གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཀོང་པོ་བོན་རི།

13835325181590ཀོང་པོ་བོན་རི་ནི་ལྷ་སའི་ཤར་ངོས་བརྒྱད་གཅིག་གྲོང་ཁྱེར་ཀོང་པོ་ཉིང་ཁྲི་རྫོང་གི་ཁུལ་དུ་ཡོད།འདི་༼ཡེ་ལོ་༢༠༡༤༽ནས་ཡར་རྩིས་མི་ལོ་༡༥༦༣༡༼ཉུང་བའི་ལུགས་༡༠༠༦༡༽བོན་སྟོན་གཤེན་རབ་མི་བོ་ཁོང་དགུང་ལོ་ཉེར་བཞི་ཆུ་ཕག་ལོ་མཇུག་ཏུ་མངའ་རིས་དང་ཡར་ཀླུང་། ཀོང་ལོང་ཉང་གསུམ་སོགས་སུ་ཕེབས་སྐབས་འགྲོ་བ་སྤྱི་ལ་ཐུགས་རྟེན་དུ་རྗེས་གཞགས་མཛད། དེ་རྗེས་རབ་བྱུང་ལྔ་པ་ལྕགས་སྟག་ཡེ་ལོ་༡༢༩༠ལོར་ཟླ་རྒྱུད་དུ་གདུང་རུས་སྨ་ར་ལ་སྐུ་བལྟམས་པའི་བོན་གྱི་བླ་མ་རི་པ་འབྲུག་གསས་མཆོག་དགུང་ལོ་ཞེ་གཅིག་འདི་ནས་ཡར་རྩིས་མི་ལོ་༦༨༥རབ་བྱུང་དྲུག་པ་ལྕགས་རྟ་ཡེ་ལོ་༡༣༣༠ལོར་སྐོར་ལམ་སོགས་ངོས་འཛིན་གནངས།ངག་རྒྱུད་ལས་ཁོང་དང་ཀརྨ་པ་གཉིས་གནས་འདི་བན་བོན་གྲུབ་མཐའ་སུ་ཡི་གནས་རི་དགོས་འདུག་རྟེན་འབྲེལ་བརྡ་རྟགས་བརྟག་ཚུལ་བཤད་བཞིན་འདུག་མོད།བཤད་སྲོལ་དེ་བདེན་པའི་དབང་དུ་གཏོང་ན་སྐབས་འདིའི་ཀརྨ་པ་ནི་རབ་བྱུང་ལྔ་པ་ཤིང་སྤྲེལ་ཡེ་ལོ་༡༢༨༤་ལོར་འཁྲུངས་པའི་ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་ཡིན་པ་ཤེས་དགོས།གནས་དེར་བཀའ་རྟགས་ཕྱག་རྗེས་སོགས་ཆེ་བའི་ཡོན་ཏན་ནི་སོ་སོའི་མིག་གིས་དངོས་སུ་མཇལ་རྒྱུ་ཡོད།མ་ཟད་ཉེ་ཟུར་ཡང་འཛམ་གླིང་ཡུལ་སྐོར་ཁུལ་ནགས་ཚལ་སྤྱི་གླིང་དང་འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་སོགས་བན་བོན་གྱི་དགོན་སྡེ་དང་གནས་རི་མང་ངོ་།ཕྱག་སྐོར་བྱེད་མཁན་ཡང་ལོ་ལྟར་བན་བོན་གཉིས་ཁོངས་སུ་ཡོད་པའི་བོད་རིགས་མང་ཕལ་ཆེར་ཞིག་ཡོང་བཞིན་ཡོད།ལོ་བཅུ་ཤས་སྔོན་ལ་བན་དེའི་ཁོངས་གཏོགས་སྐོར་བ་ཡོང་མཁན་ཉུང་ཙམ་རེད།ཉེ་བའི་ལོ་ཤས་རིང་སྐོར་བ་པ་མང་ཉུང་ཁྱད་པར་ཆེན་པོ་མ་མཐོང་།ཡིན་ནའང་བན་ཚོས་ལ་ཐུར་གཉིས་ལས་གཞུང་ཁར་རླངས་འཁོར་ནང་ལ་འགྲོ་མཁན་མང་།དེང་སང་རྐྱོང་ཕྱག་འཚལ་མཁན་ཡོད་ལ།སྐོར་བ་འགྲོ་དུས་ཡང་མི་རེ་གཉིས་ལས་གཞན་རྣམས་རྐང་ཐང་ཁོ་ནར་ཕེབས་རྒྱུ་ལས་རླངས་འཁོར་ནང་ལ་འགྲོ་རྒྱུ་དེ་ཡག་པོ་མ་རེད་ཟེར་མཁན་དང་བསམ་མཁན་རེད་གདའ།སྐོར་བའི་འགྲོ་ཕྱོགས་བོན་ལུགས་ལྟར་ཡིན་རུང་སྐོར་ལམ་ནང་ལ་བན་བོན་གཉིས་ཀྱི་ཁ་འདོན་འདོན་མཁན་མང་ཉུང་བཤད་པར་དཀའ།ལ་ཁར་སླེབ་དུས་བསྔོ་སྨོན་བྱེད་དུས་ཡང་འདི་དང་ཕྱི་མའི་ཆོས་ཡང་དག་ཅིག་ངོས་འཛིན་གཅིག་བསྒྱུར་གདའ།དེར་བརྟེན་གནས་དེ་བོད་མི་མང་བའི་གནས་རི་དང་པོ་ཡིན་མིན་བཤད་མི་དགོས་པའི་གནས་སུ་གྱུར་འདུགདེ་ལྟར་བོད་ཀྱི་ཆེས་གནས་ཆེན་འདིའི་སྐོར་ལམ་དང་འབྲེལ་བའི་ཐད་ལ་མཐོང་ཚུལ་ཁག་ཅིག་ནི། གཅིག་ཉིང་ཁྲི་རྫོང་ནས་སྨན་རི་གྲོང་བར་གྱི་སྣུམ་ནག་གི་གཞུང་ལམ་དུམ་བུ་དེ་གཞུང་ལམ་གཞན་དང་མི་འདྲ་བའི་ཆེས་རྐང་བགྲོད་མང་བའི་ལམ་བུ་སྔར་སྲོལ་དང་ལྡན་པ་ཡིན།དེར་བརྟེན་རླངས་འཁོར་མགྱོགས་དལ་གྱི་ཐད་ལ་ཚོད་འཛིན་མེད་ན་འགྲིམ་འགྲུལ་གྱི་གནས་ཚུལ་ཡག་པོ་མི་འདུག་པ་མ་ཟད་སྨན་རི་ནས་བརྒྱད་གཅིག་གྲོང་ཁྱེར་བར་དུ་རྟག་པར་རྒྱུགས་མཁན་གྱི་འགྲུལ་སྐྱེལ་རླངས་འཁོར་དང་ཨར་ལས་ཀྱི་བྱེ་འདམ་དབོར་མཁན་ཚོའི་སེམས་ཁ་སྒོར་མོའི་ཕྱོགས་སུ་ཤོར་དྲགས་ནས་རང་གཞན་གྱི་བདེ་འཇགས་ལ་སྣང་མེད་བྱེད་བཞིན་འདུག་པས་གནས་ཚུལ་ངན་པ་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ།དོན་རྐྱེན་བྱུང་ཚར་དུས་ཕྱོགས་གཉིས་ཀའི་མི་རྒྱུ་མར་མཐའི་གནས་སུ་གྱར་བ་ཡིན་སྟབས་དེ་ལས་སྔ་ཙམ་ནས་འགྲིམ་འགྲུལ་དོ་དམ་ཁུལ་ནས་དལ་མགྱོག་ཚུལ་མཐུན་གྱི་གཏན་འབེབས་བཟོས་ན་ཕན་ཆེ་ས་འདུག གཉིས་འཁོར་ཡུག་གཙང་སྦྲའི་ཐད་ལ་ཟ་ཆ་དང་འཐུང་ཆའི་ཕྱི་ཤུས་སྣ་ཚོགས་གང་སར་མཐོང་རྒྱུ་ཡོད་པ་འདི་ཕྱག་སྐོར་བ་ཚོས་རང་འགན་ཁུར་བཞིན་འདུག་རུང་གད་སྙིག་བླུག་སའི་ས་གནས་འདི་ཞེས་མེད་རྐྱེན་རེད་འདུག་པས་མ་མཐར་ཡང་གད་སྙིག་དོར་སའི་སྒོམ་ཆུང་རེ་དམིགས་བསལ་ས་གནས་སུ་ཡོད་པ་ཡིན་ན་ཕན་ཐོག་ཆེ། གསུམ་དར་ཅོག་དང་རླུང་རྟ་དེ་ཚོ་གང་སར་སྐོར་ལམ་ཕྲད་གཅོད་བྱས་ནས་བཏགས་འདུག་པ་འདིས་སྐོར་བ་པ་ལ་སུན་པོ་ཙམ་མ་ཟད་ལམ་དོག་སར་ཉན་ཁ་ཤིན་ཏུ་ཆེ།འཁོར་ཡུག་ལ་ཡང་ཤོག་གུ་དང་རས་ཀྱི་འདམ་རྫབ་ཏུ་གྱུར་བཞིན་འདུག་པས་དགེ་སྒྲུབ་པ་ཚོས་དེ་ལུགས་མཛད་དགོས།རབ་ཡིན་ན་དར་ཅོག་འདོག་ས་དང་རླུང་རྟ་གསོལ་སའི་ས་ཆ་ཞིག་འདི་ཞེས་བྱས་ནས་ལོ་རེར་གཙང་སྦྲ་རེ་བཟོས་ན་འཁོར་ཡུག་འབགས་གོད་མི་འགྲོ་བ་དང་སོ་སོས་གསུང་རབ་རྡོག་བརྫིས་མི་ཡོང་བ་སོགས་ལ་ཕན་ཆེན་པོ་འདུག བཞི་ལམ་རྒྱུད་ཀྱི་ཇ་ཁང་དང་འགྲུལ་ཁང་གི་སྒོ་བྱང་ཐོག་ཏུ་ཡི་གེ་བརྡ་དག་ལར་ནི་དོ་སྣང་མ་བྱས་ནས་རང་སྣང་གང་ཤར་བྲིས་གདའ།དྲང་པོར་བཤད་ན་ཡིག་ནོར་ཅན་གྱི་སྒོ་བྱང་གྲངས་འབོར་ཧ་ཅང་མང་བ་མ་ཟད་བདག་པོ་མང་ཕལ་ཆེར་དེ་བོད་རིགས་རེད།འདིའི་རྒྱུད་རྒྱལ་ཕྱི་ནང་གི་འགྲུལ་པ་ཆེས་མང་བའི་ས་ཆ་ཞིག་ཡིན་སྟབས་དེ་ཚོའི་མདུན་ལ་སོ་སོའི་སྐད་ཡིག་ལ་སྣང་མེད་བྱེད་པའི་མི་ཞིག་ཡིན་ཟེར་ནས་ངོས་ལེན་བྱེད་པ་དང་མ་ཟད་ང་ནི་སྒོར་མོ་ལས་རང་གི་སྐད་ཡིག་བེད་སྤྱོད་མི་ཤེས་མཁན་ཞིག་ཡིན་ཟེར་ནས་སློང་མོ་བ་བྱས་ནས་བསྡད་པ་ཅི་ཁྱད།དེ་ལས་བརྡ་དག་དང་ལྡན་པའི་སྒོ་བྱང་རེ་བཟོས་ན་ཚུལ་མཐུན་གྱི་མི་རིགས་ལ་ལུགས་མཐུན་གྱི་ཞབས་ཕྱི་བ་ཞིག་གི་རྒྱུ་མཚན་ལྡན་པའི་ཕན་ཆེ། ལྔ་གནས་འདི་ཡི་བཀའ་རྟགས་ཞབས་རྗེས་ཡིག་འབྲུ་ལྷ་སྐུ་སོགས་ལ་ངོ་སྤྲོད་སྦྱར་བྱང་ཁག་ཅིག་འཛུགས་གནང་བ་ཐུགས་རྗེ་ཆེ།ད་དུང་བཀའ་རྟགས་ཀུན་ལ་ས་ཕྱོགས་གང་ཡོད་ཕྱོགས་སྟོན་གྱི་མདའ་རྩེ་དང་བརྡ་དག་ལྡན་པའི་སྒོ་ནས་ཤིང་བྱང་རེ་ཚུགས་པ་ཡིན་ན་དད་ལྡན་ཚོའི་སྣང་བ་སྤྲོ་བ་དང་བྱིན་རླབས་འཕེལ་བ་གནས་ཀྱི་ཆེ་བ་མངོན་པ་གཞན་རིག་དངོས་འབུར་དུ་དོད་པ་སོགས་ཀྱི་ཕན་ཡོན་ཆེ། དྲུག་གནས་ལ་ཕྱག་སྐོར་དང་གཙང་སྦྲ།མཆོད་འབུལ་བ་ཚོས་སོ་སོའི་སྐོར་བའི་ཡུལ་དེ་འདི་ལྟར་གྱི་ས་རྡོ་རི་བྲག་ཙམ་མ་ཡིན་པར་རྒྱལ་བ་གཤེན་རབ་མི་བོ་ལ་འཁོར་བླ་མ་ཡི་དམ་མཁའ་འགྲོ་བསྟན་སྐྱོང་སྐོར་བ་ཞིག་ལ་སེམས་ཅན་ཐམས་ཅད་ཚེ་འདིར་བདེ་ལྡན་ཙམ་གྱི་མ་ཟད་མཐར་ཐུག་སངས་རྒྱས་གོ་འཕོང་ཐོབ་པའི་ཆེད་དུ་ཡིན་བསམ་ནས་དགེ་བ་སྒྲུབས་དགོས།དེ་ནི་བཀའ་དང་ལུང་ཁྱད་པར་དུ་ཡོངས་འཛིན་རིན་པོ་ཆེ་ཡི་ཞལ་བཀོད་ཀྱི་དགོངས་དོན་ཡིན་པས་སེམས་ལ་འཛིན་རོགས་ཞུ།གོང་གསལ་དེ་རྣམས་ང་ཚོ་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་དང་ལྷག་དོན་དུ་བོན་འབངས་རྣམས་ལ་རང་འཁྲིའི་འོས་འགན་ཞིག་ཡིན་པའི་བསམ་གཞིགས་རེ་མ་བརྗེད་པར་ཞུ་ཞུ།།འདི་ནི་རང་ཉིད་མངོས་མཐོང་གི་སྒོ་ནས་བསམ་ཚུལ་གླེང་བ་ཡིན་ལ་དོན་ཚན་རྣམས་དང་འབྲེལ་བའི་པར་རིས་ཡང་མཉམ་པོར་སྐྱང་ཡོད། རིས་མེད་པས།