གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཀུན་འདུས་རིན་ཆེན་རྩ་རྒྱུད་ཀྱི་གཞུང་བཞུགས།

༄༅། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །རྣམ་རྟོག་དྲྭ་བ་བཅོམ་མཛད་ཅིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །སྟོན་པའི་ཐུགས་ཀྱི་དཀྱིལ་འཁོར་ནས། །བྱིན་གྱི་རླབས་ཀྱིས་བཤད་པ་ཡི། །ཀུན་འདུས་རིན་ཆེན་རྩ་བའི་རྒྱུད། །འོག་མིན་དབྱིངས་ཀྱི་ཕོ་བྲང་དུ། །སྔོན་སྦྱངས་འཕྲོ་ལེན་འཁོར་རྣམས་ལ། །ངོ་བོ་ཉིད་ཀྱིས་བཀའ་བསྩལ་པ། །དད་པ་ཆེ་ལ་ཡིད་གཞུང་ཞིང༌། །སེར་སྣ་ཆུང་ལ་ཆགས་པ་མེད། །སྟོབས་ཆེ་བློ་དང་ལྡན་པ་ལ། །རྒྱུད་འགྲེལ་རྩ་བའི་མན་ངག་བསྟན། །དད་པ་ཆེ་ལ་ཡིད་གཞུང་ཞིང༌། །འགྱུར་ལྡོག་མེད་པའི་བློ་ཅན་ལ། །མདོ་དང་རྩ་བར་དྲིལ་ལ་བསྟན། །ཐ་སྙད་ཚིག་བོར་དོན་ལ་ཞུགས། །མི་ཡེངས་བརྟན་པའི་བློ་ཅན་ལ། །མན་ངག་དོན་སྟོན་ནན་ཏན་བསྲེ། །སྤྱིར་ན་གསང་སྔགས་ལུགས་ཀྱིས་ཀྱང༌། །གཞི་དང་ལམ་དང་འབྲས་བུ་གསུམ། །རྒྱུད་དང་ལུང་དང་མན་ངག་གསུམ། །དཔེ་དང་དོན་དང་རྟགས་དང་གསུམ། །ཕྱི་དང་ནང་དང་གསང་བ་གསུམ། །བསྐྱེད་པ་རྫོགས་པ་རྫོགས་ཆེན་གསུམ། །བསྙེན་པ་སྒྲུབ་པ་ལས་ཁ་གསུམ། །འདི་རྣམས་སྒོ་ནས་གཏན་ལ་དབབ། །གཞི་དང་ལམ་དང་འབྲས་བུ་གསུམ། །ཡུལ་དང་གནས་དང་ཕྱིན་པ་འདྲ། །རྒྱུད་དང་ལུང་དང་མན་ངག་གསུམ། །རྗེ་དང་བློན་པོ་རྨང་མི་འདྲ། །དཔེ་དང་དོན་དང་རྟགས་དང་གསུམ། །མེ་ལོང་བྱད་དང་གཟུགས་བརྙན་འདྲ། །ཕྱི་དང་ནང་དང་གསང་བ་གསུམ། །མཛོད་དང་བང་མཛོད་ཡང་དབེན་འདྲ། །བསྐྱེད་པ་རྫོགས་པ་རྫོགས་ཆེན་གསུམ། །སྐྲས་ཀྱི་རིམ་པའི་གདང་བུ་འདྲ། །བསྙེན་པ་སྒྲུབ་པ་ལས་ཁ་གསུམ། །དཔའ་བོ་གོ་དང་མཚོན་ཆ་འདྲ། །དེས་ན་མཆོག་ཏུ་གཅེས་པར་གསུང༌། །དང་པོ་གཞི་ལ་དྲུག་ཡོད་དེ། །དམ་ཚིག་དབང་དང་ཏིང་འཛིན་དང༌། །འཕྲིན་ལས་ལྟ་བ་སྤྱོད་པའོ། །

གསང་སྔགས་ཀུན་གྱི་གཞི་མ་ནི། །དམ་ཚིག་དག་གི་བཟུང་བ་ལ། །ངོ་བོ་ངེས་ཚིག་དབྱེ་བ་དང༌། །གང་ཟག་ཡུལ་དང་བསྲུང་ཐབས་དང༌། །སྐྱོན་ཡོན་མཐུན་པའི་དཔེ་ཡིས་བསྟན། །རིམ་པ་དབང་གིས་བསྒྲོད་པ་ལ། །ངོ་བོ་ངེས་ཚིག་དབྱེ་བ་དང༌། །ཕྱི་དང་ནང་དང་གསང་བ་དང༌། །ཤེས་རབ་ཡེ་ཤེས་མཐར་ཐུག་གི། །གནས་དང་དུས་དང་སློབ་དཔོན་དང༌། །སློབ་མ་གླིང་གཞི་དཀྱིལ་འཁོར་དང༌། །འཇུག་དང་བསྐུར་དང་རྣམ་གྲངས་དང༌། །གནས་དང་བསྐུར་དང་སྒྲིབ་བྱང་ཚད། །ས་ནོན་རྟགས་བརྡ་དེ་འབྲེལ་དང༌། །རྫས་དང་དགོས་དོན་ནུས་པའི་ཚད། །མཐུན་པའི་དཔེ་དང་འབྲས་བུ་ཡིས། །དབང་གི་མན་ངག་མཆོག་ཏུ་བསྟན། །ཉམས་སུ་ཏིང་འཛིན་བླངས་པ་ལ། །སྤྱི་ཁོག་རྩིས་འགོ་དམིགས་དབྱེ་སྟེ། །སྤྱི་ཁོག་སྣང་གཤེན་འཕྲུལ་གཤེན་དང༌། །དགེ་བསྙེན་དྲང་སྲོང་ཨ་དཀར་དང༌། །ཡེ་གཤེན་ལྷུན་གྲུབ་ཆེན་པོ་བདུན། །རྩིས་འགོ་ཡུལ་དང་སློབ་དཔོན་དང༌། །ཕྱོགས་དང་དོན་ཆེད་དགོས་པ་ལྔ། །དམིགས་ནི་གཞི་དང་མ་ཡེངས་དང༌། །སྔགས་དང་ཕྱག་རྒྱ་ཡིག་འབྲུ་ལྔའོ། །དོན་ཀུན་འཕྲིན་ལས་ལ་བསྡུ་བ། །ངོ་བོ་ངེས་ཚིག་དབྱེ་བ་དང༌། །དགོས་པའི་འབྲས་བུ་བསྟན་པ་ལྔ། །སྡུག་བསྔལ་སྐྱོབ་པའི་འཕྲིན་ལས་དང༌། །འོག་མ་རང་འཐད་འཕྲིན་ལས་དང༌། རྩལ་མེད་ལྷུན་གྲུབ་འཕྲིན་ལས་དང༌། །ཨ་དཀར་བ་ཡི་འཕྲིན་ལས་ལ། །ཞི་རྒྱས་དབང་དྲག་མངོན་སྤྱོད་ལྔ། །གང་བྱེད་གཙོར་བླང་མ་འདྲེས་པ། །དཔེར་ན་གསེར་གྱི་སྐུད་པ་ལ། །རིན་ཆེན་ཕྲེང་བ་བརྒྱུས་པ་ལྟར། །དོན་ཀུན་འཕྲིན་ལས་ཉིད་ལ་བསྡུ། །སྤྱི་སོ་ལྟ་བས་ཐག་བཅད་ལ།

ངོ་བོ་ངེས་ཚིག་དབྱེ་བ་དང༌། །དགོས་པ་འབྲས་བུ་ལྔ་ཡིས་བསྟན། །ཉན་བསྒོམ་གནས་བསམ་ལྟ་བ་དང༌། །བསམ་འདས་བརྗོད་མེད་ལྟ་བ་དང༌། །བྱ་བརྩལ་རྒྱུ་བྲལ་ལྟ་བ་དང༌། །དམིགས་པ་ཡུལ་བྲལ་ལྟ་བ་དང༌། །མཉམ་པ་ལྷུན་གྲུབ་ལྟ་བ་དང༌། །རྟོགས་ཤིང་ཁོང་དུ་ཆུད་པ་ཡིས། །རྨ་བྱས་མདངས་ལ་བ་ལྟ་བ་བཞིན། །རང་གིས་རང་ལ་བལྟ་བར་བྱ། །ལས་རྣམས་སྤྱོད་པས་དོར་བ་ལ། །ངོ་བོ་ངེས་ཚིག་དབྱེ་བ་དང༌། །བྱིན་གྱིས་བརླབས་ཀྱི་སྤྱོད་པ་དང༌། །གསོ་དང་སྦྱོང་བའི་སྤྱོད་པ་དང༌། །བརྟུལ་ཞུགས་སྤྱོད་པ་ལས་སོགས་ཀྱིས། །ཉམ་ང་མེད་པར་བྱ་བ་སྟེ། །གླང་ཆེན་ཆུ་རུ་ཞུགས་པ་བཞིན། །ཅིས་ཀྱང་བསྒྱུར་དུ་མེད་པའོ། །བར་དུ་ལམ་ལ་ལྔ་རུ་བསྟན། །ཕྱག་རྒྱ་ལྷུན་གྲུབ་སར་བགྲོད་ན། །དབང་དང་དམ་ཚིག་གཙོ་རུ་བླང༌། །དང་པོ་དབང་གི་ལམ་ཡིན་ཏེ། །དབང་མ་ནོས་པར་ལས་རྩོམ་དང༌། །སྒྱིད་ལྗིད་མ་བརྟགས་པར་ཁལ་འགེལ་བ། །འཁོར་ལོའི་སྲོག་ཤིང་ཆག་པ་འདྲ། །དེ་ཕྱིར་དབང་གི་ལམ་མཆོག་གཅེས། །ཀུན་གཞི་བྱང་ཆུབ་སེམས་ཉིད་ལ། །བག་ཆགས་དགེ་བའི་ཚོགས་བསགས་ནས། །བླ་མེད་ས་ལ་གོམས་བྱའི་ཕྱིར། །གཉིས་པ་ཚོགས་ཀྱི་ལམ་མཆོག་གཅེས། །བདེར་གཤེགས་ཐུགས་དམ་བསྐང་བ་དང༌། །ལན་ཆགས་བུ་ལོན་སྦྱང་བའི་ཕྱིར། །གསུམ་པ་གཏོར་མའི་ལམ་མཆོག་གཅེས། །ལུས་ངག་ཡིད་གསུམ་ཕྱག་རྒྱ་ཡིས། །དབྱེར་མེད་ས་ལ་བགྲོད་པའི་ཕྱིར། །

བཞི་པ་ཕྱག་རྒྱའི་ལམ་མཆོག་གཅེས། །ཐུགས་ཉིད་ཡེ་ཤེས་ཕྱག་རྒྱ་ཡིས། །ལོག་པར་ལྟ་བའི་གེགས་བསལ་ནས། །ཟབ་མོའི་བོན་ཉིད་ཉམས་བླང་ཕྱིར། །ལྔ་པ་ཏིང་འཛིན་ལམ་མཆོག་གཅེས། །ཐ་མ་གྲུབ་པའི་འབྲས་བུ་ནི། །སྐུ་ལྔ་ལྷུན་གྲུབ་འབྲས་བུ་དང༌། །ཡང་དག་ལྷུན་རྫོགས་འབྲས་བུ་དང༌། །རིག་འཛིན་གྲུབ་པའི་འབྲས་བུའོ། །རྒྱུད་ནི་སྙན་ཁུངས་བརྒྱུད་པ་དང༌། །མང་ཚང་འབྲེལ་འཁྲུགས་དོན་རྣམས་ཚང། །ཕུན་སུམ་ཚོགས་ཕྱིར་རྒྱུད་ཅེས་བྱ། །རྒྱུད་འདི་རྒྱུད་ཀྱི་རྒྱལ་པོ་སྟེ། །ཕྱི་རྒྱུད་དྲྭ་བའི་དམིགས་ལྟར་བཤད། །ནང་རྒྱུད་རིན་ཆེན་ཕྲེང་ལྟར་བཤད། །གསང་རྒྱུད་རྒྱ་མཚོའི་ཀླུང་ལྟར་བཤད། །ལུང་ནི་ཞལ་ནས་གསུང་ཕྱིར་ལུང༌། །དྲང་དོན་ངེས་དོན་བརྒྱུད་པའི་ལུང༌། །ལུང་འདི་ལུང་གི་བླ་མ་སྟེ། །བརྒྱུད་པ་ལུང་གི་རྒྱལ་པོར་བཤད། །མན་ངག་ཐུགས་ལ་གདམ་པ་སྟེ། །སྙན་ཁུངས་རྒྱུད་དང་ས་ཐོབ་དང༌། །གོ་སླ་ཚིག་ཆུང་དོན་དཔག་མེད། །དེ་ཕྱིར་མན་ངག་ཡང་སྙིང་སྟེ། །ཇི་ལྟར་རྣམ་པ་མཁྱེན་པས་གསུངས། །རྒྱུད་དང་ལུང་དང་མན་ངག་གསུམ། །གཅིག་ལ་གཅིག་བརྟེན་གཅིག་གི་ངང༌། །དཔེ་ནི་འདི་ལྟར་སྣང་བ་ཡི། །འཇིག་རྟེན་མཐུན་པའི་དཔེ་ལས་བཙལ། །དོན་ནི་བོན་ཉིད་དབྱིངས་སུ་བསྟན། །གཞི་མཐུན་པ་ལ་དམ་དུ་བཅའ། །རྟགས་ནི་རང་གི་སེམས་ལ་བསྡུ། །སྐྱེ་མེད་འགྱུར་མེད་དབྱིངས་སུ་གྲོལ། །ཕྱི་ནི་སྣང་བ་མ་འགག་པ། །ནང་ནི་ཕུང་པོ་ལྷ་རུ་གྲུབ། །གསང་བ་བྱང་ཆུབ་སེམས་སུ་དག །བསྐྱེད་པའི་རིམ་པ་བསྟན་པ་ཡང༌། །ཕྱི་དང་ནང་དང་གསང་བའོ།ག༽ གསང་བ་གསུམ། །ཕྱི་ལྟར་བསྐྱེད་པ་གསུམ་ཡིན་ཏེ། །དད་པ་ཅན་གྱི་ཚོགས་བསྐྱེད་དང༌། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང༌། །མཁན་སློབ་སྲས་དང་སློབ་མར་བསྐྱེད། །ནང་ལྟར་བསྐྱེད་པ་ལ་ཡང་གསུམ། །ཕྱི་ནི་སྣོད་ཀྱི་འཇིག་རྟེན་འདི། །གཞལ་ཡས་ཁང་དུ་བསྐྱེད་པ་དང༌། །ནང་ནི་བཅུད་ཀྱི་འཇིག་རྟེན་ག༽ སེམས་ཅན་རྣམས། །ལྷ་དང་ལྷ་མོར་བསྐྱེད་པ་དང༌། །བདག་ཉིད་དམ་ཚིག་སེམས་དཔའ་ཡི། །དཀྱིལ་འཁོར་ཉིད་དུ་བསྐྱེད་པའོ། །གསང་བ་ལྟར་དུ་བསྐྱེད་པ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོར་བསྐྱེད་པ་དང༌། །རྩ་མདུད་ཕོ་བྲང་ཐིག་ལེ་ལ། །བདེ་བ་ཆེན་པོར་བསྐྱེད་པ་དང༌། །དྭངས་མ་ཡེ་ཤེས་བསྐྱེད་པའོ། །རྫོགས་པའི་རིམ་པ་ལ་གསུམ་སྟེ། །ཕྱི་རྫོགས་ནང་རྫོགས་གསང་རྫོགས་སོ།།

དེ་ལ་ཕྱི་ཡི་རྫོགས་ལུགས་གསུམ། །ཕོ་ཉ་ཡང་སྤྲུལ་ལྷ་ཚོགས་རྣམས། །སྒོ་བ་ཡབ་ཡུམ་ངང་དུ་རྫོགས། །སྒོ་བ་སྲུང་མ་རྣམས་ལ་རྫོགས། །སྲུང་མ་ཕྱོགས་མཚམས་ཁྲོ་བོར་རྫོགས། །ཕྱོགས་མཚམས་དབུས་ཀྱི་གཙོ་ལ་རྫོགས། །གཙོ་བོ་དམིགས་མེད་ངང་ལ་རྫོགས། །དེ་རྣམསཉམས་སུ་བླང་དུས་སུ། །ཕྱི་ནང་རྟགས་གཉིས་འབྱུང་བ་སྟེ། །ཕྱི་རྟགས་ལོག་རྟོག་སྒྱུ་མར་ཤེས། །ནང་རྟགས་ཡེ་ཤེས་ངོས་བཟུང་བྲལ། །ནང་ལྟར་རྫོགས་པ་ལ་གསུམ་ཏེ། །མཚན་མའི་ལྷ་སྐུ་འོད་ལ་རྫོགས། །འོད་ནི་ཐིག་ལེའི་ངང་དུ་རྫོགས། །ཐིག་ལེ་བྱང་ཆུབ་སེམས་ལ་རྫོགས། །གསང་བ་ལྟར་དུ་རྫོགས་པ་ལྔ། །ཡེ་ཤེས་ངོས་འཛིན་མན་ངག་གིས། །སྨན་པ་མཁས་པའི་ཚུལ་དུ་རྫོགས། །དུག་ལྔ་རང་གྲོལ་མན་ངག་གིས། །ལྷ་ལུས་བདུད་རྩིས་ཁྱབ་ལྟར་རྫོགས། །རང་རིག་རང་གསལ་མན་ངག་གིས། །ཉི་མ་ཤར་བ་ལྟ་བུར་རྫོགས། །ཡེ་ཤེས་མྱུ་གུའི་མན་ངག་གིས། །པད་མ་ཁ་ཕྱེ་ལྟ་བུར་རྫོགས། །ཉམས་མྱོང་རིག་པའི་མན་ངག་གིས། །དིག་མའི་རྨི་ལམ་ལྟ་བུར་རྫོགས། །

རྫོགས་པ་ཆེན་པོའི་རྫོགས་ལུགས་གསུམ། །མངོན་པ་ཕྱི་ཡི་སྣང་བ་རྣམས། །སྤྲོས་བྲལ་ནམ་མཁའི་ངང་དུ་རྫོགས། །རྣམ་པར་རྟོག་པའི་བྱུང་ཚོར་རྣམས། །ཀུན་གཞི་དག་པའི་ངང་དུ་རྫོགས། །རིག་པའི་ཡེ་ཤེས་རྩལ་རྣམས་ནི། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ལ་ནི་རྫོགས་པའོ། །ཡེ་ཤེས་ཐིག་ལེ་ཉག་གཅིག་ལ། །མ་ལུས་པར་ནི་རྫོགས་པའོ། །དཔེ་ཡི་ཐིག་ལེ་ཡེ་ཤེས་འདུས་མ་བྱས། །དོན་གྱི་ཐིག་ལེ་མཚན་མ་མྱ་ངན་འདས། །རྟགས་ཀྱི་ཐིག་ལེ་མི་འགྱུར་དབྱིངས་ན་གནས། །མན་ངག་ཐིག་ལེ་སྟོང་ལ་རྒྱ་མ་ཆད། །སེམས་ཉིད་ཐིག་ལེ་ཡེ་ཤེས་འདུས་མ་བྱས། །དེ་ལྟ་བུ་ཡི་ངང་དུ་ཐམས་ཅད་རྫོགས། །བསྙེན་པ་སྒྲུབ་པ་ལས་ཁ་ནི། །བསྙེན་པའི་རང་བཞིན་དུས་དང་གྲངས། །མཚན་མ་རྟགས་ཀྱི་བསྙེན་པ་ཡི། །སྔོན་དུ་འགྲོ་བའི་རིམ་པའོ། །སྒྲུབ་པ་ལུས་ངག་ཡིད་གསུམ་གྱིས། །སྐུ་གསུང་ཐུགས་སུ་བསྒྲུབ་པའོ། །ལས་ཁ་འཕྲིན་ལས་རྣམ་བཞི་ལ། །ཇི་ལྟར་མཐུན་པའི་བསྒྲུབ་བ་གདགས། །མདོར་ན་ཕྱི་ནང་གསང་བའི་བོན། །རང་གི་རིག་པའི་ཡེ་ཤེས་ཡིན། །མདོ་དོན་རྩ་བར་དྲིལ་བ་ཡི། །ཀུན་འདུས་རིན་ཆེན་རྩ་རྒྱུད་འདི། །མ་འོངས་འཁོར་ལ་གདམས་པའི་མདོ། །རིན་པོ་ཆེ་རྩ་རྒྱུད་ཀུན་འདུས་ཀྱི་རྒྱུད་ཆེན་པོ། བྱིན་གྱི་བརླབས་ཀྱིས་བཤད་པའོ། །རྫོགས་སོ། །
ཚིག་ཚོགས་ཉུང་ལ་བརྗོད་བྱ་རྒྱས། །གསང་སྔགས་ཀུན་ལ་རབ་གཅེས་པའི། །དོན་རྣམས་མ་ལུུས་འདི་རུ་ཚང༌། །དེ་ཕྱིར་རྩ་བ་ཀུན་འདུས་པའི། །རིན་ཆེན་ལྟ་བུའི་རྩ་རྒྱུད་འདི། །ལས་དབང་ལྡན་པའི་གྲོལ་བ་པ། །ཤེས་རབ་དཔལ་གྱིས་བཤད་ཅིང་བཀྲོལ། །རྗེས་འཇུག་རྣམས་ཀྱང་ཡིད་ཆེས་མཛོད། །ཨུ་ཡོ་ཨག་ཐམ།། །།