི་ལུས་རིན་ཆེན་མ་ཐོབ་ན།། གར་སྐྱེས་དགེ་སྤྱོད་སྐལ་མི་ལྡན།། སོལ་གདོང་དག་ནི་བཙུགས་བྱས་ན།། སྐྱེས་ཤིང་ལོ་འབྲས་སྨིན་མི་སྲིད།། ༦༣ འཇིག་རྟེན་གཞན་ན་དགེ་སྤྱོད་པས།། འདིར་ན་ཡོན་ཏན་ལྷག་པར་གསུངས།། གནམ་བྱ་རྒྱ་ལས་ཐར་པ་ན།། དེས་ནི་ཕྱིར་རྗེས་མི་ལྡོག་གོ།། ༦༤ དེ་ལྟར་བསླབ་པ་ལ་གནས་ན།། སྒྲིབ་གཉིས་བྱང་ནས་དོན་གཉིས་འགྲུབ།། མེ་ཤེལ་སྙིང་པོའི་འོད་ཤར་བས།། གླིང་བཞིའི་མུན་པ་སེལ་བར་བྱེད།། དོན་བཅུ་གཉིས་པ་དོན་གྱི་བསླབ་བྱ་ལ་འཇུག་པ་བསྟན་པའོ།།
༈ མཇུག་གི་དོན་ལ།

༦༥ གངས་ཅན་ཁྲོད་འདིར་སངས་རྒྱས་ཀྱི།། བསྟན་འཛིན་དམ་པ་ཁས་འཆེ་བ།། དེ་ཡི་འཕྲུལ་ངག་ལྡེ་མིག་གིས།། བདག་བློའི་ཐ་རམ་བཀྲོལ་བར་མཛོད།། ༦༦ དྲིན་ཆེན་དེ་དང་དེ་འདྲ་བའི།། སྐྱེས་བུ་དམ་པ་གར་བཞུགས་ཀྱང་།། དྲན་པ་ཙམ་གྱིས་ཉམས་དགའ་བས།། བདག་ཉིད་མོས་པས་གསོལ་བ་འདེབས།། ༦༧ ཁོ་བོ་སྡོང་བཙུན་བསོད་གཡུང་ལ།། གྲོགས་མཆེད་རྣམས་ཀྱིས་བསྐུལ་བའི་མཐུས།། གཞན་ཕན་བསམ་ཕྱིར་འདི་བརྩམས་པས།། ཉེས་འགལ་ཤོར་སྲིད་བཟོད་པར་གསོལ།། ༦༨ དེ་ཉིད་ལས་འབྱུང་དགེ་བ་དེ།། མ་རྣམས་འཁོར་བའི་རྒྱ་མཚོ་ལས།། མྱུར་དུ་བསྒྲལ་ཕྱིར་མཆོག་ཏུ་བསྔོ།། ཀུན་མཁྱེན་ཡེ་ཤེས་ཐོབ་གྱུར་ཅིག །མཇུག་གི་དོན་བསྟན་པའོ།།
ལེགས་བཤད་ལམ་གྱི་རིམ་པ་ཞེས་བྱ་བ་ཚིག་བར་བདུན་ལ་ཤད་བར་དུ་བགྱིས་པ་ཤོ་ལོ་ཀ་དྲུག་ཅུ་རྩ་བརྒྱད་ཡོད་པ་འདི་དག་༸རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་གདན་ས་གཤེན་བསྟན་བཀྲ་ཤིས་སྨན་རིའི་དགོན་དུ་ཉིད་ནམ་མཁའ་རྒྱལ་མཚན་གྱི་མཐོ་ཕྱོགས་སྤྱི་བོར་བླངས་ནས་བསྐུལ་བའི་ངོར། ཁོ་བོ་བསོད་ནམས་གཡུང་དྲུང་བདག་གིས་བཀའ་ལུང་བྲེ་སྲང་གི་འཕྲང་ལ་བཤར་ནས་བརྩམས་པས། དགེ་བ་དང་ལེགས་པའི་ཡོན་ཏན་ཐམས་ཅད་ཕྱོགས་དུསཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག་གུ། །།

1,298 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།