གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ཀྱི་འགྲེལ་བ་གསལ་བྱེད་འཕྲུལ་གྱི་མེ་ལོང་བཞུགས།

མཛད་པ་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན།
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩོད་པ་བཟློག་པའི་འཁོར་ལོ་དབལ་གསས་རྔམ་པའི་སྐུ་གསུང་ཐུགས་ཀྱི་གསང་སྒྲུབ་ཀྱི་འགྲེལ་པ་གསལ་བྱེད་འཕྲུལ་གྱི་མེ་ལོང་ཞེས་བྱ་བ། །བླ་མ་བཀའ་དྲིན་ཅན་གྱི་ཞབས་ལ་འདུད། །དཔག་མེད་གོང་ནས་སྦྱང་སྟོབས་རྟོགས་པའི་མཐུས། སྙིགས་མའི་དུས་འདིར་ནོར་བུ་རིན་ཆེན་ལྟར། །གང་འདུལ་དགོས་འདོད་སྐོང་པའི་བཀའ་དྲིན་ཅན། །འགྲོ་མགོན་མཚན་ལྡན་བླ་མ་རྣམས་ལ་འདུད། །རྣམ་དག་ཐུགས་ཉིད་བདལ་པ་ཆེན་པོ་ལས། །མ་གཡོས་ཐུགས་རྗེའི་སྤྲུལ་པ་སྣ་ཚོགས་ཤར། །ལས་དང་ཉོན་མོངས་བར་ཆད་འདུལ་མཛད་པ། །སྒྱུ་འཕྲུལ་ཡི་དམ་ལྷ་ཚོགས་རྣམས་ལ་འདུད། །མ་རྟོགས་ལོག་པར་གོལ་བའི་སེམས་ཅན་རྣམས། །ཡང་དག་བདེན་པའི་ལམ་ལ་གཞུག་པའི་ཕྱིར། །ཐམས་ཅད་མཁྱེན་པའི་ཐུགས་དགོངས་སྙིང་པོའི་བཅུད། །རྩོད་པ་བཟློག་པ་རྒྱུད་ཀྱི་དགོངས་པ་གསུངས། །དེ་དོན་བདག་གིས་གསལ་བའི་མཐུ་མེད་ཀྱང༌། །མཚན་ལྡན་བླ་མའི་བཀའ་དྲིན་ཐོབ་པ་དང༌། །དད་འདུན་མོས་པའི་གསུང་དོན་མི་གཅོག་ཕྱིར། འགྲེལ་ཆུང་གསལ་བྱེད་འཕྲུལ་གྱི་མེ་ལོང་དགོད།།
འདིར་དད་འདུན་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་ལས་གྲོལ་ནས་བདེ་བའི་འབྲས་བུ་སྒྲུབ་པའི་ཐབས་རྒྱལ་བས་གསུངས་པའི་སྡེ་སྣོད་གྲངས་མང་བས་ལས་ཀྱང་ཐབས་ཆེ་ལ་སྒོ་ཡངས་པ་ཚེགས་ཆུང་གནད་དུ་རྡེག་པའི་སྐྱེ་བ་གཅིག་གིས་བྱང་ཆུབ་སྒྲུབ་པ་ཐེག་པ་ཆེན་པོ་གསང་སྔགས་རིན་པོ་ཆེ་སྤྱི་སྤུངས་སྐོར་གསུམ་ལས་འདིར་མན་ངག་ཡང་ཁོལ་རྩོད་པ་བཟློག་པ་སྟེ། དབལ་གསས་རྔམ་པ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ཀྱི་དོན་བཤད་པར་བྱ་ན་གསུམ་སྟེ། བཤད་ཉན་གྱི་དགེ་བ་ལམ་དུ་སློང་པར་བྱ་བའི་ཕྱིར་སྤྱོད་ལམ་བསྟན་པ་དང༌། བཤད་པར་བྱ་བ་བོན་གྱི་རང་བཞིན་ངོས་བཟུང་བ་དང༌། དེ་ཡི་བཤད་ལུགས་རྒྱས་པར་གཏན་ལ་དབབ་པའོ། དང་པོ་ལ་གསུམ་སྟེ། བཤད་ཉན་གྱི་རྟེན་ངོས་བཟུང་བ་དང༌། ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་དང༌། བཤད་ཉན་བྱས་པའི་འབྲས་བུ་དགོས་པའོ། དང་པོ་རྟེན་ལ་གཉིས་ལས། དང་པོ་འཆད་པ་པོའི་རྟེན་ནི་འདི་ཉིད་ལས། སད་དོ་སྤུངས་སོ་ཞེས་དང༌། སད་ནེ་གྱེར་ཅེས་དང༌། ཞི་བ་ལས། ཐུགས་འབྱོངས་ཐབས་ལ་མཁས་པའི་དཔོན་གསས་བསྟེན་ཅེས་པ། དེ་ལ་གསུམ་སྟེ། ཐུགས་འབྱོངས་པ་དང༌། ཐབས་ལ་མཁས་པ་དང༌། ཐུགས་རྗེ་ཆེ་བའོ། དང་པོ་ནི། སྤྱིར་བཀའ་སྡེ་སྣོད་མཐའ་དག་དང༌། བྱེ་བྲག་ཐེག་པ་ཆེན་པོ་གསང་སྔགས་ཀྱི་དོན་འདི་ལ་མཁས་པ་གཅིག་ཡིན་ལ། གཉིས་པ་ནི་འགྲོ་བའི་བློ་ཚོད་བསྟུན་ནས་གང་འདུལ་ལ་དེ་དང་འཚམ་པར་སྟོན་ཤེས་པ་གདུལ་བྱ་ལམ་ལ་འཁོད་པའི་ཐབས་མཁས་པ་དེ་ཡིན་ལ། གསུམ་པ་ནི་བྱམས་དང་སྙིང་རྗེས་འགྲོ་བ་སྐྱོབས་ཤིང་སེམས་བསྐྱེད་རྣམ་པར་དག་པ་དང་ལྡན་པ་དེ་ཡིན་ཏེ། དཔོན་གསས་མན་ངག་དམ་པའི་གནས། རྒྱུད་ལུང་མན་ངག་དོན་ཁྲོལ་ཅིང༌། ཐུགས་རྗེ་ཆེ་ལ་ཐབས་ལ་མཁས་པ། ཅེས་རྩ་རྒྱུད་ལས་གསུངས་སོ། དེས་ན་དེ་ལྟ་བུའི་དཔོན་གསས་བླ་མ་ཚད་དང་ལྡན་པ་བསྟེན་ཅིང་ལུས་ངག་ཡིད་ཀྱི་སྒོ་ནས་ཐུགས་བཟུང་བླ་མས་གསུང་བའི་དོན་གྱི་དགོངས་པ་ཐུགས་སུ་ཆུད་པར་བྱ་སྟེ་དཔོན་གསས་ཅི་མཛད་བདུད་རྩིའི་ཆུ་ལ་འཐུང་ཞེས་དང༌། དེ་ལས་ལོག་པ་ཚད་དང་མི་ལྡན་པ་དག་སྤང་པར་བྱ་སྟེ། རྒྱུས་མེད་ལམ་པས་ས་བགྲོད་ན། གནས་སུ་ཕྱིན་པར་མི་འགྱུར་ངེས། ཅེས་རྩ་རྒྱུད་ཆེན་མོ་ལས་གསུངས་པས་གནས་སྐབས་དང་མཐར་ཐུག་གི་རྟེན་འབྲེལ་ལྡོག་པར་འགྱུར་བའི་ཕྱིར་སྤང་པར་བྱའོ།

གཉིས་པ་ཉན་པ་པོའི་རྟེན་ལ། ཞི་བ་ལས། མཚན་ལྡན་དགེ་ལ་འདུན་ཅེས་དང༌། སྐལ་ལྡན་དབེན་གནས་བརྟེན་པའི་དོན་ཆེད་དུ་ཞེས་པས་དེ་ལ་གསུམ་སྟེ། ལས་འཕྲོ་སྐལ་བར་ལྡན་པ་དང༌། དད་པ་དང་ལྡན་པ་དང༌། མཚན་ཉིད་དང་ལྡན་པའོ། དང་པོ་ནི་ཡུལ་དུས་བྱ་བ་གཞན་གྱིས་བར་དུ་མ་ཆོད་པར་དང་པོར་འཕྲད་པ་དང༌། བར་དུ་སྒྲུབ་པ་དང༌། ཐ་མ་རྟོགས་ཅིང་མངོན་དུ་གྱུར་པ་སྐལ་བ་དང་ལྡན་པ་ཡིན་ལ། གཉིས་པ་ནི། འཇིག་རྟེན་གྱི་བྱ་བ་ལ་བློ་ལོག་པ། ཡང་དག་པའི་དོན་ལ་མོས་ཤིང་འདུན་པ་ཟབ་མོའི་དོན་ལ་ཉམས་སུ་ལེན་ནུས་པ། བླ་མ་སངས་རྒྱས་སུ་ཤེས་པའི་སྐྱེས་བུ་དེ་དང༌། གསུམ་པ་ནི། སྟོབས་ལྡན་བློ་གསལ་ལ་སོགས་ཀྱི་མཚན་ཉིད་ལྡན་པ་དང༌། ཤ་མཚན་ཤིས་ཤིང་སྒྲུབ་ལ་བརྩོན་པ་དེའོ། དེ་ཡང་གཡུང་དྲུང་བོན་གྱི་རྒྱལ་མཚན་ནུས་པ། བློ་ལ་ཡེ་ཤེས་ཀྱི་མེ་འབར་བ། དམ་ཚིག་གི་ཟུངས་ཐུབ་པ་དེ་ལྟ་བུ་ལ་བསྟན་ཞེས་དང༌། མི་གསང་གསང་བའི་མཆོག་ཏུ་གདམས་ཞེས་གསུང་བ་དང༌། དེ་ལས་ལོག་པའི་གང་ཟག་སྣོད་དང་མི་ལྡན་པ་དག་སྤང་བར་བྱ་སྟེ། སྒེར་བུ་རང་མཐོང་གཡག་སྐེའི་སློབ་མ་སྤང་ཞེས་སོགས་གསུངས་པའོ།

གཉིས་པ་བཤད་ཅིང་ཉན་པའི་ཚུལ་ལ་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་དང་གསུམ་མོ། དང་པོ་སྔོན་དུ་འགྲོ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཙོ་བོ་ཡིན་ཏེ། དེ་ཡང་དཔོན་སློབ་གཉིས་ཀས་འཇིག་རྟེན་གྱི་ཁེངས་གྲགས་རང་དོན་རྐྱང་པ་ལ་སོགས་དོར་ལ་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་དོན་དུ་བཤད་ཉན་ལ་འཇུག་པར་བྱ་སྟེ། སེམས་བསྐྱེད་སྔོན་དུ་མ་སྐྱལ་ཞིང་པས་རྒྱུ་བརྗེད་འདྲ། སེམས་བསྐྱེད་དོན་དང་ལྡན་པའི་གཤེན་རབ་ནི། མཁའ་ལ་ཆར་བབ་རྒྱ་མཚོའི་རུ་མ་འདྲ། ཞེས་གསུངས་པའོ། གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་འཆད་པ་པོས་ཇི་ལྟར་བཤད་པ་ལ་ལུས་མ་དག་པ་སྲོག་གཅོད་པ་ལ་སོགས་མི་དགེ་བ་དང༌། ཉན་པ་པོ་ལ་རྒྱབ་སྟོན་པ་ལ་སོགས་པ་རྣམ་འགྱུར་མ་དག་པ་དག་ཡོངས་སུ་སྤངས་ལ། རྣམ་པར་དག་པ་ལུས་ཀྱི་དགེ་བ་དང་འབྲེལ་བའི་སྒོ་ནས་རྟེན་སྔགས་བཙུན་ལ་སོགས་གང་ཡིན་ཀྱང༌། རང་རང་གི་གདན་ནབ་བཟའ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་དག་དགའ་བ་དང་བརྗིད་པའི་སྒོ་ནས་བཤད་པར་བྱ་སྟེ། འབུམ་ལས། སྟོན་པ་གཤེན་རབ་མི་བོ་ནི་གསས་མཁར་རི་རབ་དཔེར་བཞག་གི་ནང་ན། ཤེལ་གྱི་སེང་གེ་བཞི་བཞི་བརྒྱད་ཀྱི་ཁྲི་ལ་ནི་བཞུགས། དབུ་ལ་རིན་པོ་ཆེའི་པྲོག་ཞུ་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཆགས་ཤིང་ནི་བསྣམས་ནས་དགའ་བའི་མདངས་དང་བརྗིད་པའི་ཚུལ་གྱིས་སེམས་ཅན་རྣམས་ལ་བོན་སྟོན་ཞེས་གསུངས་སོ། ངག་གིས་ངག་འཁྱལ་ལ་སོགས་མི་དགེ་བ་དང༌། གླུ་སྒྲུང་བྲེ་མོ་ལ་སོགས་མ་དག་པ་དང༌། མ་བཤད་ལོག་བཤད་ལ་སོགས་པ་ཧ་ཅང་ཐལ་བ་ལ་སོགས་སྤངས་ལ། ངག་གིས་དགེ་བ་དང་འབྲེལ་བའི་སྒོ་ནས་གཙང་ལ་དག་པ་གཞུང་གི་དགོངས་པ་ཁྲོལ་བར་བཤད་པར་བྱ་སྟེ། གབ་པ་ལས། བདེན་པའི་ཚིག་དང་དོན་དུ་སྦྲེལ་ཞིང་དཀྱུས་ནས་འབྱུང་བ་བཞིན་ཞིབ་ཏུ་བཤད་པ་ལ་བྱའོ། ཞེས་གསུངས་སོ། ཡིད་ཀྱིས་མངན་སེམས་ལ་སོགས་མི་དགེ་བ་དང༌། ཞེ་སྡང་ལས་སོགས་ཉོན་མོངས་དང༌། སྙན་གྲགས་ལ་སོགས་མ་དག་པ་རྣམས་སྤངས་ལ། ཡིད་དག་པ་སེམས་བསྐྱེད་དང་དགེ་བ་འབྲེལ་བའི་སྒོ་ནས་བཤད་པར་བྱ་སྟེ། འབུམ་ལས། སེམས་ཅན་རྣམས་ཡོངས་སུ་སྨིན་ཅིང་འཁོར་རྣམས་ཤེས་པའི་རྒྱུད་སྦྱོང་བའི་ཕྱིར་བཤད་ཀྱིས། འདི་ལ་རབ་ཏུ་ཉོན་ཅིག་ཅེས་གསུངས་སོ།
གཉིས་པ་ཉན་པ་པོས་ཉན་ཚུལ་ལ་ལུས་ཀྱིས་མི་དགེ་བ་དང་ཁྲི་དང་ཤ་ཉལ་ལ་སོགས་སྤངས་ལ། ཅོག་པུའམ་པུས་བཙུགས་ལ་སོགས་དག་པའི་སྒོ་ནས་ཉན་ཏེ། མདོ་ལས་ཀྱང༌། ལུས་ཀྱང་ཐུད་ལ་ཡན་ལག་གསུམ་པུས་མོ་ཚུགས་ལ་ཐལ་མོ་སྦྱོར་ཞེས་གསུངས་སོ། ངག་གིས་ངག་འཁྱལ་བླ་བོ་ལ་སོགས་སྤངས་ལ། སྨྲ་བཅད་ཀྱི་ཚུལ་དུ་ཉན་པར་བྱ་སྟེ། སེམས་ཕྲན་ལས། ངག་ཁ་ལག་གཞན་དང་མ་འདྲེས་པར་བསྒྲུབ་ན་འགྲུབ་ཅེས་གསུངས་སོ། ཡིད་ཀྱིས་མི་དགེ་དུག་ལྔ་རང་དོན་ལ་སོགས་སྤངས་ལ། སེམས་བསྐྱེད་དང་འབྲེལ་བའི་སྒོ་ནས་མ་ཡེངས་པར་དད་པས་ཉན་ཏེ། མདོ་ལས། དབང་པོ་མ་ཡེངས་བརྟན་པར་ཉོན། ཅི་འདོད་སེམས་ཀྱི་དཀྱིལ་དུ་བཤད། ཅེས་གསུངས་སོ། གསུམ་པ་རྗེས་ཀྱི་བྱ་བ་བྱང་ཆུབ་ཏུ་བསྔོ་བ་སྟེ། དེ་ཡང་བཤད་ཉན་ལས་སོགས་རང་དང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བ་བློས་བསྡུས་པ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ། ཚུལ་ནི་མི་དམིགས་པའི་ཤེས་རབ་རྣམ་པར་དག་པས་བསྔོ་ཞིང་ཡུལ་ནི་རང་གཅིག་པུའི་དོན་མ་ཡིན་གྱིས་འགྲོ་བ་ཐ་དག་གི་དོན་དུ་བསྔོ་བ་སྟེ། འབུམ་ལས། དགེ་བ་ཉུང་ཞིང་བསམ་པ་ཆུང་བའི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་སྟེ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་པས་དེ་བཞིན་ཉིད་རྣམ་པར་དག་པའི་འབྲས་བུ་ཐོབ་པར་འགྱུར་ཞེས་དང༌། སྦྱིན་པའི་རྒྱུ་དང༌། གནས་དང༌། ལམ་དང༌། དེ་བཞིན་ཉིད་མི་དམིགས་པའི་ངང་ལ་བཞག་ན་རྒྱ་ཆེ་ཞེས་གསུངས་སོ། ད་གསུམ་པ་འབྲས་བུ་ལ་གཉིས་ལས། མ་དག་པ་ཉེས་དམིགས་ཀྱི་འབྲས་བུ་ནི་ལུས་མ་དག་པས་ཚེ་འདིར་ཚེ་ཐུང་ནད་མང༌། རྟེན་མི་མཛེས་པ། གཞན་གྱི་ཕྱག་སྐྱབས་ཀྱི་ཡུལ་དུ་མི་འགྱུར་བ་ལ་སོགས་འབྱུང་ལ་དེས་ཕྱི་མ་ལ་ཡང་མི་ཁོམ་གནས་བརྒྱད་ཀྱི་ལུས་བླངས་ནས་མཐར་དམྱལ་བ་གཅོད་སྦྱོང་དུ་སྐྱེ་བར་འགྱུར་ལ། ངག་མ་དག་པས་འདིར་གཞན་ལ་བཀའ་མི་བཙན། སྔགས་འཛབ་སྙིང་པོའི་ནུས་པ་ཟད། ཀུན་གྱིས་ཡ་ག་འདུ་བའི་གནས་སུ་གྱུར་ནས་ཕྱི་མ་ལ་ཡང་ལྐུགས་པའམ་ཚིག་རྩུབ་སྨྲ་བ་ལ་སོགས་སུ་གྱུར་ཏེ་མཐར་དམྱལ་བ་ལྕེ་ལ་ཞིང་རྨོ་བ་ལ་སོགས་སུ་འགྱུར་ལ། ཡིད་མ་དག་པས་འདིར་བསམ་པ་མི་འགྲུབ་ཅིང་གཞུང་གི་བརྗོད་བྱ་མི་རྟོགས་པ་ལ་སོགས་སུ་གྱུར་ནས། ཕྱི་མར་ཡང་གླེན་ཞིང་རྨུགས་པ་ལ་སོགས་སུ་གྱུར་ནས་མཐར་བྱོལ་སོང་གི་གླིང་དུ་སྐྱེ་བར་འགྱུར་བ་སྟེ། ལས་རྒྱུད་ལས། བསམ་པ་སྦྱོར་བ་བརྣག་པ་ཡིས། གནས་ངན་གསུམ་དུ་ལྟུང་བར་བྱེད། ཅེས་གསུངས་སོ།

གཉིས་པ་དག་པའི་ཡོན་ཏན་ལ་འདིར་དག་པས། ཚེ་འདིར་ནད་ཉུང། རྟེན་མཛེས། ཕྱག་སྐྱབས་ཀྱི་ཡུལ་དུ་འགྱུར་བ་ལ་སོགས་དང་ལྡན་ཅིང་ཕྱི་མར་དལ་འབྱོར་ཕུན་སུམ་འཚོགས་པར་བརྒྱུད་དེ་མཐར་འགྱུར་བ་མེད་པའི་སྐུ་ཐོབ་ལ། ངག་དག་པས་འདིར་ངག་གཞན་ལ་བཀའ་བཙན་པ་དང། སྔགས་འཛབ་སྙིང་པོའི་ནུས་པ་ཆེ་བ་དང༌། ཀུན་གྱིས་བསྔགས་པ་བརྗོད་པ་ལ་སོགས་དང་ལྡན་ཞིང་ཕྱི་མར་ངག་ཞི་ལ་སོགས་ཀྱི་ཡོན་ཏན་དང་ལྡན་ཏེ་མཐར་རང་བཞིན་མེད་པའི་གསུང་ཐོབ་ལ། ཡིད་དག་པས་འདིར་བསམ་པ་འགྲུབ་ཅིང་གཞུང་དོན་རྟོགས་པ་ལ་སོགས་དང་ལྡན་ཞིང་ཕྱི་མར་བློ་གསལ་བ་ལ་སོགས་པ་དང་ལྡན་ཏེ་མཐར་འཁྲུལ་པ་མེད་པའི་ཐུགས་ཐོབ་པར་འགྱུར་ཏེ། ལས་རྒྱུད་ལས། ལུས་ངག་ཡིད་གསུམ་དག་སྤྱད་ན། སྐྱེ་བ་གཅིག་གིས་མངོན་སངས་རྒྱས། ཞེས་གསུངས་སོ།

གཉིས་པ་བཤད་པར་བྱ་བ་བོན་གྱི་རང་བཞིན་ལ། བརྗོད་བྱ་དོན་གྱི་བོན་ཉིད། ཤེས་བྱ་གཤིས་ཀྱི་གནས་ལུགས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཡིན་ཏེ། ལུང་དྲུག་ལས། སེམས་ལས་མ་གཏོགས་གང་ཡང་མེད། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། ཞེས་དང༌། བོན་ཉིད་སྟོང་པ་བརྡའ་འཇལ་བའི་མཚན་ཉིད། ཅེས་གསུངས་སོ། དེས་ན་བརྗོད་བྱ་དོན་གྱི་གནས་ལུགས་རྟོགས་པར་བྱེད་པ་ལ་རྗོད་བྱེད་ཚིག་གི་གནས་ལུགས་ལ་བརྟེན་དགོས་པ་སྟེ། ལུང་དྲུག་ལས། ཐ་སྙད་ཚིག་གིས་དེ་དོན་སྟོན། འཛུབ་འཁྲིད་ཟླ་བ་ལྟ་བུའོ། ཞེས་གསུངས་པས། རྗོད་བྱེད་ཀྱི་ཚིག་ཐམས་ཅད་མདོར་བསྡུས་ན་བཀའ་དང་བརྟེན་པ་གཉིས་སུ་འདུས་ཏེ། མདོ་ལས། སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡིས་བརྟེན། ཞེས་གསུངས་པས་བོན་ཐམས་ཅད་བཀའ་དང་བརྟེན་པ་གཉིས་སུ་འདུས་པས་དེ་ལ་གསུམ་སྟེ། བཀའ་དང་བརྟེན་པའི་ས་མཚམས་དང༌། དེའི་རང་བཞིན་དང་དེ་ལྟར་བསྟན་པའི་དགོས་པའོ། དང་པོ་ནི་སངས་རྒྱས་སྐུ་ཡིས་འདུལ་བའི་དུས་སུ་གསུངས་པ་གང་ཟག་གི་ཚིག་གིས་བཅོས་སླད་མ་ཞུགས་པ་དེ་བཀའ་ཡིན་ཏེ་བྱིན་གྱིས་བརླབས་པ་དང༌། རྗེས་སུ་གནང་བའི་བཀའ་བྱུང་བའི་དུས་ཡིན་ཏེ། བཀའ་ཡི་མཚན་ཉིད་བཅོས་བསླད་མེད། ཅེས་རྣམ་འབྱེད་ལས་གསུངས་སོ། བཀའ་བརྟེན་ནི་སངས་རྒྱས་གསུང་གི་བསྟན་པ་ལ་གསུངས་པ་དང་སངས་རྒྱས་ཀྱི་བཀའ་ལ་བརྟེན་ནས་འཕགས་སྐྱེས་རྣམས་ཀྱིས་རང་གཞན་གྱི་དོན་དུ་མཛད་པ་དག་ཡིན་ཏེ་བཀའ་བརྟེན་འབྱུང་བའི་དུས་ཚོད་ཡིན་༼པའི་ཕྱིར༽ཏེ། བཀའ་དང་བཀའ་ལ་བརྟེན་ཞེས་གསུངས་སོ། གཉིས་པ་དེའི་རང་བཞིན་ལ་བཀའ་ཡི་རང་བཞིན་དང༌། བཀའ་བརྟེན་གྱི་རང་བཞིན། དེ་ལ་བྱེ་བྲག་ཏུ་ངོས་བཟུང་པའོ། དང་པོ་ལ་ངོ་བོ་ནི་ཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་གསུངས་པ་ཡིན་ལ། ངེས་ཚིག་ནི་སངས་རྒྱས་ཀྱིས་གསུངས་པ་དེ་འོག་མ་ལ་བཙན་པས་ན་བཀའོ།

གཉིས་པ་རབ་ཏུ་དབྱེ་བ་ལ་ལྔ་སྟེ། བདག་རྐྱེན་གྱི་སྒོ་ནས་དབྱེ་བ་དང༌། བཞག་པ་སྣོད་ཀྱི་དང༌། སྤང་བྱ་མི་མཐུན་ཕྱོགས་དང༌། རྟོགས་པ་ལྟ་བ་དང༌། གསུངས་པ་བཀའ་ཡི་ངོ་བོའི་སྒོ་ནས་དབྱེ་བའོ། དང་པོ་ཉིད་ཀྱིས་གསུངས་པའི་བཀའ་ནི་སངས་རྒྱས་ཀྱི་སྒྲ་འབྱུང་བའི་གནས་བརྒྱད་ལ་བརྟེན་ནས་ལྷང་ལྷང་གསུང་བའི་སྣང་བ་འཁོར་ལ་བྱུང་པ་སྟེ་གཤེན་རབ་ཀྱིས་བཀའ་སྩལ་པ་ཞེས་སོགས་གསུངས་པས་དང༌། གཉིས་པ་བྱིན་གྱིས་བརླབས་པའི་བཀའ་ནི། སྟོན་པའི་ཐུགས་རྗེས་རང་བཞིན་ཏིང་ངེ་འཛིན་ཚིག་བྱིན་གྱིས་བརླབས་ནས་གསུངས་པ་དང་དེ་ཡིས་འགྲོ་བ་གཞན་གྱི་ཁ་ལ་སོགས་བྱིན་གྱིས་བརླབས་པ་དག་ཡིན་ཏེ། ཐུགས་རྗེའི་བྱིན་གྱིས་བརླབས་ཤེས་གབ་པ་དང༌། རྡོ་ཤིང་རང་འགྱུར་གྱི་བོན་ཞེས་སོགས་འབུམ་ལས་གསུངས་སོ། གཉིས་པ་རྗེས་སུ་གནང་བའི་བཀའ་ནི། སྟོན་པས་འཁོར་ལ་སྒྲོག་ཤིག སྒྲུབས་ཤིག  སྤེལ་ཞིག་ཅེས་ལུང་བསྟན་པ་དག་ཡིན་ཏེ་ཁྱོད་རྒྱལ་པོའི་ཡུལ་དུ་བཞུད་ལ་ལྟ་བ་ནི་ཡས་ཕུབ་ཅིག ཅེས་སོགས་མདོ་ལས་སོ། གཉིས་པ་བཀའ་བཅད་ཀྱི་སྡེ་དང༌། གཉིས་ཀ་མ་ཡིན་པ་དང༌། སླ་འགྱུར་གྱི་སྡེ་དང་གསུམ། དབང་པོ་རབ་འབྲིང་ཐ་མ་གསུམ་ལ་དགོངས་ནས་གསུངས་པ་སྟེ། སྡེ་གསུམ་སྣོད་གསུམ་དུ་བླུག་ཅེས་མདོ་ལས་སོ། གསུམ་པ་ལ་དཔོན་གསས་མན་ངག་ལུང་གི་བོན་དང༌། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་དང༌། ཆབ་དཀར་དྲག་པོ་སྔགས་དང༌། འཕན་ཡུལ་རྒྱས་པ་འབུམ་དང༌། གཙང་མ་མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་དང་ལྔ་ཡིན་ཏེ། སེམས་ཅན་གྱི་རྒྱུ་ཉོན་མོངས་པ་དུག་ལྔས་བྱས་པ་ལ་སྟོན་པའི་ཐུགས་རྗེ་ཡེ་ཤེས་ཆེན་པོ་ལྔ་བསྐྱེད་ནས་འཇོམས་པས་ན་ལྔ་ཁོ་ནར་གྲངས་ངེས་སོ། བཞི་པ་ནི་ཐེག་པ་དགུ་ཡིན་ཏེ་དེ་ཡང་གང་ཟག་གི་བློ་རབ་འབྲིང་ཐ་མ་དགུ་ལ་དགོངས་ནས་གསུངས་པ་སྟེ། ཐ་མའི་ཐ་མ་ལ་ཕྱྭ་གཤེན། ཐ་མའི་འབྲིང་པོ་ལ་སྣང་གཤེན་ལ་སོགས་རིམ་གྱིས་སྦྱར་བ་སྟེ། བོན་ཅན་མཚན་མར་སྣང་བ་ཐམས་ཅད་ཐེག་པ་དགུ་རུ་འདུས། ཞེས་ཐཻག་པའི་མདོ་ལས་སོ། ལྔ་པ་ནི་བོན་ཐམས་ཅད་རྒྱུད་ལུང་མན་ངག་གསུམ་དུ་འདུས་པ་དེ་ལ་བཞི་སྟེ། ངོ་བོ་དང༌། བྱེད་ལས་དང༌། དབྱེ་བ་དང༌། བྱེ་བྲག་ཏུ་ངོས་བཟུང་པའོ། ཁོག་དབུབ་ཞུ་ལན་འབྲེལ་དང་འཁྲུགས་པ་ནི་རྒྱུད་ལ། གཏན་ཚིགས་སུ་ཆེ་ཞིང་དཔང་ཐུབ་པ་ནི་ལུང་ལ། ངེས་དོན་སྟོན་པ་ལ་རྩོལ་སྒྲུབ་ཆུང་བ་ནི་མན་ངག་གོ གཉིས་པ་ལ་ཁོག་ཁྲོལ་ཅིང་བྱང་འདྲེན་བར་བྱེད་པ་ནི་རྒྱུད་ལ། ངེས་པར་ལ་གཅོད་པ་ནི་ལུང་ལ། ངེས་དོན་གསལ་བར་ཐིག་བཏབ་ནས་ཉམས་མྱོང་ཡིད་ཆེས་པར་བྱེད་པ་ནི་མན་ངག་གི་ལས་སོ། གསུམ་པ་ལ་གསུམ་ལས། དང་པོ་རྒྱུད་ལ་ཕྱི་གཏན་ཚིགས་མཚན་ཉིད་ཀྱི་རྒྱུད་དང། ནང་ཨ་དཀར་བསྙེན་བསྒྲུབ་ཀྱི་རྒྱུད་དང། གསང་བ་ཡང་རྩེ་དགོངས་པའི་རྒྱུད་དོ། གཉིས་པ་ལུང་ལ། སྟོན་པས་གསུངས་པ་གཏན་ཚིགས་སུ་ཆེ་བའི་ལུང་དང༌། སྡོང་བྱེད་ལྷ་སྨན་གྱིས་གསུངས་པ་དངོས་གྲུབ་ཉམས་སོད་ཀྱི་ལུང་དང༌། རྟོགས་ཚད་ཐ་དད་ཐེག་སྒོ་བྱེ་བྲག་གི་ལུང་ངོ༌། གསུམ་པ་མན་ངག་ལ། མང་འབྲེལ་ཉུང་འདུས་དམར་ལ་འདྲིལ་ཅེས་བྱ་སྟེ། མང་ལ་འབྲེལ་བ་དོན་རྒྱུད་རྒྱས་པའི་སྐོར་དང༌། ཉུང་ལ་འདུས་པ་བསྡུས་པ་ངོ་སྤྲོད་ཀྱི་སྐོར་དང༌། དམར་ལ་འདྲིལ་བ་ལུང་དོན་འབྲིང་པོ་སོར་བཞག་གི་སྐོར་རོ།

བཞི་པ་རྒྱུད་ལ་གསུམ་ལས། ནང་དང་གསང་བ་ཡིན་པ། ལུང་གསུམ་ལས་སྟོན་པས་གསུངས་པའི་ལུང་ཡིན་ལ། མན་ངག་གསུམ་ལས་གསུམ་ཀའི་དོན་འདུས་ཤིང་འབྲིང་པོའི་སྐོར་དུ་ཤས་ཆེ་སྟེ། དེ་ཡང་རྒྱུད་ལུང་སྙིང་པོའི་སྐོར་དང་སྙན་རྒྱུད་ལྡེ་དམིག་སྐོར་རོ། དང་པོ་ལ་རྒྱུད་ཞི་རྒྱུད་ཁྲོ་རྒྱུད་གཉིས་དང༌། ལུང་ལ་ཨ་དཀར་ལྷ་སྒྲུབ་ཡི་དམ་ནར་མའི་ལུང༌། ཐེག་ལེ་དགུ་པ་གསང་བ་འདུས་པའི་ལུང༌། དབལ་གསས་རྔམ་པ་དྲག་པོ་ཟློག་ཐུན་གྱི་ལུང་ཆེ་ཆུང་དང༌། ཏི་ཀ་འགྲེལ་པ་ཆ་ལག་དང་བཅས་པ་ཡིན། དེ་ཡི་ཆ་ལག་དྲུག་ལ་བདུད་རྩི་ཐུགས་རྗེ་ཐེག་པ། དབང་ཤི་རི་ལོག་གི་སྙིང་ཏིག གསང་༼གསོན༽འདུར་འཁོར་བ་རྒྱུད་སྦྱོང༌། དགྲ་བདུད་ནག་པོ་སྙིང་གཟེར། གཡང་སྒྲུབ་ཚེ་བསྒྲུབ་གཉིས་ཏེ་དྲུག་གོ། སྙན་རྒྱུད་ལྡེ་དམིག་གི་སྐོར་ལ། རྒྱུ་བྱ་བ་གསུམ། རྐྱེན་བྱེད་པ་གསུམ། འབྲས་བུ་བྱས་པ་གསུམ་སྟེ་དགུའོ། རྒྱུ་གསུམ་ནི། མདོ་རྩ་སྟོན་པ་ཡང་གབ་འཕྲུལ་གྱི་ལྡེ་དམིག གསང་བའི་ནན་ཏན་སྟོན་པ་གསང་སྒྲུབ་འཕྲུལ་གྱི་ལྡེ་དམིག སྙན་རྒྱུད་འཕྲུལ་གྱི་ལྡེ་མིག དེ་གསལ་བར་བྱེད་པ་གསུམ་ནི། ལྟ་སྒོམ་སྤྱོད་པ་སྟོན་པ་ཨ་གསལ་ཡང་གབ་འཕྲུལ་གྱི་ལྡེ་དམིག དེའི་གེགས་གསུམ་སེལ་བ་ཨ་ལུང་ཡང་གབ་འཕྲུལ་གྱི་ལྡེ་དམིག སྒོམ་ཁྲིགས་ཉམས་སུ་ལེན་པ་ཡང་སྙིང་ཡང་གབ་འཕྲུལ་གྱི་ལྡེ་དམིག ལྟ་བའི་གོལ་ས་གཅོད་པ་ལྟ་གཅོད་འཕྲུལ་གྱི་ལྡེ་དམིག སྤྱོད་པའི་གོལ་ས་དགག་པ་སྤྱོད་དེམས་འཕྲུལ་གྱི་ལྡེ་དམིག བསྒོམ་པའི་ཞེན་པ་བཟློག་པ་སྒོམ་གཟེར་འཕྲུལ་གྱི་ལྡེ་དམིག་དང་དགུའོ།

གཉིས་པ་བཀའ་བརྟེན་ལ་ཡང་ངོ་བོ་ནི་སངས་རྒྱས་ཀྱི་བཀའ་འགྲེལ་བར་ནུས་ཤིང་རྩོམ་པ་པོ་ཚད་ལྡན་གྱིས་མཛད་པའི་བརྗོད་པ་རྣམ་པར་དག་པ་ཡིན་ལ། ངེས་ཚིག་ནི་སངས་རྒྱས་ཀྱི་བཀའ་ལ་བརྟེན་ནས་མཛད་པ་དང༌། དབྱེ་བ་ལ། བཀའ་ལ་ཇི་ལྟར་ཕྱེ་བ་བཞིན་དུ་འགྲེལ་བར་བྱེད་པའི་བཀའ་བརྟེན་ལ་ཡང་དབྱེ་བ་བཞི་འམ། ཡང་ན་དོན་འགྲེལ་ཚིག་འགྲེལ་གཉིས་སུ་འདུས་སོ། གསུམ་པ་བྱེ་བྲག་ཏུ་ངོས་བཟུང་བ་ལ། རྒྱུད་རྣམ་པ་གཉིས་ནི་བཀའ་དངོས་ཡིན་ཏེ། སངས་རྒྱས་ཀུན་ཏུ་བཟང་པོས་གསུངས་པའི་ཕྱིར་དང༌། ཡང་གསང་ཐིག་ལེ་དང་ལས་རིམ་ཆེན་པོ་ལས་སོགས་འགའ་ཞིག་ནི་བཀའ་ལ་བརྟེན་པ་སྟེ། སློབ་དཔོན་དྲན་པ་ལ་སོགས་ཀྱིས་བཀའ་ལ་བརྟེན་ནས་མཛད་པའི་ཕྱིར་རོ། གསུམ་པ་དགོས་པ་ནི་མ་རྟོགས་ལོག་རྟོག་ཐེ་ཚོམ་ཟ་བ་ཟློག་ནས་བཤད་ཐབས་བྱེ་བྲག་ཏུ་བརྗོད་ཤེས་པའི་དགོས་པ་ཡོད་དོ། གསུམ་པ་དེའི་བཤད་ལུགས་རྒྱས་པར་གཏན་ལ་དབབ་པ་ལ། ལུང་རྒྱུན་ཐག་ལྟར་རྒྱུད་ཕུན་སུམ་ཚོགས་པའི་སྒོ་ནས་བཤད་པ་དང༌། ལུང་རྩིས་འགོ་ལྔ་ཡི་སྒོ་ནས་བཤད་པ་དང༌། མན་ངག་སྤྱི་དོན་ལྔ་ཡི་སྒོ་ནས་བཤད་ཅེས་རྩ་རྒྱུད་ཆེན་མོ་དང་མཐུན་པར་གསུངས་པ་ལས་གཞུང་འདི་ཡང་ལུང་མན་ངག་གི་བོན་དུ་ཤས་ཆེ་བས་སྤྱི་དོན་ལྔ་ཡི་སྒོ་ནས་བཤད་དེ། ལོ་རྒྱུས་ཀྱིས་ཁོག་དབུབ་པ་དང༌། དོན་ཆེད་ཀྱིས་དམིགས་བཙལ་བ་དང༌། རྩ་བའི་མདོ་བཟུང་བ་དང༌། ཡང་དག་པའི་དོན་ཆེན་བསྒྲུབ་སྟེ་བསྟན་པ་དང༌། ཚིག་དོན་གྱིས་གཞུང་བསྲང་པའོ། དང་པོ་ལ་གསུམ་སྟེ། དང་པོར་གང་གིས་གསུངས་པ་དང༌། བར་དུ་གང་གིས་བརྒྱུད་པ་དང༌། ཐ་མར་དར་ནུབ་དངོས་གྲུབ་སྙེམས་པའི་ཚུལ་ལོ། དང་པོ་ནི་བོན་ཉིད་དབྱིངས་ཀྱི་ཕོ་བྲང་སྟོང་ལ་རྒྱ་མ་ཆད་པའི་གཞི་ནི། བོན་སྐུ་ཀུན་ཏུ་བཟང་པོ་འོད་སེམས་ཅན་ཡོངས་ལ་དྲོ་བ་དེས་རང་བཞིན་ཐུགས་རྗེས་བྱིན་གྱིས་བརླབས་ཀྱིས་གསུངས་སོ།

གཉིས་པ་ལ་ཚད་མེད་འོད་ལྡན་ནས་དྲན་པ་ནམ་མཁའ་ཡན་ཆད་རིམ་གྱིས་བརྒྱུད་ཚུལ་སྤྱི་དང་འདྲ་ལ། བྱེ་བྲག་ཏུ་ནི་ཡེ་གཤེན་གཙུག་ཕུད་ཀྱིས་ཀླུ་གྲུབ་ཡེ་ཤེས་སྙིང་པོ་ལ་བརྒྱུད། དེས་ཧྲིས་པ་གྱེར་མེད་དང་གཤེན་དྲན་པ་ལ་བརྒྱུད་དོ། རྣམ་པ་གཅིག་ཏུ་དྲན་པ་ཉིད་ཀྱིས་ཡིད་དམ་ཞལ་མཐོང་གསུང་ཐོས་ནས་བརྒྱུད་པར་ཡང་གསུངས་སོ། གསུམ་པ་ནི་མཁས་པ་མི་བཞི་དང་གཤེན་དྲན་པའི་སྐུ་ཡི་ཚེ་སྟོད་ལ་དར་ཞིང་རྒྱས་པ་སྐུ་ཚེའི་སྨད་ལ་རྒྱལ་གྲི་གུམ་གླེན་པའི་རིང་ལ་ཐེངས་གཅིག་ནུབ་སྟེ། བསྟན་པ་རིན་པོ་ཆེ་གཏེར་དུ་གཤེགས་སོ། ཁྱད་པར་གྱི་བོན་སྡེ་འདི་རྣམས་བླ་ཆེན་པོ་ཉིད་ཀྱི་སྤྲུལ་པ་རྨ་སྟོན་སྲིད་འཛིན་གྱིས་སྟ་ཕུ་རྒྱུང་སྲུབ་ཤེལ་དཀར་གྱི་བྲག་ལ་དངོས་གྲུབ་བསྙེམས་ནས་བྲུ་ཞུ་གཉིས་ལ་བརྒྱུད་དོ། དེ་ལས་བྱེ་བྲག་ཏུ། བྲུ་ཉི་མ་རྒྱལ་མཚན་ལས་རིམ་གྱིས་བདག་ལ་བརྒྱུད་པའོ། གཉིས་པ་དོན་ཆེད་ལ་སྔོན་བསྐལ་པ་དང་པོའི་དུས་ན་ཕྱི་སྣོད་ཀྱི་འཇིག་རྟེན་མས་ཡར་རིམ་གྱིས་ཆགས། ནང་བཅུད་ཀྱི་སེམས་ཅན་ཡས་མར་རིམ་གྱིས་ཆགས་སོ། ལྷ་གར་རྟེན་གསུམ་དང་ཕྱྭ་སྲིད་སྐོས་གསུམ་དང༌། མི་སྨྲ་གཤེན་གསུམ་ནི་བདེ་ཞིང་སྐྱིད་པ་དང༌། དགེ་ཞིང་འཕེལ་བར་བྱེད་དོ། དམུ་བདུད་བཙན་གསུམ་དང༌། འདྲེ་སྲིན་བྱུར་གསུམ་ལ་སོགས་པ་ནི་སྡུག་ཅིང་བསྔལ་བ་དང༌། མི་དགེ་བ་དང་མི་བདེ་བ་ལ་སོགས་བྱེད་དོ། དེར་སེམས་ཅན་ལས་དང་སྤྱོད་པ་མ་མཐུན་པས་ཐ་དད་དུ་བསྐལ་ཏེ། དེའི་ལྷ་གར་ལ་སོགས་ཀྱི་བསྟན་པ་ནི་འགོ་དམས། དམུ་བདུད་ལ་སོགས་ཀྱི་སྲིད་པ་ནི་མགོ་མཐོས་ཏེ་གཅིག་གིས་གཅིག་ལ་གནོད་པ་དང་འགལ་བ་དང་ཟ་བ་དང༌། འཆའ་བ་དང༌། འཐབ་པ་དང༌། རྩོད་པ་རུ་དར་ཏེ། མུན་ཐབ་ཐིབ་དང་ སེམས་བྲེལ་འཕོངས་སུ་གྱུར་ནས་ལས་དགེ་བའི་སྐབས་དང་མི་ལྡན་པར་གྱུར་ཏེ། དེའི་དུས་ན་ལྷ་ཀུ་བྱི་མང་ཀེས་ཀུན་ཏུ་བཟང་པོའི་ཐུགས་དམ་གྱི་རྒྱུད་བསྐུལ། ཀུན་ཏུ་བཟང་པོས་ཐུགས་ཀྱི་འོད་ཟེར་བཀྱེས་ནས་བར་ཆོད་ཀྱི་གནོད་པ་ཐམས་ཅད་ཞི་བའི་ལས་ཀྱིས་སྤ་སྐོང་བར་མཛད་དོ། དེ་ནས་ཡང་ལས་དང་ཉོན་མོངས་ཀྱི་ཆོ་འཕྲུལ་བག་ལ་ཉལ་བ་རྣམས་ཚར་བཅད་པའི་དོན་དུ་ཀུན་ཏུ་བཟང་པོ་ཉིད་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱང་སྐུ་འབར་བའི་ཁྲོ་བོ་དབལ་གསས་རྔམ་པར་སྤྲུལ་ཏེ་བར་ཆོད་ཐམས་ཅད་བཟློག་པའི་དོན་དུ་མཛད་དོ། འོ་ན་འདི་མ་ཡིན་པ་གཞན་གྱིས་ཀྱང་བཟློག་མོད་དམ་སྙམ་ན་མ་ཡིན་ཏེ། ཐེག་པ་དམན་པས་ནི་ལམ་གོལ་ཞིང་འགྱངས་པར་འགྱུར་ལ། ཕྱི་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་ནི་བྱིན་རླབས་ཀྱི་དཔུང་ཆུང་ཞིང་ཐབས་མི་མཁས་པའི་ཕྱིར་ཟློག་པར་མི་ནུས་ལ། དེས་ན་གསང་སྔགས་ཐེག་པ་ཆེན་པོའི་བྱིན་རླབས་ཀྱི་དཔུང་ཆེ་ཞིང་ཐབས་མཁས་པ། ལམ་ཉེ་ལམ་གཅིག་ཆོད་དུ་བགྲོད་ལ་ཕྱི་ནང་གི་བར་ཆོད་ཚར་བཅད་ནས་བླ་མེད་ཀྱི་འབྲས་བུ་མྱུར་དུ་འགྲུབ་པའི་དགོས་པ་ཡོད་དོ། དེ་ཡང་ཞི་རྒྱུད་ལས། ཀུན་བཟང་ཐུགས་ཀྱི་གསང་སྒོ་ནས། གསལ་བ་འོད་ཀྱི་འཁོར་ལོ་ཡིས། རྩོད་པ་མ་ལུས་འཁོར་ལོས་བཟློག ཅཻས་གསུངས་སོ།

གསུམ་པ་རྩ་བ་ནི། བོན་ཐམས་ཅད་ཀྱི་རྩ་བ་བདེན་པ་གཉིས་སུ་འདུས་ཏེ། མདོ་ལས་བདེན་གཉིས་དོ་རུ་མ་མཉམ་ན་གཡུང་དྲུང་གི་བོན་མིན། ཞེས་དང༌། ཞི་རྒྱུད་ལས། བདེན་གཉིས་གཞལ་བྱར་མི་འཇོག་ན། འབེན་མེད་མདའ་ཉེ་འཇལ་བ་འདྲ། ཞེས་པས། དེའི་དོན་ལ་མཚན་ཉིད་ཀྱི་ལུགས་ཀྱིས་དོན་དམ་པར་བདག་མེད་སྟོང་པ་དང༌། ཀུན་རྫོབ་བདེན་སྟོང་སྒྱུ་མ་ལྟ་བུར་བཞེད་མོད་ཀྱིས། ཐེག་པ་འདི་ཡི་ལུགས་ཀྱིས་ཤེས་བྱ་ཐམས་ཅད་དོན་དམ་པར་སེམས་ཉིད་ཐིག་ལེ་ཉག་གཅིག་སྐྱེ་མེད་སྤྲོས་དང་བྲལ་བ་བོན་ཉིད་དབྱིངས་སུ་བཞེད་དེ། དེ་ཡང་སྤྲོས་པ་ཐམས་ཅད་ཀྱི་མཐའ་ལས་འདས་པ་གང་གིས་ཀྱང་བརྗོད་པར་མི་ནུས་པ་རང་བཞིན་རྣམ་པར་དག་པའི་དབྱིངས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་རུ་ལྷུན་གྱིས་གྲུབ་པ་གཅིག་ཡོད་དེ༌། མདོ་ལས། དམ་པའི་དོན་དུ་སྟོང་ལ་ཡོངས་སུ་རྒྱ་མ་ཆད། ཅེས་དང༌། འབུམ་ལས། བདལ་པ་ཆེན་པོ་མ་གཡོས་པར་རྟོག་འཛིན་མེད་པར་དེ་ཁོ་ན་ཉིད་དོ། ཞེས་དང། ཞི་རྒྱུད་ལས། སྐྱེ་མེད་གདོད་ནས་དག་པའི་དོན། ཡེ་ནས་མ་སྦྱང་རྣམ་པར་དག། ཀུན་ལ་ཚད་མེད་ལྷུན་ལ་རྫོགས། ཡེ་ཤེས་སྣང་མེད་དཔེ་ལས་འདས། ཞེས་སོ། ཀུན་རྫོབ་ཏུ་འདི་ལྟར་གྱི་སྣང་བ་ཐམས་ཅད། ལྷ་དང་གཞལ་ཡས་ལྷ་དང་ལྷ་མོའི་རང་བཞིན་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། གཞའ་ཚོན་ནམ་ཆུ་ཟླའི་དཀྱིལ་འཁོར་ལྟ་བུ་རོལ་པ་རང་ཤར་འགག་མེད་ཀྱི་རྩལ་དུ་ལྟ་བ་ཡིན་ཏེ། ཞི་རྒྱུད་ལས། ཐམས་ཅད་ལྷ་དང་ལྷ་མོའི་སྣང་བ་ཤ་སྟག་ཏུ་འགྱུར་ཏེ་སྣང་བས་ཁྱབ་པར་འགྱུར་ཞེས་དང༌། རྣམ་ཤེས་ཕུང་པོ་རྣམ་གྲོལ་བདེ། ཀུན་སྣང་ཁྱབ་པ་ཐུགས་ཀྱི་ལྷ། ཞེས་དང༌། གཞུང་རྒྱས་པ་ལས་ཀྱང༌། འདི་ལྟར་གྱི་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ་ལྷ་དང་ལྷ་མོའི་རང་བཞིན་ལས་དོན་དམ་པར་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་དོ། ཞེས་གསུངས་སོ།

བཞི་པ་ཡང་དག་པའི་དོན་ནི། འདི་ཡི་དོན་ཉམས་སུ་བླང་ལུགས་གཅིག་༼ཤིག༽སྟོན་པ་སྟེ། དེ་ཡང་བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་གསུམ་གྱིས་སྟོན་ཏེ། དང་པོ་ལ་ཕྱི་སྣོད་ལྷ་ཡི་གཞལ་ཡས་ནང་བཅུད་ལྷ་དང་ལྷ་མོར་གསལ་བ་དང༌། ནང་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་སྐུ་ཡེ་ཤེས་སུ་གསལ་བ་དང༌། གསང་བ་འགྱུ་བྱེད་ཀྱི་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་གསལ་བར་བསྒོམ་པ་སྟེ། དེ་ཡང་ཡེ་ནས་གནས་པའམ་གསར་དུ་སྒོམ་པ་ཞིག་ཡིན་སྙམ་ན། ཡེ་ནས་གནས་པའི་དོན་དེ་བློས་གསར་དུ་གསལ་འདེབས་པ་ཡིན་ཏེ༌། གཞུང་རྒྱས་པ་ལས། ཁྱེད་ནི་ཡེ་ནས་སྩལ་མེད་ལྷུན་གྱིས་གྲུབ་པ་སྟེ། ཐོག་དང་ཐ་མ་མེད་པར་འགྱུར་མེད་དབྱིངས་ན་གནས། ཤེས་དང༌། རྩ་རྒྱུད་ལས་ལོག་འཁྲུལ་རྟོག་པ་སྣ་ཚོགས་ཅིར་སྣང་ཡང༌། ཟབ་མོའི་དགོངས་པས་ལྷ་དང་ལྷ་མོར་བསྒྱུར། ཞེས་གསུངས་སོ། གཉིས་པ་ལ་ཐབས་ཀྱི་ལམ་དང་གྲོལ་བའི་ལམ་དང་ཟུང་འཇུག་གི་ལམ་མོ། དང་པོ་ནི་རང་ལུས་ཐབས་ལ་བརྟེན་ནས་རྩ་གསུམ་འཁོར་ལོ་དྲུག་ལ་དབབ་སྐྱིལ་གྱི་བདེ་བ་སྒོམ་པ་དང༌། ཤེས་རབ་ལ་བརྟེན་ནས་བཅུད་ཀྱི་བདེ་བ་དྲང་སྟེ་སྒོམ་པའོ། གཉིས་པ་ནི་སེམས་ཉིད་རྣམ་པར་མི་རྟོག་པའི་དོན་དུ་རྟོག་མེད་ཡེ་ཤེས་སུ་ངོ་སྤྲོད་དེ་ཉམས་སུ་བླང་པའོ། གསུམ་པ་ནི་དེ་གཉིས་དབྱེར་མེད་ཟུང་འཇུག་བདེ་ཆེན་རང་གྲོལ་དུ་ཉམས་སུ་བླང་པའོ། གསུམ་པ་རྫོགས་ཆེན་ལས་གནས་ལུགས་སྙིང་པོའི་དོན་དུ་ངོ་སྤྲོད་མཐའ་བྲལ་སྙིང་པོའི་དོན་དུ་རྟོགས་པར་བྱ་སྟེ། དེ་ཡང་ལྟ་བ་གཟའ་གཏད་མཐའ་བྲལ། སྒོམ་པ་དམིགས་མེད་བློ་འདས། སྤྱོད་པ་བྱར་མེད་ལྷུག་པ། དམ་ཚིག་ཡེ་སྲུང་ཆེན་པོ། འཕྲིན་ལས་རྩལ་མེད་ལྷུན་གྲུབ། འབྲས་བུ་སྐུ་གསུམ་ལྷུན་གྲུབ། མངོན་འགྱུར་རང་ལ་རྟོགས་པ་གཉེན་པོ་མངོན་དུ་གྱུར་པར་བྱའོ།

ལྔ་པ་ཚིག་དོན་ལ་གསུམ་སྟེ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། གྲུབ་རྟགས་བསྡུས་ཚུལ་གྱིས་མདོ་བསྡུ་བའོ། ཐོག་མར་ཕྱག་བཙལ་བ་སྟོན་ཏེ། དེ་ལ་བསྡུས་དོན། དགོས་དོན། ཚིག་དོན་གསུམ་ལས། དང་པོ་ལ་ཕྱག་གི་ཡུལ་དང་ཡུལ་དེ་ཡོན་ཏན་དུ་དང་ལྡན་པ་དང༌། འཚལ་བྱེད་ཕྱག་གི་རང་བཞིན་ནོ། དང་པོ་ནི་ཕྱི་རོལ་པ་ལྟར་འཇིག་རྟེན་པ་དག་སྐྱབས་ཡུལ་མ་ཡིན་ལ། དེས་ན་ལྷ་བོན་གཤེན་དང་གསུམ་ཡིན་ཏེ། དེ་ཡང་ལྷ་བདེར་གཤེགས་ལམ་གྱི་འབྲས་བུ་ཡིན་པས་ཐུགས་རྗེ་ཆེ་བ་དང༌། བོན་ཉམས་སུ་ལེན་པའི་རྟེན་ཡིན་པས་ལམ་གྱི་ངོ་བོ་ཡིན་པ་དང༌། གཤེན་ལམ་སྟོན་པའི་གྲོགས་ཡིན་པས་ན་དྲིན་ཆེ་བས་ན་ཕྱག་འཚལ་བ་ཡིན་ནོ། གཉིས་པ་ནི་ཡུལ་དེ་དག་ཡོན་ཏན་གྱི་ཕུང་པོར་གནས་པས་སྐྱེ་བོས་བརྗོད་པར་མི་ནུས་མོད་ཀྱི་འོན་ཀྱང་ཕྱོགས་ཙམ་བསྡུས་ན། ཐུགས་རྗེ་ཆེ་བ། ཐབས་མཁས་པ། མཁྱེན་པ་གསུམ་དུ་འདུས་ཏེ། སྟོན་པ་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་དེས། ཞེས་གབ་པ་ལས་གསུངས་སོ། གསུམ་པ་ལ་ངོ་བོ་ངེས་ཚིག་དང༌། རབ་ཏུ་དབྱེ་བ་དང༌། ཁྱད་པར་གྱི་དོན་ནོ། དང་པོ་ནི་སྒོ་གསུམ་དག་པས་ཁྱད་པར་དུ་བྱས་པའི་དགེ་བ་ཡིན་ལ། ངེས་ཚིག་ནི་བག་ཆགས་དང་སྒྲིབ་པ་ཕྱག་པ་སྟེ་ཕྱག་དངཕྱག་ལ་དབྱེར་མེད་ཁྱད། ཅེས་རིག་པ་འབྲུ་ཏིག་ལས་གསུངས་སོ། གཉིས་པ་ལ་ཁུ་བྱུག་ལྟར་ལུས་ངག་ཡིད་གསུམ་མམ་གབ་འགྲེལ་ལྟར་ལོངས་སྤྱོད་རྒྱན་གྱི་དང༌། མོས་པ་ཏིང་འཛིན་གྱི་དང༌། འདྲེས་པ་ནན་ཏན་གྱི་དང༌། སྐྱེ་འགག་མེད་པ་ཡེ་ཤེས་ཀྱི་ཕྱག་གོ གསུམ་པ་ནི། གང་གིས་བཙལ་ན་ཀུ་བྱི་མང་སྐེ་ལ་སོགས་འོག་མ་རྣམས་ཀྱིས་འཚལ་ལ། གང་ལ་ན་ཀུན་བཟང་ལ་སོགས་ཡུལ་གོང་མ་རྣམས་ལ་དང༌། ཇི་ལྟར་ན་འདྲེས་པ་ཆེན་པོ་གྱུར་པའམ་བག་ཆགས་དང་སྒྲིབ་པ་འཕྱག་པར་འཚལ་ལོ།

གཉིས་པ་དགོས་པ་ནི། གསུམ་སྟེ། སྤྱིར་བཙལ་བ་དང༌། བྱེ་བྲག་ཏུ་དང༌། དབུ་འདི་ཉིད་དུ་བཙལ་བའི་དགོས་པའོ། དང་པོ་ནི། ཚོགས་གཉིས་རྫོགས་པས་སྒྲིབ་གཉིས་བྱང་པར་གྱུར་བ་དང༌། གོང་མའི་སྐྱབས་འོག་ཏུ་ཆུད་པས་ཕྱི་ནང་གི་བར་ཆོད་ཞི་བ་དང༌། མཐར་ཐུག་གཡུང་དྲུང་གི་སྙིང་པོ་ལ་གཅིག་པའི་དགོས་པ་ཡོད་དོ། གཉིས་པ་ནི། སྒོ་གསུམ་གྱི་སྒྲིབ་པ་བྱང་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་དང༌། ལོངས་སྤྱོད་ཀྱིས་བོན་གཉན་ལ་གང་ཟག་བརྗིད་པ་ཚོགས་རྫོགས་པ་དང༌། མོས་པས་བག་ཆགས་སྒྲིབ་པ་བྱང་ནས་དེའི་དོན་ཐོབ་པ་དང༌། འདྲེས་པས་བོན་དང་སེམས་སུ་འདྲེས་པ་དང་འཁོར་དང་སྟོན་པ་དབྱེ་ཡིས་མི་ཕྱེད་པ་དང༌། སྐྱེ་འགག་མེད་པས་ཟབ་མོ་གནས་ལུགས་ཀྱི་དོན་རྟོགས་ནས་སྐྱེ་མེད་ཀྱི་བཙན་ས་ཟིན་པའི་དགོས་པ་ཡོད་དོ། གསུམ་པ་ནི་བར་ཆོད་ཀྱིས་མི་ཚུགས་པས་ཉན་བཤད་བརྩམ་པའི་དགེ་བ་མཐར་ཕྱིན་པ་དང༌། ཡ་རབས་གོང་མ་དང་ཚུལ་མཐུན་པ་དང༌། དཀྱུས་དབུ་ཞབས་རྒྱན་དང་ལྡན་པ་དང༌། གཡུང་དྲུང་གི་སྙིང་པོ་ལ་གཅིག་པའི་དགོས་པ་ཡོད་དོ། གསུམ་པ་ཚིག་ལ། སད་དོ་སྤུངས་སོ་ཧྲུན་ནོ། ཞེས་པ་སད་དོ་ཞེས་པ་ལྷ་སྟེ། འཇིག་རྟེན་ལས་འདས་པ་ཡེ་ཤེས་ཀྱི་ལྷ་རྒྱུད་ཞི་གནས་ཀྱིས་བརླན་པ་ཐུགས་ཉིད་ཉེས་པའི་སྐྱོན་དང་བྲལ་བ་ཡོན་ཏན་གྱི་ཕུང་པོར་གནས་པ་དེ་དང༌། སྤུངས་སོ། ཞེས་པས་སྟོན་པ་སྟེ། སྤྱིར་ལམ་གྱི་གཤེན་རབ་ལ། སྒོས་འདི་ཉིད་སྟོན་པར་བྱེད་པའི་དཔོན་གསས་ཏེ་ཡོན་ཏན་གྱི་ཕུང་པོར་གནས་པ་བདེ་ལེགས་འབྱུང་བའི་བདག་ཉིད་དེ་ཡིན་ལ། བོན་འདིར་མ་བྱོན་ཀྱང་ཤུགས་ཀྱིས་ཚང་ལ། དུན་གུ་ཧྲུན་ནི། ཕྱག་འཚལ་བ་སྟེ་བརྡའ་སྤྲོད་ཅིང་བག་ཆགས་དང་སྒྲིབ་པ་ཕྱག་པའོ། ཉེ་ལོ། ཞེས་པ་འདིས་མཚན་སྟོན་པས་དེ་ལ་གསུམ་སྟེ༌། བསྡུས་དོན། དགོས་དོན། ཚིག་གི་དོན་ནོ། དང་པོ་ལ་མཚན་གྱི་གདགས་གཞི། གདགས་ལུགས། མཚན་དོན་གྱི་འབྲེལ་བ་བསམ་པའོ། དང་པོ་ནི། ཏིང་འཛིན་གྱིས་བོན་བསྟན། ཞེས་པ་ཕྱི་ནང་གི་བར་ཆོད་བཟློག་པར་བྱེད་པ་ནི་ཏིང་འཛིན་གྱིས་བསྟན་པ་དེ་དོན་ཡིན་ལ་དེས་མཚོན་ནས་དེ་སྟོན་པར་བྱེད་པའི་པོ་ཏི་གླེགས་བམ་ལ་ཡང་བཏགས་པས་དེས་དོན་འབྲེལ་པ་གདགས་གཞིའོ།

གཉིས་པ་ལ་སྟོན་པ་དང༌། ཞུ་བ་པོ་དང༌། གནས་དང༌། རྒྱུ་ཡོ་བྱད་དང༌། གཞུང་ཚད་དང༌། དཔེ་དོན་ལ་བཏགས་པ་ལ་སོགས་མང་དུ་ཡོད་མོད་ཀྱིས་འདིར་ནི་བྱེད་པའི་ལས་ལ་བཏགས་ཏེ་ཀུན་བཟང་གི་ཏིང་ངེ་འཛིན་གྱིས་གསུངས་ནས་བར་ཆོད་བཟློག་ལ། ཧྲིས་པ་དྲན་པ་ལ་སོགས་ཏིང་འཛིན་གྱི་བསྐྱེད་རྫོགས་རྒྱུད་ལ་བརྟེན་ནས་ལམ་གྱི་བར་ཆོད་ཟློག་པས་བཏགས་སོ། གསུམ་པ་ནི་མཚན་དོན་ལ་འབྲེལ་པ་ཡོད་དམ་མེད། མེད་ན་དོན་མེད་ལ། ཡོད་ན་གང་ཞེ་ན། བདག་གཅིག་དེ་བྱུང་གི་འབྲེལ་བ་གང་ཡང་མེད་མོད་ཀྱིས་གནས་སྐབས་ཀྱི་འབྲེལ་བ་བརྗོད་བྱ་བྱེད་པའི་ལས་ཀྱིས་རྗོད་བྱེད་སྟོན་བྱེད་ཀྱི་གཞུང་ལ་བཏགས་པས་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བ་ཡོད་དོ། གཉིས་པ་དགོས་པ་ལ་གསུམ་ལས། དང་པོ་སྤྱིར་བཏགས་པས་བཀའ་ལུང་སྤྱི་ལ་བྱེ་བྲག་ཏུ་ངོ་ཤེས་སྐྱེས་བུ་འཇུག་ལྡོག་བདེ་བླག་ཏུ་འགྱུར་བའི་དགོས་པ་ཡོད་ལ། དབུ་ཉིད་དུ་བཏགས་པས་མགོ་མཐོང་ཙམ་ན་ལུས་ངོ་ཤེས་པས་སྐྱེས་བུ་བློ་རབ་ཀྱི་དོན་དུ་འགྱུར་བའི་དགོས་པ་ཡོད་ལ། འབྲེལ་ནས་བཏགས་པས་མཚན་གྱི་དོན་ལ་བྲོད་པ་སྐྱེས་ནས་སྐལ་ལྡན་འཇུག་པའི་ཡན་ལག་ཏུ་འགྱུར་བའི་དགོས་པ་ཡོད་དོ། གསུམ་པ་ཚིག་ལ། ཉེ་ལོ་ཏིང་ངེ་འཛིན་གྱི་གྱེར་བོན་སྤུངས་སྟོན་པ་ཀུན་ཏུ་བཟང་པོའི་ཏིང་འཛིན་གྱིས་གསུངས་པ་དེ་ལམ་པས་བསྐྱེད་རྫོགས་ཟུང་འཇུག་ཏིང་ངེ་འཛིན་རྒྱུད་ལ་བརྟེན་པས་ཕྱི་ལས་ཀྱི་བར་ཆད་ནང་རྣམ་རྟོག་གི་བར་ཆོད་གསང་བ་མ་རིག་པའི་བར་ཆོད་བཟློག་ནས་ལམ་རྒྱུད་ལ་སྐྱེད་པས་ན་བསྟན་ཞེས་བྱའོ། གཉིས་པ་གཞུང་གི་དོན་ལ་རྩིས་འགོ་རྣམ་པ་དྲུག་ཏུ་སྟོན་པའི་ཐོག་མར། ཏི་ཀ་ཟུར་ནམ་ཧྲི་ཡོ། ཞེས་པ་འདིས་ཡུལ་གང་དུ་མཛད་པ་སྟོན་ཏེ། ཀུན་བཟང་གིས་བོན་གྱི་དབྱིངས་སུ་གསུངས་ལ། ཡུམ་སྲས་ཀྱི་གཡུ་ལུང་ཤེལ་ཕུག་ཏུ་གསུངས་ལ། ཧྲིས་པས་ཏིང་མུར་གཡུ་རྩེར་མཛད་ལ། ལས་རིམ་ཆེན་པོ་འདི་ནི་ཞང་ཞུང་གི་ཡུལ་ཁྱུང་པོའི་ལུང་པ་དངུལ་ཆུ་ཅན་གྱི་མཁར་མི་སྡེ་ཆེན་པོ་བརྒྱད་ཀྱི་དབུས་ཡུལ་གྱི་སྒོ་བཞིའི་མདོ། ཤིང་ཨ་པར་ལྗོན་པའི་ཚལ༌། མཚོ་མུ་ལེ་གཏིང་འདུས་ཀྱི་འགྲམ། རྩ་མེ་ཏོག་སྣ་ཚོགས་ཀྱི་ཚལ་དུ་མཛད་དོ། ནེ་སུམ་སད་ནེ་གྱེར་རོ། ཞེས་པ་འདིས་སྟོན་པ་གང་གིས་མཛད་པ་སྟོན་ཏེ། སད་ནི་ལྷ་སྟེ་རྒྱུད་ཞི་གནས་ཀྱིས་བརླན་པའི་བདེར་གཤེགས་ཀུན་བཟང་ལ་སོགས་ཡིན་ལ། གྱེར་གཤེན་ཏེ་བོན་ཉིད་དབྱིངས་སེམས་ཉིད་གདལ་པའམ་ཡེ་སངས་རྒྱས་པ། ཐུགས་རྗེ་སྤྲུལ་པ། གང་ཟག་གི་རྒྱུའི་གཤེན་གསུམ་ཟུང་འབྲེལ་དུ་སྟོན་པ་འོག་མ་གཉིས་ཤས་ཆེར་སྟོན་ཏེ། ལྷ་ཀུན་སྣང་ཁྱབ་པའི་སྤྲུལ་པ་ཧྲིས་པ་གྱེར་མེད་ཀྱིས་དྲག་པོ་སྐུ་རྫོགས་སུ་མཛད་པ་དང༌། དངོས་ཀྱི་སྟོན་པ་ཡབ་རྒྱུང་ཡར་མུ་ཁོད་དང༌། ཡུམ་ཕྱྭ་བཙུན་གུང་མ་གཉིས་ཀྱི་སྲས་སུ་སྤྲུལ་ནས་འཁྲུངས་པའི་གཤེན་པོ་ཀུན་ཏུ་བཟང་པོ་ཐུགས་ཀྱི་སྤྲུལ་པ་གཤེན་རབ་སྐུ་ལས་སྤྲུལ་པ། ཚེ་ལ་དབང་བའི་རིག་འཛིན་སྐྱེ་བ་ལྔ་བརྒྱ་དྲན་པ་ཡི་དམ་ལྷ་ཡི་ཞལ་མཐོང་གསུང་ཐོས་པ། གཤེན་རབ་ཞལ་ནས་གསུང་ཚད་མཁྱེན་པ་ཞང་བོད་རྒྱ་གར་ལ་སོགས་པ་མཁས་པ་ལྔ་བརྒྱའི་གདམས་པ་ཐོབ་པ། རིག་པའི་གནས་ལྔ་ལ་མ་རྨོངས་པ། སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུ་བསྒྱུར་མཁྱེན་པ། ཐུགས་རྗེའི་སྤྲུལ་པས་སྟོང་གསུམ་དུ་འགྲོ་དོན་མཛད་པ་དྲན་པ་ནམ་མཁའ་དེས་མཛད་དོ། སུམ་པ་ཀུ་ཡིག་འུས་སོ། ཞེས་པ་འདིས་བཀའ་རྒྱུད་གང་ལས་བཏུས་པ་སྟོན་ཏེ། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་སྤྱི་ཁྱབ་ཀྱི་རྒྱུད་ཀྱིས་ཁོག་ཕུབ། དྲྭ་བ་དམར་ནག་བརྣག་པའི་ཕྲིན་ལས་ཀྱི་རྒྱུད་ཅེས་བྱ་སྟེ་ཏིང་མུར་གཡུ་རྩེ་ཞི་ཁྲོའི་རྒྱུད་ལས་བཏུས་སོ། བིང་ང་གྱེར་ཞི་ཐད་དོ། ཞེས་པ་འདིས་ཕྱོགས་གང་དུ་གཏོགས་པ་སྟོན་སྟེ། འདི་ལ་ཐེག་པ་དགུ་ཀའི་ཆ་ཚང་སྟེ། དེ་ཡང་ལྡེ་དམིག་ལྟར་བགེགས་དང་ནད་ཀྱི་བར་ཆོད་ལ་སོགས་ཀྱི་པྲ་བརྟགས་པས་ཕྱྭ་གཤེན་དང༌། སྔོན་འགྲོ་གླུད་གཏོར་གཏོང་ཞིང་ཚེ་གཡང་སྒྲུབ་པས་སྣང་གཤེན་དང༌། བསྲུང་བཟློག་བསད་དབབ་ཀྱི་ལས་ལ་འཇུག་པས་འཕྲུལ་གཤེན་དང༌། ཚེ་འཕངས་དབྱིངས་སུ་སྒྲོལ་བས་སྲིད་གཤེན་དང༌། མཆོད་སྦྱིན་རྒྱས་པར་དབུལ་བས་དགེ་བསྙེན་དང༌། དབང་བསྐུར་དམ་ཚིག་དང་ལྡན་པས་དྲང་སྲོང་དང༌། ལྷ་ཡབ་ཡུམ་གྱི་འཕྲོ་འདུ་བདུད་རྩི་སྨན་དུ་བསྒྲུབས་པས་ཨ་དཀར་དང༌། ཐིག་ལེ་དགུ་ཡི་རྒྱུད་ལ་བརྟེན་ཐབས་དང་ལྡེ་དམིག་དགུའི་དོན་ཉམས་སུ་ལེན་པས་ཡེ་གཤེན་དང༌། ཞི་རྒྱུད་ཀྱི་ལྟ་བ་ཆེན་པོ་ཁོག་དབུབ་ཏུ་སྟོན་པས་ཁྱད་པར་ཆེན་པོ་དགུ་ཀའི་ཆ་ཚང་མོད་ཀྱི། འོན་ཀྱང་ཟ་འོག་གི་གཞི་སེར་པོ་དང་དམར་པོ་ཤས་ཆེ་བ་དང་འདྲ་བར། གྱེར་ཞི་ཐད་དོ། ཞེས་པས་དྲག་པོའི་བོན་དུ་སྟོན་པས་གསང་བ་ཨ་དཀར་གྱི་ཐེག་པ་ཆེན་པོར་གཏོགས་སོ། ང་དྲུག་དུབ་དུབ་གེ་ཡོ། ཞེས་པ་འདིས་དོན་ཆེད་ཅིའི་དོན་དུ་སྒྲུབ་པ་སྟོན་ཏེ། དེ་ཡང་སྔོན་འབྱུང་བདུད་སྲིན་གྱི་བར་ཆོད་བཟློག་པའི་ཚུལ་སྔར་བཤད་པ་བཞིན་ལ། དེ་ཡང་ལམ་པས་དུབ་དུབ་གེ་ཞེས་པས་ཕྱི་ལས་ཀྱི་དགྲ་བགེགས་དང་སྡུག་བསྔལ། ནང་ཉོན་མོངས་པའི་རྣམ་རྟོག གསང་བ་མ་རིག་པའི་བདུད་བཟློག་པའི་དོན་དུ་མཛད་དོ༌། པུ་རྐོ་ནེ་སུམ་སྨར་རོ། ཞེས་པ་འདིས་ལས་ཀྱི་གོ་རིམ་སྟོན་ཏེ། དེ་ཡང་བསྙེན་པའི་གཞི་མ་སྒོ་དགུ་སྒྲུབ་པའི་ཡན་ལག་བཅོ་བརྒྱད་སྟོན་ཏེ། བསྙེན་སྒྲུབ་ཉི་ཤུ་རྩ་བརྒྱད་དམ་ལས་ཀྱི་ཡན་ལག་དྲུག་གམ་བདུན་གྱི་རང་གཞན་གྱི་དོན་གྲུབ་པར་སྟོན་ནོ། དེ་དོན་རྒྱས་པར་བཤད་པ་ལ་གཉིས་ལས་བསྙེན་སྒྲུབ་གཉིས་ལས་ཐོག་མར་བསྙེན་པ་དགུ་ཡང་ཕྱི་ནང་བཅའ་གཞི་གསུམ་དུ་འདུས་པ་ལས། དང་པོ་ཕྱི་ཡི་བསྙེན་པ་གསུམ་ལས། སྐབས་འདིར་མ་གསུང་ཡང་གོང་དུ་སད་ནི་གྱེར། ཞེས་དང༌། ཞི་བ་ལས། ཐུགས་འབྱོངས་ཐབས་ལ་མཁས་པའི་དཔོན་གསས་བསྟེན། ཞེས་གསུངས་པ་དེའི་དགོངས་དོན་གོང་དུ་བཤད་ཉན་གཉེར་སྤྱོད་ཀྱི་སྐབས་སུ་བཤད་པ་བཞིན་ཡི་དམ་ལྷ་དང་གཉིས་སུ་མེད་པར་བསྙེན་པར་བྱའོ། གཉིས་པ་ནི། ནམ་ལུང་མུ་ཡེ་སྨར་རོ། ཞེས་པས། འདིས་རིགས་ལྡན་གནས་ལ་བསྙེན་པ་སྟོན་ཏེ། དེ་ཡང་རབ་འབྲིང་ཐ་མ་གསུམ་ལས། རབ་ནི་ཏི་ཀ་ལྟར་གནད་རྣམ་པ་བདུན་དང་ལྡན་པ་སྟེ། རྩེ་མོ་བྱུང་རྒྱལ་མཐོ་རིས་ཐར་ལམ་གྱི་གནད། རྩ་བ་བརྟན་ཆགས་ངན་སོང་སྒོ་གཅོད་ཀྱི་གནད། སྐེད་པ་ལྷུན་མཐུག་རིན་པོ་ཆེ་སྤྱི་སྤུངས་ཀྱི་གནད། བྱ་གཅན་རི་དྭགས་གནས་པ་གནོད་སྦྱིན་དབང་སྡུད་ཀྱི་གནད། ཚེར་ཆགས་རྩི་ཤིང་སྐྱེས་པ་དྲག་པོ་ལས་ཀྱི་གནད། མཐོ་བརྟན་དམུ་ལུགས་བཙན་པོ་རྫོང་གི་གནད། ཆུ་བོ་ཆུ་དམིག་ལྡེང་ཀ་མ་ཚོགས་འདུ་བའི་གནད་དང་བདུན་ཏེ། འབྲིང་ནི་གནས་མཚན་ལྡན་དང་འདྲེས་ཆོལ་དང༌། ཐ་མ་གྲོང་ཡུལ་ལས་འཕགས་པས་གཙང་ལ་ཉམས་དགའ་བ་སྐྱེ་བོའི་ཡ་ག་མི་འདུ་བ་དེ་ཡིན་ཏེ། ས་གཙང་ལ་རི་མཐོ་བར་བསྒྲུབ་ན་འགྲུབ། ཅེས་གསུངས་པས། གནས་དེ་དག་གནམ་ས་གའུ་ཡི་ཕྱག་རྒྱ་བཅས་ལ་རིན་པོ་ཆེའི་ཞོགས་པ་བདར་ཞིང་དབྱིངས་ཡེ་ཤེས་ལས་སྤྲུལ་པའི་གཞིས་དྲེགས་པ་དབལ་གྱི་གསས་མཁར་དུ་བྱིན་གྱིས་བརླབ་བོ། གསུམ་པ་ནི་འོག་ཏུ་འབྱུང་ཡང་གོང་དུ་གདན་དྲངས་སྟེ། ཧྲི་ཙ་ཙ་མེད་སྨར་རོ། ཞེས་པ་འདིས་མཚན་ལྡན་གྲོགས་ལ་བསྙེན་པ་སྟོན་ཏེ། དེ་ཡང་དཔའ་བརྟན་ལས་ལ་མྱུར་བ་དྲག་པོ་ལས་ཀྱི་གྲོགས། ཚོགས་ཆེ་སེར་སྣ་མེད་པ་ཡོན་བདག་རྒྱུའི་གྲོགས། བཀའ་དམ་དམ་ལས་མཁྲེགས་པ་ཐུགས་ཉེ་འབངས་ཀྱི་གྲོགས་དང་གསུམ་ཡིན་ཏེ། ཐལ་མོ་ཕྱག་འཐེན་གྱི་ཕྱག་རྒྱ་བཅས་ལ། ཨ་ཨྭོཾ་ཧཱུྃ་རཾ་ཛ༔ ཞེས་བརྗོད་ལ་དཔོན་གསས་ཀྱི་ཐུགས་ལས་འོད་ཟེར་འཕྲོས་པས་གྲོགས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་བྱིན་གྱིས་བརླབ་བོ། གཉིས་པ་ཉེ་བ་ནང་བསྙེན་ལ་གསུམ་ལས། དང་པོ་ལི་ལི་མུ་ཙུག་སྨར་རོ། ཞེས་པ་འདིས་ཡོ་བྱད་རྫས་ལ་བསྙེན་པ་སྟོན་ཏེ། དེ་ཡང་སྐུ་གཟུགས་ཕྱག་རྒྱ། གསལ་བ་ཡི་དམ། དམིགས་པའི་རྫས་མཆོད་པ། ཡོ་བྱད་ཚོགས་པ་ལོངས་སྤྱོད་ཚོགས་ཀྱི་རྫས། འབྲུ་སྤོད་དཀར་མངར་དམར་གསུམ་འཚོ་བ་ཡོ་བྱད་ཀྱི་རྫས། དྲི་མ་གོས་རྗེས་དགྲ་བགེགས་ཀྱི་རྫས། ཐུན་རྒུ་མེ་ཆུ་རླུང་དབལ་འདུལ་བྱེད་དྲག་པོའི་རྫས་དང༼འདི་ནས་ཚིག་ཁ་ཤས་ཤིག་ཆད་སྐྱོན་ཡོད་ཚོད་འདུག་པས་བརྟག་གལ་ཆེ།༽རྣམས་མོས་འདུན་ཐལ་སྦྱོར་གྱི་ཕྱག་རྒྱས་སོགས་ཤིང་ཨ་ཨྭོཾ་ཧཱུྃ་བརྗོད་ལ་མེ་ཏོག་དང་ཡིད་བཞིན་གྱི་ནོར་བུ་ལྟར་བྱིན་གྱིས་བརླབ་བོ། ཐར་གླུད་དང་ཕྱི་རྟེན་ནི་འདིར་ཆད་ཀྱང་སྤྱི་ཡི་བབས་དང་མཐུན་པར་ཤུགས་ལ་སྟོན་པས། གཉིས་པ་ཐར་གླུད་ལ། འབྲུ་སྣ་དགུ་ཡི་ཡུ་ཏི་ཕུད་གཏའ་ཆེན་ལ་བཅད་ལ་བཞག བར་ཕུད་གསེར་སྐྱེམས་དུ་བྱས་ལ་ཞི་ཁྲོ་བརྒྱུད་པའི་བླ་མ་དང་བོན་སྐྱོང་སྲུང་མ་ཕྱི་མགྲོན་སྡེ་གསུམ་གནས་བདག་ལ་སོགས་པ་ལ་མཆོད་ལ་བར་ཆད་མེད་པར་གསོལ་བ་གདབ་ཅིང་བཀའ་བསྒོ། དེ་ནས་ཕྱི་ནང་གི་བཤགས་པ་བྱ་ཞིང་བར་ཆོད་སྲུང་བའི་ཕྲིན་ལས་བཅོལ། གླུད་ཆེ་ཤས་ཆུང་ཤས་སྐབས་དང་སྦྱར་ལ་གཏང༌། གནས་གསར་རྙིང་དང་སྦྱར་ལ་ས་ཡི་རིམ་འགྲོ་རྒྱས་བསྡུས་གང་ལྕོགས་སུ་བྱ་སྟེ། རྒྱ་ཆེ་ཚོགས་ཀྱི་སྦྱིན་ཚོགས་ཡོངས་ལ་དགྱེ། ཞེས་ཞི་བ་ལས་གསུངས་སོ། གསུམ་པ་ཕྱི་རྟེན་སྐོས་ཀྱི་བསྙེན་པ་ལ། དབལ་མདུང༌། རྒྱལ་མཚན། པུ་ཐོ། བྱ་ཁྲ། རྒྱང་ཐག ཕྱི་ཐོ་དང་ལྔ་ཡིན་ཏེ་སྤྱི་དང་མཐུན་པར་བཅས་ཏེ་ཕྱི་རྟེན་སྐོས་ལྔ་ཞེས། ཞི་བ་ལས་གསུངས་སོ། གསུམ་པ་བཅའ་གཞི་ལས་ལ་གསུམ་ལས། དང་པོ་ནི་ཝེར་ཞི་དམུ་སླས་ཐུན་ནོ། ཞེས་པ་འདིས་སྲུང་བ་མཚམས་ཀྱི་བསྙེན་པ་སྟོན་ཏེ། དབང་ཆེན་རྒྱས་པ་འམ་གསང་འདུས་ལྟར་རྒྱལ་པོ་བཞི་ལ་བཀའ་བསྒོ་ཕྱི་མཚམས་བཅད་དོ། གཉིས་པ་སད་དོ་དྲུང་མུ་ཝེར་རོ། ཞེས་པ་འདིས་དཀྱིལ་འཁོར་བཅའ་གཞི་ཡི་བསྙེན་པ་སྟོན་པས་འདི་ལ་གསུམ་སྟེ། བརྩེགས་ཤིང་ཆག་ཆག་བཏབ་པ་དང༌། ཐིག་དང་ཚོན་གྱི་བྱ་བ་དང༌། དེ་ལ་རྒྱན་དགོད་པའོ༌། དང་པོ་ནི་དམར་ནག་དབང་དྲག་ས་བླངས་ལ་རང་ལུས་འདོམ་གང་ལྷ་ཡི་གཞལ་ཡས་དང་གཉིས་སུ་མེད་པའི་ཕྱིར་རྒྱ་རུ་འདོམ་གང༌། རིགས་དྲུག་རྟོག་པ་ཟིལ་གྱིས་གནོད་པའི་ཕྱིར་རྔམས་སུ་ཆག་དྲུག་ཡོད་པར་བརྩེག དེ་ནས་གཙང་ཚན་དང་ཐིག་དཀར་དམར་གྱིས་ཆག་ཆག་གདབ་སྟེ་སྙིང་པོ་དང་བྱ་བཞག་ཞི་བ་ལྟར་བྱའོ། གཉིས་པ་ལ་ཐིག་ཚོན་གཉིས་ལས། དང་པོ་ཐིག་གདབ་པ་ལ་མཚལ་ལམ་ལི་ཁྲིའི་ཐིག་ཚོན་གྱིས། ཞེས་གསུངསཀྱང་བླ་མའི་གསུང་གིས་སྤྱི་འབེབས་དང་མཐུན་པར་ཐབས་ཤེས་ཀྱི་བརྡའ་མཚོན་པའི་ཕྱིར་དཀར་དམར་གཉིས་སུ་བྱས་ཏེ། ཕྱག་གཡས་གཡོན་གྱི་མཐིལ་དུ་བླངས་ལ་ཐིག་ཆལ་ཨ་དང་མ་ལས་ཉི་ཟླའི་དཀྱིལ་འཁོར་དུ་གྱུར། དེ་ལ་ཐིག་ཐག་དྲངས་པས་དཀར་དམར་འོད་ཟེར་ཐིག་གིས་སྟོང་གསུམ་ཁྱབ་པར་བསམ་ལ་གདབ་སྟེ། དང་པོ་ལ་ཕྱི་ཡི་ཐིག་བཞི་གདབ། དེ་ནས་ཕྱོགས་མཚམས་ཚངས་པའི་ཐིག་བཞི་གདབ། དེ་ནས་དབུས་ཀྱི་འདུས་ཐིག་སོ་ནས་དྲངས་ཏེ་སོར་གཉིས་སོར་བཞི་ཚད་ལ་གསུམ་དུ་བསྐོར། བསྐོར་ཐིག་བར་པའི་སོ་ནས་ཐིག་བཞི་དམར་པོས་གདབ། ཚངས་ཐིག་གཡས་གཡོན་ནས་སོར་བཞི་གཅལ་བར་སྒོ་ཡི་ཐིག་བཞི་གདབ། སྒོ་ཐིག་སོ་ནས་འགྲུས་ཀྱི་ཐིག་བཞི་གདབ་འགྲུས་ཀྱི་རྒྱ་གྲམ་སྟེང་ནས་ཕོ་བྲང་ཐིག་བཞི་གདབ། དེའི་ཕྱི་རིམ་གསུམ་གསུམ་དུ་བསྒོས་ལ་གཉིས་གཉིས་ཐིག་བརྒྱད་གདབ་ཕྱི་རོལ་གྱི་གསུམ་གསུམ་སུམ་གཉིས་ཕྱི་རུ་བོར་ལ་དཀར་ཐིག་བཅུ་གཉིས་གདབ། ནང་སྐོར་སྒོ་ཐིག་གཡས་གཡོན་རྐྱང་གསུམ་གསུམ་མཉམ་པོར་བགོས་ལ་གཉིས་གཉིས་ཐིག་བརྒྱད་གདབ། ཕོ་བྲང་ནང་དུ་སོར་གཅིག་བསྐྱེད་ལ་དཀར་ཐིག་རེ་རེ་གདབ། ཕྱི་པ་༼མ༽རྐྱང་དུ་བཞག་ལ་གདུང་ཐིག་ནང་དུ་སོར་རེ་བསྐྱེད་ལ་དཀར་ཐིག་རེ་རེ་གདབ་དམར་ཐིག་རྐྱང་དང་ཕྱི་ཡི་ཐིག་སོ་ནས་བསྐོར་ཐིག་རིམ་པ་གཉིས་སུ་བསྐོར། གདུང་ཐིག་ནང་ངོས་ཚོན་རེ་གཅལ་ལ་རིམ་པ་གསུམ་དུ་བསྐོར་རོ། གཉིས་པ་བྲི་བ་ལ་ས་ཚོན་དཀར་སེར་དམར་ལྗང་མཐིང་ཀ་ལ་རིམ་པ་ལྟར། ཨ་ཁཾ་ཡཾ་རཾ་མཾ་བྲིས་ལ་འབྱུང་བའི་ཀློང་ལྔ་དང་མཁའ་ལྔ་དང་ལྷ་ལྔ་དང་སྐུ་ལྔ་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ལ་དབྱིངས་དང་ཡེ་ཤེས་གསལ་བར་བསྒོམ་སྟེ། ཕུར་ཁུང་དུ་འབྱུང་བའི་ཆགས་ལུགས་དང་སྦྱར་ལ་བླུགས་ཏེ་བྲིའོ། དབུས་ཀྱི་དཀར་བསྒྱུར་མཐིང་ཀས་དག ཅེས་པ་དབུས་དྲག་པོ་གྲུ་གསུམ་པ་ཟླ་གམ་དབང་གི་མེ་རི་ཆགས་པར་བྲིས་ཨ་མ་ཟུང་གཅིག་དགོད་པའམ་ཡང་ན་བླ་མས་ཨ་མ་ཟུང་གསུམ་དུ་གསུངས་པའམ་བསྭོ་ཆ་ཧ་གསུམ་དུ་བྲི་བར་གསུངས་སོ། དེའི་ཕྱི་རིམ་འོད་འཁོར་ཟླ་གདན་དཀར་པོ་ལ་ཟེར་ལ་ཉི་གདན་དམར་སེར་བྲིས། ཞེས་པ་ལྟར་དང། གྲུ་ཆད་རིན་ཆེན་ལྗང་ཁུར་བྲི། ཞེས་གསུངས་སོ། གདུང་བཞི་ཐོན་ཁ་ལ་དྲེགས་པ་ཅན་གྱི་མགོ་གཟུགས་བྲིས། ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་གསར་ཕྱོགས་དང་སྦྱར་ལ་ཨ་མ་ཟུང་བཞི་བྲིས། དེ་ཡི་གོང་རས་སེར་པོར་བྱ། དེའི་ཕྱི་རིམ་རྩིབས་བརྒྱད་སེར་པོ་ནག་པོར་འདོད་པ་ཡང་མེད་དེ་འོན་ཀྱང་བླ་མའི་གསུང་གིས་དམར་པོར་མཛད་དེ་འདོད་རྒུ་ལྷུན་ལ་རྫོགས་པའི་གསར། ཞེས་གསུངས་པའི་དགོངས་པ་ཡིན་གསུངས། དེ་ལ་རཾ་རེ་དགོད་རི་རབ་ཕྱོགས་མཐུན་ནམ་མཛེས་མཚོན་དུ་ཡང་གསུངས་སོ། གྲུ་ཆད་སེར་པོ་ལ་ཤིང་ལོ་པ་ཏྲ་བྲི། དེའི་ཕྱི་རིམ་དབྱིངས་ཀྱི་རྨེང་གཞི་ཐོད་འགྲམ་བརྟན། ཞེས་པས་ནག་པོ་ལ་ཐོད་པའི་འགྲམ་དགོད། དེ་ལ་སྒོ་བཞི་གསར་ཕྱོགས་དང་སྦྱར་ལ་དགོད། ཡི་གེ་ཛ་བཞི་བྲིས་དེའི་ཕྱི་རིམ་འབྱུང་བརྩེགས་རྒྱུས་༼རྒྱུད༽འདིར་མ་གསུངས་ཀྱང་བླ་མའི་གསུང་གིས་སྤྱི་དང་མཐུན་པར་དཀར་ལྗང་དམར་སྔོ་སེར་པོ་སྒོ་དང་བཅས་པ་འཁོར་བར་བྲི། སྒོ་ཡི་གཡས་གཡོན་དུ་རུས་སྦལ་གྱི་ཀ་གདན། སྲིན་པོའི་ཀ་བ། ཀྱོག་པིར་གྱི་ཀ་ཞུ་དང་ལྡན་པར་བྲིས། དེའི་བར་དག་སྒོ་ཁང་གི་ཚུལ་དུ་ནག་པོར་བྲིས་ཀྱང་འགལ་བ་མེད་དེ་དཀྱིལ་འཁོར་སྤྱི་ཡི་འབེབས་ཡིན་ནོ། དེ་ཡི་ཕྱི་རིམ་ཀློང་གི་དྲྭ་བརྩེགས་རང་ཕྱོགས་འོད་དུ་བྲིས། དེའི་ཕྱི་རིམ་མཁའ་ཡི་ཡ་གད་ཐོན་ཁ་ལ་སྟག་གཡག་འབྲུག་ཁྱུང་གི་ཡ་གད་གདེངས་པར་བྲི། དེའི་ཕྱི་རིམ་པད་འོག་ཕྱོགས་མཚོན་ཟ་ར་ཚགས་སུ་བྲི། དེའི་ཕྱི་རིམ་རླུང་ཡབ་འཇའ་ཚོན་དར་བུ་ཁད་དུ་བྲི། དེའི་ཕྱི་རིམ་དབང་གི་ཁྲག་མཚོ་དམར་ནག་མ་ཛ་བྷ྄ོ་ཉེར་བདུན་ཧ་བཅུ་ཞ་བཞི་དགོད། ཟླ་གམ་བཞི་འཛམ་གླིང་ཕྱོགས་དང་སྦྱར་ལ་ཟླ་གམ་ནག་མཁའི་སྟེང་དུ་རླུང་རྡོ་རྗེ་རྒྱ་གྲམ་འདེགས་པའི་སྟོབས་དང་ལྡན་པར་བྲི། སྒོ་ཡི་སྟེང་ནས་ཅོག་བཞི་བང་རིམ་དཀར་ལྗང་དམར་སྔོའི་སྟེང་ནས་ཁྱུང་མགོ་གདུགས་ཏོག་ལྡན་པ་ལ་འོད་ཟེར་ཚ་ཚ་འོད་ཟེར་བརྒྱད་འཕྲོ་བར་བྲི། དེའི་ཕྱི་རིམ་ཟངས་རི་ལ་མེ་རི། ལྕགས་རི་ལ་ཆུ་རིས། གྲུ་ཆད་ཕྱོགས་དང་སྦྱར་ལ་རིགས་ཀྱི་རྟགས་བཞི་བྲིའོ། གསུམ་པ་ལ་མུ་ཡེ་ཧ་ར་ཧྲུན་ནོ། ཞེས་པ་འདིས་རྒྱན་དགོད་པ་སྟོན་ཏེ། དེ་ཡང་རྒྱན་རྣམས་དབྱིངས་ཡེ་ཤེས་ཀྱི་སྤྲུལ་པ་གྲངས་མེད་པར་བྱིན་གྱིས་བརླབ་ལ་དགོད་དེ། སྔགས་ཚིག་རྒྱས་པ་ཤོག་ཆུང་ལྟར་རམ་བསྡུས་ཏེ། མུ་ཡེ་ཧ་ར་ཧྲུན་ནོ། ཞེས་པས་དགོད་དེ། བུམ་པ་བཀྲ་ཤིས་རྫས་བརྒྱད་ཚང་པ་ལ་ཤོག་ཆུང་ལྟར་བཅས་ལ་དབུས་སུ་དགོད། དབལ་ཆེན་པོའི་སྐུ་ཙ་ཀ་ལི་དང་དབལ་ལྕགས་ཀྱི་ཕུར་པ་དབལ་གསས་ཉིད་དུ་བསྒོམ་ལ་དགོད། འཁོར་ལོ་བཞི་ལ་ཕུར་པ་རེ་སྦར་བཤད་རེ་དགོད། འཁོར་ལོ་བརྒྱད་ལ་མཆོད་པ་བརྒྱད་དམ་ལྷ་མོ་བརྒྱད་དགོད། སྒོ་བཞི་ལ་ལྕགས་སྒྲོག་གླང་རེ་ཞགས་པ་ལྕགས་ཀྱུ་དགོད། བར་འཁྱམས་ལྕགས་ཀྱུ་མདའ་དར་བྱང་བུ་ཉེར་བརྒྱད་དགོད། འདིའི་ལུགས་ཀྱིས་གཏོར་མ་གསུམ་བཅའ་སྟེ་གོང་དུ་ཁྲོ་ཚོགས་ཀྱི་གཏོར་མ་དབལ་བཤོས་དམར་པོ་དགུའམ་རུ་དགུ་པ་ལ་སྤྱན་གཟིགས་ཀྱིས་བརྒྱན་པ་བཤམས་ལ། དེའི་འོག་ཏུ་མ་ཚོགས་ཀྱི་གཏོར་མ་ཤ་ཁྲག་ལ་བུངས་བླང་པ་དང༌། ལས་མཁན་དང་འགྲོ་བ་ཀུན་ལ་བསྔོ་བའི་གཏོར་མ་དང་གསུམ་བཤམ་མོ། གཞན་ཡང་མཆོད་པའི་ལོངས་སྤྱོད་སྨན་དང་རྣམ་བརྒྱད་ཏིང་མུར་ཚོགས་ལ་སོགས་པ་བུངས་ཆེ་བར་བཤམ་མོ། དགྲ་བགེགས་ལ་དམིགས་ན་གཟུགས་བྱང་ཐུན་ཁུང་ཐུན་རྫས་རྣམས་དཀྱིལ་འཁོར་གྱི་ལྷོ་ནུབ་བམ་བྱང་ཤར་དུ་དགོད་དོ། གསུམ་པ་སྒོ་དབྱེ་བསྲེ་བསྣན་ལ། གསང་སྔགས་ཀྱི་ལམ་སྒོ་དབྱེ་བ་དང༌། གསར་ན་བསྲེ་བ་དང༌། རྙིང་ན་བསྣན་པའོ། དང་པོ་ལ་ཁྲུས་བྱ་བ་དང༌། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པར་བྱའོ། ཁ་ཅིག་གིས། སོ་ཐར་གྱི་སྡོམ་པ་འབོག་གསུང་སྟེ་གསང་སྔགས་ཀྱི་རྟེན་དུ་སོ་ཐར་གྱི་མི་དགོས་མོད་ཀྱིས་འོན་ཀྱང་སྐབས་དང་སྦྱར་བར་བྱའོ། གཉིས་པ་ལ་བསྲེ་བ་རྣམ་གསུམ་བྱ་བ་སྟེ་རྒྱས་པར་ཤོག་ཆུང་ལྟར་རམ་བསྡུས་ཨ་ཨྭོཾ་ཧཱུྃ་ཞེས་པས་བླ་མ་མཆེད་གྲོགས་ལ་བསྲེ་བ་དང༌། ལས་འབྲེལ་བརྟག ཡི་དམ་འབོག སྙིང་པོ་བཞིན་གསང་མཚན་གདགས། དམ་ཚིག་བཤད་དོ། གསུམ་པ་ནི་དམ་ཚིག་ལ་ཉེས་པ་ཡོད་ན་བཤགས་ལ་བསྐྱར་བའམ་ཉེས་པ་མེད་ན་བསྣན་པ་སྟེ་གསེར་ལ་རྩི་ཡིས་བསྣན་པ་འདྲ་སྟེ་ཡོན་ཏན་ཁྱད་པར་ཅན་དུ་འགྱུར་རོ། གཉིས་པ་སྒྲུབ་པའི་ལས་ལ་ཐོག་མར་བར་མཚམས་བཅད་པ་ལ་བསྭོ་ཞེས་པས་སྐུ་གསུམ་དབྱེར་མེད་ཀྱི་དོན་ཡིན་ཏེ། བ་བོན་སྐུ། ས་རྫོགས་སྐུ། ན་རོ་སྤྲུལ་སྐུ་རུ་གསུངས་ལ། ཡང་ན་བ་ཐུགས། ས་སྐུ། ན་རོ་གསུང་སྟེ་སྐུ་གསུང་ཐུགས་དབྱེར་མེད་པའི་སེམས་ཉིད་ང་ནི་ཞེས་བརྡ་བརྒྱ་༼སྦྱར༽ལ། དབལ་ཞེས་པ། ཁྲོ་བོ་གཟི་བརྗིད་ཀྱི་དབལ་གྱིས་ལས་ཀྱི་དགྲ་བགེགས་སྲེག་པ་དང༌། ཡེ་ཤེས་རོལ་པའི་དབལ་གྱིས་ཉོན་མོངས་ཀྱི་མཚན་མ་སྲེག་པ་དང༌། རྣམ་པར་མི་རྟོག་པའི་དབལ་གྱིས་རྣམ་རྟོག་གི་བག་ཆགས་སྲེག་པ་དང༌། གསས། ཞེས་པ་གང་ཟག་ལས་འདས་པ་སྟེ་ཕྱི་ནང་གསང་བའི་བར་ཆོད་ཀྱིས་བསྐྱད་དུ་མི་ཚུགས་པ་དང༌། རྔམ་པ་ནི་སྐུ་གསུང་ཐུགས་མི་བཟད་པ་འཁྲོས་པའི་དབལ་གྱིས་གདུག་པ་ཅན་འདུལ་བ་དང༌། ཡེ་ཤེས་ནི་ཐུགས་ཉིད་ཡེ་ཤེས་ཆེན་པོ་ཁྱབ་གདལ་དུ་གནས་པ་ལ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པ་ཡིན་ལ་འཆི་མེད་སེམས་ཉིད་སྐྱེ་འཆི་འདུ་འབྲལ་ཡོངས་དང་བྲལ་བས་སྐྱེ་བ་མེད་པའི་ངང་དང༌། སྲ་བརྟན་སེམས་ཉིད་སྤྲོས་མེད་ཀྱི་ངང་ལ་མི་འགྱུར་བ་ལ་འགལ་རྐྱེན་གྱིས་བསྐྱད་དུ་མེད་པ་དང༌། འབར་བ་ནི་སྐུ་གསུང་ཐུགས་མི་བཟད་པའི་དབལ་དུ་འབར་བས་ལས་དང་བར་ཆོད་ཐམས་ཅད་འཇོམས་པའོ། ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱང་ཐུགས་རྗེ་འཁྲོས་པའི་སྤྲུལ་པ་གྱད་ཆེན་པོ་བཅུ་རུ་ཤར་ཏེ། མདའ་བྱང༌། མདུང་ཤར། ཤ་འབལ་ནུབ། ཙ་ཀྲ་ལྷོ་དང༌། སྟག་ལྷོ་ཤར། འབྲུག་བྱང་ཤར། གཡག་བྱང་ནུབ། ཁྱུང་ལྷོ་ནུབ། སྟེང་འོག་གི་དབལ་གྱི་གྱད་གཉིས། བཅུ་རེ་རེ་ལ་སྤྲུལ་པ་བྱེ་བ་ས་ཡ་འབུམ་ཕྲག་གྲངས་མེད་པ་དང་བཅས་པ། དེའི་ཕྱི་རིམ་དབལ་མེ། དེ་ཡི་ཕྱི་རིམ་དབལ་ཆུ་འཁྲིགས་པ། དེའི་ཕྱི་རིམ་ཐོ་ཞགས་ལྕགས་ཀྱུ་ལ་སོགས་མཚོན་ཆ་སྣ་ཚོགས་ཀྱིས་ཕྱོགས་མཚམས་སྟེང་འོག་གཏམས་པ། བསྭོ་ཆ་ཧ་སྟེ་སྐུ་གསུང་ཐུགས་ཀྱི་སྒྲ་དྲག་ཏུ་སྒྲོགས་པ་དེ་དག་དགྲ་བགེགས་ལོག་འདྲེན་གྱིས་བལྟས་པས་ཆ་ལུགས་དེ་དག་མཐོང་པས་སྐྲག་སྔངས་སུ་གྱུར་བ་དང་དབལ་ཆུ་ལ་འབོགས་ནས་རྦ་ལ་གཡེང་པ་དང༌། དབལ་མེ་ལ་རེག་པས་མེ་ལྕེས་སྲེག་པ་དང༌། དེ་དག་གི་ནང་དུ་འདས་ན་ཐལ་བ་ཙམ་དུ་བརླག་ཅིང་རྡུལ་ཕྲན་ཙམ་དུ་མི་གནས་པར་བྱེད་པས་ན་དེ་དག་གི་ཁོངས་སུ་མ་འདའ་ཞིག་ཅེས་བྱ་ལ། གལ་ཏེའམ་རྒྱ་ལ་འདས་ན་ཟག་པ་མེད་པའི་ཐུགས་རྗེ་ཡིས་སྐྱེ་མེད་ཀྱི་དབྱིངས་སུ་བསྒྲལ་ལ་མི་གནས་པར་བྱ་ཞེས་གསུངས་པ་ཡིན་ནོ། སྙིང་པོ་ལ་བསྭོ་ནི་སྔར་བཤད་པ་ཐོ་ཡེ་ནི་བོན་ཐམས་ཅད་སེམས་ཉིད་ཉག་གཅིག་ཏུ་སྤྱི་རུ་བསྡུས་པས་ཐམས་ཅད་ཟིལ་གྱིས་གནོན་པ་དང༌། བོན་སེམས་གཉིས་སུ་མེད་པའམ་གནས་སུ་བསྟིམ་པ་སྟེ་སྐུས་ཟིལ་གྱིས་གནོན་པའོ། སྙིང་པོ་དང་གྱད་ནི་སྟོབས་ཆེ་བས་འདུལ་བ། ཤག་ནི་གཤོག་པ་དང་དུལ་འདུལ་བ་དང༌། ནན་ནི་གནོན་པར་བྱེད་པའོ། དེ་བཞིན་ཆ་ལ་གསུང༌། ཧ་ལ་ཐུགས་སྟེ་སྟེང་ཕྱོགས་ཀྱི་གྱད་དང༌། སྣིས་རྩེ་མདུང༌། ཝེར་ཧྲིམ་མདའ་གཞུ། ཤ་འབལ་སྟ་རེ། ཙཀྲ་རལ་གྲི་དང་ཕྱོགས་ཀྱི་གྱད་ལ། ལ་ཧེ་སྟག  དམུ་ཨུན་འབྲུག ཡག་གྱད་གཡག། ཞུང་ཞག་ཁྱུང་སྟེ་མཚམས་ཀྱི་གྱད་ལ། ནེ་རམ་འོག་གི་གྱད་ལ། དམུ་དམར་མེ་རིའམ་ཐོག། ཏིང་མུར་ཆུ། ཏལ་ཟངས་ལྕགས་ཀྱུ། ཕོ་ཡང་ཐོ་བ། མུར་ཞག་ཞགས་པ། དྭང་ར་ཧེབ་ཅུ་རྒྱ་མཚོ་ཧུབ་ཀྱིས་འདེབས་ལ། རི་རང་ཧྲིལ་དོ་རི་རབ་སོར་དོས་འཕེན་ལ་ཤག་སོགས་ནན་ཏན་གྱིས་འདུལ་བས་གཉིས་རྩེགས་སུ་བྱོན་པའོ། ཅེས་བྱས་ལ་ཕུད་རྒོད་གཏོར་ཞིང་བཀའ་བསྒོ་བྱ། སྟག་འགྲོས་སེང་སྟབས་ཀྱིས་ས་བཅད་པར་བྱའོ། ཨ་ཨྭོཾ་ཧཱུྃ་རཾ་ཛ༔ ཞེས་པ་འདི་ལ་བརྟེན་ནས་དོན་སྒྲུབ་སྟོན་པས་དེ་ལ་གཉིས་ཏེ་ཞི་བའི་འཕྲོ་འདུས་གཞི་སྦྱང་བ་དང༌། ཐུགས་རྗེས་ཁྲོ་བོར་བསྒྱུར་བའོ། དང་པོ་ལ་ལུས་རང་བཞིན་ཆ་ལུགས་ཀྱི་ཕྱག་རྒྱ་ལྔ་བཅས་ལ། ཡིད་བྱང་ཆུབ་མཆོག་ཏུ་སྐྱེ་མེད་ངག་ཏུ་སྐྱབས་འགྲོ་བརྒྱུད་པའི་གསོལ་འདེབས་བྱས་ལ། ཨ་ཞེས་བརྗོད་སྟེ་སེམས་ཉིད་སྐྱེ་མེད་རྟོག་བྲལ་གྱི་སྟེང་དུ་དར་གཅིག་བཞག་གོ། དེ་ནས་དེ་ལྟར་མ་རྟོགས་པའི་སེམས་ཅན་འཁོར་བ་ན་འཁྱམས་སྡུག་བསྔལ་ལ་སྤྱོད་པ་ལ་སྙིང་རེ་རྗེ། འདི་རྣམས་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་ལྡན་ན་ཨང་སྙམ་པ། བདེ་བ་དེ་དང་ལྡན་ནས་ཀྱང་དེ་དང་མ་བྲལ་བར་ཡོད་ན་ཨང་སྙམ་པ། དེ་བསྒོམ་པ་དང་སྟོང་པ་དབྱེར་མེད་ཀྱི་བཏང་སྙོམས་དང་བཞི་སྒོམས་ལ། ཨ་དཀར་ཞེས་པས་བདག་གི་ཐུགས་ལས་ཨ་དཀར་པོ་གཅིག་མདུན་གྱི་བར་སྣང་ལ་འཕྲོས། ས་ལེ་འོད་ཅེས་བརྗོད་པས་ཨ་དེ་ལས་ཨ་ཕྲ་མོ་གྲངས་མེད་པ་འཕྲོས་པས་ཕྱི་ནང་གི་གདོས་པ་དང་སྒྲིབ་པ་སྦྱངས། ཕྱི་སྣོད་ལྷ་ཡི་གཞལ་ཡས་དང་ནང་བཅུད་ལྷ་དང་ལྷ་མོར་གྱུར་ཏེ། ཨ་ཡང་ཨྭོཾ་འདུ། ཞེས་པས་ཨ་རྣམས་ཚུར་འདུས་ཏེ་མདུན་གྱི་ཨ་ལ་ཐིམ། ཨ་ཉིད་ཡེ་ཤེས་ལྔ་ལྡན་གྱི་ཨྭོཾ་དུ་གྱུར་ཏཻ་རང་གི་ཐུགས་ཀར་འདུས་ཏེ་འོད་དུ་ཞུ་བ་ལས་རང་ཉིད་ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་ཞལ་གཅིག་ཕྱག་གཉིས་འོད་ཀྱི་སྐུ་རུ་བསྐྱེད། ཨ་ཨྭོཾ་ཧཱུྃ་རཾ་ཛ༔ ཞེས་པས་བདག་གི་སྤྱི་གཙུག་ཏུ་ཨ་དཀར་པོ། སྙིང་ཁར་ཨྭོཾ་སེར་པོ། ལྟེ་བར་ཧཱུྃ་སྔོན་པོ། ལྕེ་སྟེང་དུ་རཾ་དམར་པོ། ལྟེ་འོག་ཏུ་རླུང་སྒོར་ཛ་ལྗང་གུ་བསམ་ལ། སད་ས་ལེ་ལྷན་ནེ་འདུ་བརྗོད་པས། ཨ་ལས་ཀུན་སྣང་ཁྱབ་པ། ཨྭོཾ་ལས་གསལ་བ་རང་འབྱུང༌། ཧཱུྃ་ལས་དགའ་བ་དོན་གྲུབ། རཾ་ལས་བྱེ་བྲག་དངོས་མེད། ཛ་ལས་དགེ་ལ་གར་ཕྱུག་ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ་རྒྱན་དང་ཆ་ལུགས་རྫོགས་པ་འོད་ཀྱི་སྐུ་གསལ་ལ་རང་བཞིན་མེད་པར་བསྐྱེད་དོ། གཉིས་པ་ཐུགས་རྗེ་ཁྲོ་བོར་བསྒྱུར་བ་ལ། རྩ་རྒྱུད་ཆེན་མོ་ལས། རྩ་རྣམས་སྲོག་རྩ་སྙིང་ལ་འདུས། འདུས་སོ་འཁོར་ལོ་ལྷ་ཡི་གནས། འཁོར་ལོ་བསྐྱེད་པ་ལོ་མར་སྤྲོ། གཤེན་རབ་རིག་པའི་རྩལ་དང་སྦྱོར། ཅེས་གསུངས་པས། དེ་ལ་གོང་མ་ཁ་ཅིག་གིས། སྐབས་འདིར་གཙོ་བོ་གསུམ་བསྐྱེད་ནས་འོག་གསང་བསྐྱེད་ཀྱི་སྐབས་སུ་འཁོར་བསྐྱེད་གསུང་མོད་སྟེ། ལུང་གི་དགོངས་པ་ཡིན་པར་མ་མཐོང་པས། དེས་ན་འདིར་ལུང་གི་དགོངས་པར་དཔྱད་ན་གསུམ་སྟེ། དབང་པོ་རབ་ལ་ལོ་མར་སྤྲོས་ཏེ་བསྐྱེད་པ་དང༌། འབྲིང་འཁོར་ལོ་བརྟེན་ཏེ་བསྐྱེད་པ་དང། ཐ་མས་གཙོ་བོ་རྒྱན་རྫོགས་སུ་བསྐྱེད་པའོ། དང་པོ་ལ་གཉིས་ཏེ། གཙོ་བོ་བསྐྱེད་པ་དང༌། འཁོར་བསྐྱེད་པའོ། དང་པོ་ནི་གཡོ་བ་མེད་པའི་ངང་ལས་གཡོ་བ་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་བསྭོ་ཐོ་ཡེ་ཐུན་ཨ། ཞེས་བརྗོད་པས་བདག་གི་ཐུགས་ཀ་ནས་གསལ་བ་ཡེ་ཤེས་ཀྱི་འོད་ཟེར་གྲངས་མེད་པ་བོན་ཉིད་ཀྱི་དབྱིངས་སུ་འཕྲོས་པས་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་ཨ་མ་ཟུང་གཅིག་མདུན་གྱི་བར་སྣང་ལ་ཤར་བར་བསམ། ཨ་མ་པུར་པ་ཕཊ་བརྗོད་པས་ཨ་མ་གཉིས་ལས་འོད་ཟེར་ཕར་འཕྲོས་ནས་སེམས་ཅན་གྱི་སྒྲིབ་པ་སྦྱངས། ཨ་མ་པུར་པ་འདུ་བརྗོད་པས་འོད་ཟེར་རྣམས་ཚུར་འདུས་བདག་རྒྱུད་ཀྱི་སྒྲིབ་པ་སྦྱངས་ཏེ་ཨ་མ་ལ་ཐིམ། དེ་རང་གི་ཐུགས་ཀར་འདུས་ཏེ་འོད་དུ་ཞུ་བ་ལས། ཨ་ལས་རང་གི་ཀུན་གཞིའི་གསལ་ཆ་དབལ་གསས་རྔམ་པ་དང༌། མ་ལས་ཀུན་གཞིའི་སྟོང་ཆ་ལ་རྔམ་མོ་ཡུམ་ཆེན་དུ་བསྐྱེད་དོ། གཉིས་པ་ལ། ཉེ་ལོ་ཡོ་ཧ་ཧ་ཧེ་ཧེ་འདུ་བརྗོད་པས་ཡབ་ཡུམ་ཐབས་ཀྱི་རོལ་པར་མཛད་པའི་ཐིག་ལེ་རྩ་དབུ་མ་ནས་གྱེན་དུ་འཕྲོས་ཏེ་ཕུང་པོའི་རྩ་གནས་སུ་དངུལ་ཆུ་འཐོར་བ་བཞིན་དུ་བསམ། བསྭོ་ཨྭོཾ་ཨ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ་ཐུན་བརྗོད་པས་ཐིག་ལེ་རྣམས་ཡིག་འབྲུར་གྱུར་ཏེ། དེ་ཡང་ཤེ་ཐུན་དབུ་མ་ལ་སོགས་རྩ་ཡི་ཡན་ལག་ལྔ་དང་མགྲིན་པ་དང་དྲུག་ཏུ་ཨ་མ་ཟུང་རེ་ཉིང་ལག་བརྒྱད་དུ་རཾ་རེ། སྒོ་བཞི་ལ་ཛ་རེ། ཕུང་པོའི་བྱེ་བྲག་དགུ་རུ་མ་ཛ་བྷོ་ཉེར་བདུན། བ་སྤུའི་བུ་གར་ཧ་བཅུ་སྟེ། ལྟག་ཟུར་མདུན་རྒྱབ་ཏུ་ཞ་བཞིར་གྱུར། ཨ་མ་མ་ཧ་རཾ་ཛ་པུར་པ་ཕཊསད་ཡ་བརྗོད་པས་ཡིག་འབྲུ་རྣམས་ལ་འོད་ཟེར་ཕར་འཕྲོས་ཏེ་སེམས་ཅན་གྱི་སྒྲིབ་པ་སྦྱངས། ཨ་མ་མ་ཧ་རཾ་ཛ་པུར་པ་ཐུན་འདུ། བརྗོད་པས་ཚུར་འདུས་བདག་རྒྱུད་ཀྱི་སྒྲིབ་པ་སྦྱངས་ཡིག་འབྲུ་རྣམས་ལ་ཐིམ་ཏེ་འོད་དུ་ཞུ་བས་ཁྲོ་ཚོགས་རྣམས་སུ་གྱུར་ཏེ། དེ་ཡང་མགྲིན་པར་ལྷ་རྒོད་ཡབ་ཡུམ་དང༌། ཐུགས་ཀར་གཙོ་མཆོག་ཡབ་ཡུམ། མཚེར་པའི་རྩ་སྡོམ་ལ་ཁྲོ་གསས། གློ་བའི་གསང་རྩ་ལ་རྔམ་གསས། མཆིན་རྩ་བྱན་ལག་ལ་དབལ་གསས། མཁལ་རྩ་སྟག་སྤར་ལ་གཏུམ་གསས་ཡབ་ཡུམ་བསྐྱེད་དོ། ཉིང་ལག་བརྒྱད་ལ་ཧེ་ཤག་མ་བརྒྱད། སྒོ་བཞིར་ཛ་ལ་རྒྱལ་མོ་བཞི་དང༌། ཕུང་པོའི་བྱེ་བྲག་དགུ་ནི་སྐད་ཀྱི་གདངས་དང་ལྗགས་ཀྱི་ངར། ལྟག་པའི་རྒྱབ་དང་སྐུ་སྟོད་གདེང༌། ཐུགས་ཀྱི་དཀྱིལ་དང་སྒལ་ཚིགས་གཞུང༌། དྲོད་ཀྱི་མཐའ་དང་སྙན་གྱི་མཆོག རྩ་ཡི་སྦུབས་དང་དགུ་པོ་དེར། མ་ཛ་བྷོ་ཉེར་བདུན་ལ་དབལ་མོ་ཉེར་བདུན་གཙོ་འཁོར་རྗེ་འབངས་ཀྱི་ཚུལ་དུ་བསྐྱེད། བ་སྤུའི་བུ་གར་ཧ་བཅུ་ལས་གྱད་བཅུ་སྤྲུལ་པ་གྲངས་མེད་དང་བཅས་པ་བསྐྱེད། སྟ་ཟུར་མདུན་རྒྱབ་ཏུ་ཞ་བཞི་ལ་རྒྱལ་པོ་བཞི་བསྐྱེད་དོ། གཉིས་པ་འཁོར་ལོ་ལ་བདག་གཙོ་བོ་ཡབ་ཡུམ་རོལ་པའི་ཐིག་ལེ་འཁོར་ལོའི་རྩ་ལ་འཕྲོས་སྙིང་པོ་སྔར་བཞིན་བརྗོད་པས་ཡིག་འབྲུར་གྱུར་ཏེ་འོད་དུ་ཞུ་བས་ཁྲོ་ཚོགས་སུ་བསྐྱེད་དོ། དེ་ཡང་ཐུགས་ཀ་ཤེ་ཐུན་དབུས་མཐིང་གི་རྩ་ལ་དབལ་གསས་ཡབ་ཡུམ་བསྐྱེད། དེ་བཞིན་དུ་གཡས་དཀར་རྩ་ལ་གཙོ་མཆོག གཡོན་དམར་ལ་ལྷ་རྒོད་བསྐྱེད། དེ་ཡི་ཕྱི་རིམ་འབྱུང་བའི་རྩ་བཞི་ལ་མདུན་ནས་ཁྲོ་གསས་ཡབ་ཡུམ་བསྐྱེད། ཨ་དང་མ་ལས་བསྐྱེད་དོ། མགྲིན་པར་རཾ་ལས་ཧེ་ཤག་མ་བརྒྱད་བསྐྱེད། སྤྱི་བོར་ཛ་ལས་རྒྱལ་མོ་བཞི་བསྐྱེད། ལྟེ་བར་མ་ཛ་བྷོ་ལས་དབལ་མོ་ཉེར་བདུན་བསྐྱེད། ལྟེ་འོག་རླུང་སྒོར་ཧ་ལས་གྱད་བཅུ་བསྐྱེད། གསང་བར་ཞ་ལས་རྒྱལ་པོ་བཞི་བསྐྱེད་དོ། གསུམ་པ་རྒྱན་རྫོགས་ལ་རང་ཉིད་དབལ་གསས་རྔམ་པ་ལ་མགྲིན་པར་ལྷ་རྒཽད་ཐུགས་ཀར་གཙོ་མཚོག་ཡབ་ཡུམ་བསྐྱེད་དོ། དེ་ནས་མཆོད་པ་བྱིན་གྱིས་བརླབས་ལ་ཨ་ཡཾ་རཾ་མཾ་ཁཾ་ཞེས་བརྗོད་པས་མཆོད་པའི་སྣོད་ཡིག་འབྲུ་ལྔར་གྱུར་འོད་དུ་ཞུ་བས་འབྱུང་བ་ལྔ་ལས་གྲུབ་པའི་སྣོད་རྒྱ་ཆེ་དཔངས་སུ་མཐོ་བ་ཉམས་དགའ་ཡིད་དུ་འོང་པ་མཛེས་ཤིང་དྲི་མ་མེད་པར་བྱིན་གྱིས་བརླབ་བོ། དེ་ནས་བཅུད་ལ་ཐོག་མར་སྨན་མཆོད་ལ་སྦྱང་སྤེལ་བྱིན་གྱིས་བརླབ་པ་གསུམ་ལས་དང་པོ་ནི། སྨན་མཆོད་བདུད་རྩིར་བསམ་ལ་ཨ་རཾ་ཡཾ་མཾ་ས་ལེ་སང་ངེ་ཉི་རི་བྷ་ར་ཏྲང་ཞཻས་བརྗོད་པས། བདག་གི་ཐུགས་ལས་ཨ་གཅིག་མདུན་གྱི་བར་སྣང་ལ་འཕྲོས། དེ་ལས་རཾ་གཅིག་ཆད་དེ་འཕྲོས་པས་ཡེ་ཤེས་ཀྱི་མེ་རུ་གྱུར་ནས་མི་གཙང་བའི་དྲི་མ་བསྲེགས། ཡཾ་ལས་རླུང་དུ་གྱུར་ནས་གཏོར། མཾ་ལས་ཆུར་གྱུར་ནས་བཀྲུས་དག་ཅིང་དྲི་མ་མེད་པར་བསམ། ཨ་ཨྭོཾ་ཧཱུྃ་རཾ་ཛ་བརྗོད་པས་དཔའ་བོ་འབྲུ་ལྔར་འཕྲོས་དེ་བདུད་རྩི་ལྔ་ལ་ཕོག་པས་དཔའ་བོ་འབྲུ་ལྔར་གྱུར། སད་ས་ལེ་ལྷན་ནེ་འདུ་བརྗོད་པས་ཕྱི་ནང་གི་བཅུད་དང་དུག་ལྔ་ལ་སོགས་བསྡུས་དཔའ་བོ་འབྲུ་ལྔ་ལ་ཐིམ་སྟེ་འོད་དུ་ཞུ་བས་སེང་གླང་རྟ་འབྲུག་ཁྱུང་དུ་གྱུར་པར་བསམ་མོ། གཉིས་པ་ནི་བདུད་རྩི་རྒྱུན་སྦྲེང་གི་ཕྱག་རྒྱ་བཅས་ལ་བདག་གི་ཐུགས་ཁ་ནས་ཨ་མ་ཟུང་གཅིག་ཕྱག་མཐིལ་གཡས་གཡོན་དུ་འཕྲོས། ཨ་མ་ས་ལེ་སང་ངེ་ཉི་རི་བྷ་ར་ཏྲང་བརྗོད་པས་དབལ་གསས་ཡབ་ཡུམ་གྱི་སྐུར་གྱུར། ཨ་མ་ཨ་ཨྭོཾ་ཧཱུྃ་གཡུང་འབྲང་བདུད་རྩིར་བསྭོ་ཐྭ། ཞེས་དཀྱུས་ལྟར་རཾ། བསྭོ་ཨྭོཾ་བཱ་བ་དེ་ན་ར་ས་ཡ་ན་གཡུ་འབྲང་བདུད་རྩིར་ཨ་མ་ཨྭོཾ་ཧཱུྃ་བསྭོ་ཐ། ཞེས་སྤྱི་ལྟར་བརྒྱ་རྩ་འམ་ཅི་རིགས་བརྗོད་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཡབ་ཡུམ་རོལ་པའི་ཐིག་ལེ་མུ་ཏིག་ཞུན་མ་ལྟ་བུ་རྒྱུན་ཆད་མེད་པར་བདུད་རྩིའི་སྣོད་དུ་བབས་སྟེ་ལྟེམ་གྱིས་ཁེངས་པར་བསམ། གསུམ་པ་ལ་ཨ་ཨྭོཾ་ཧཱུྃ་བརྗོད་པས་ལྷ་ཡབ་ཡུམ་གྱི་ཐུགས་ཁ་ནས་ཨ་མ་ཟུང་གཅིག་བླངས་ཏེ་བདུད་རྩིའི་རྒྱ་མཚོར་བབས་ཏེ་ཨ་དང་མ་ཡིས་གཡས་ནས་གཡོན་དུ་བསྐོར་ཞིང་སྦྱངས་པས་དྭངས་སྙིགས་རྩིགས་མ་གསུམ་དུ་གྱུར། དེ་ཡང་དྭངས་མ་མཆོད་པའི་ལྷ་མོ་བརྒྱད་ཚོ་གྲངས་མེད་པས་དབྱིངས་ཡེ་ཤེས་ཀྱི་རྒྱལ་བའི་ཐུགས་དམ་སྐོང་བ། ཁུ་བ་བདུད་རྩིའི་ངོ་བོ་སྲུང་མའི་ཐུགས་དམ་སྐོང་ཞིང་སྒྲུབ་གཤེན་གྱི་དངོས་གྲུབ་ཏུ་གྱུར་པ། རྩིགས་མ་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་དགྲ་བགེགས་སྡེ་བརྒྱད་རིས་དྲུག་སེམས་ཅན་ཅི་འདོད་ཡིད་བཞིན་ཕྲད་ཅིང་དགོས་འདོད་རེ་བ་སྐོངས་པར་བྱིན་གྱིས་བརླབ་བོ། རཾ་ཨ་ཨྭོཾ་ཧཱུྃ་བརྗོད་པས་བདག་གི་ཐུགས་ལས་ཡི་གེ་རཾ་གཅིག་འཕྲོས་ཏེ་གཏོར་མ་རམ་དུ་གྱུར། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དུག་ལྔ་བདུད་ལྔ་ལ་སོགས་བསྡུས་ཏེ་རཾ་ལ་ཐིམ་སེང་གླང་རྟ་འབྲུག་ཁྱུང་དུ་གྱུར། དྲུང་ཟད་རི་རྭང་བདུད་རྩིར་བསྭོ་ཐ་བརྗོད་པས་སེམས་ཅན་ལྔ་ཞུ་བས་དྭངས་མ་ལ་ལྷ་མོ། ཁུ་བ་བདུད་རྩི། རྩིགས་མ་འདོད་པའི་ཡོན་ཏན་མཚལ་རི་ལྷ་ཡི་མདུན་ས་ལྟར་བྱིན་གྱིས་བརླབ་བོ། མ་ཨ་ཨྭོཾ་ཧཱུྃ་བརྗོད་པས་བདག་གི་ཐུགས་ལས་མ་གཅིག་འཕྲོས་པས་དམར་མཆོད་མ་རུ་གྱུར་ཏེ། དེ་ལས་འོད་ཟེར་གྲངས་མེད་འཕྲོས་ཏེ་སེམས་ཅན་གྱི་དུག་གསུམ་རྩད་ནས་བཅད་དེ་ཤ་བརྣགས་པས་ཤ་ཡི་རི་བོ་དང༌། རྩ་བཅད་པས་ཁྲག་གི་རྒྱ་མཚོ་དང༌། ལྷུ་བཀྲུམ་པས་རུས་པའི་གྲང་མ་ཆེན་པོར་སྤུངས་པར་བསམ་ལ། ཏིང་མུར་དྭང་ར་བསྭོ་ཐཱ་བརྗོད་པས་དངས་མ་ལྷ་མོ། ཁུ་བ་བདུད་རྩི། རྩིགས་མ་ཤ་རི་ཁྲག་མཚོ་དཔག་ཏུ་མེད་པར་བྱིན་གྱིས་བརླབ་བོ། ར་ཨ་ཨྭོཾ་ཧཱུྃ་བརྗོད་པས་བདག་གི་ཐུགས་ལས་ར་རེ་རེ་འཕྲོས་པས་རྣམ་བརྒྱད་ར་རུ་གྱུར་པ་དེ་ལས་འོད་ཟེར་འཕྲོས་པས་ཕྱི་ནང་གི་ཡུལ་ཤེས་གཟུང་འཛིན་རྣམས་བསྡུས་ནས་ར་ལ་ཐིམ། ཟུར་ནམ་དེ་ཤོ་ཧ་ར་སད་བསྭོ་ཐ་བརྗོད་པས་དྭངས་མ་ལྷ་མོ༌། ཁུ་བ་བདུད་རྩི། རྩིགས་མ་འདོད་པའི་ཡོན་ཏན་སྣ་ཚོགས་སུ་གྱུར་པར་བྱིན་གྱིས་བརླབ་བོ། ཙ་ཀ་ལི་བཀོད་པ་ལ་ཐོག་མར་དེ་བཞིན་ཉིད་ལ། དང་པོར་གསལ་གདབ་པ་ནི། ཨ་སྐྱེ་མེད་སྟོང་པའི་སྙིང་པོ་ལ་ཕྱི་སྣོད་ཀྱི་རགས་སྣང་དང་ནང་བཅུད་ཀྱི་ལས་དང་སྒྲིབ་པ་རྣམས་རཾ་ཡཾ་ཁཾ་སྟེ་ཡེ་ཤེས་ཀྱི་བསྐལ་པ་གསུམ་གྱིས་སྦྱངས་པ་སྟེ། དེ་གློ་བུར་རམ་ཡེ་ནས་ཡིན་སྙམ་ན་ཡེ་ནས་གནས་ལུགས་སྟོང་པ་ཉིད་ཀྱི་དོན་ལས་མ་རྟོགས་པས་རྟོག་འཛིན་དུ་འབྱུང་བ་དེ་སྐྱེ་མེད་དུ་བསྒྲལ་བའི་ངང་ཉིད་དུ། ནམ་མཁའ་དང་འདྲ་སྟེ་མ་གཡོས་མ་བཅོས་ཡེ་ནས་གནས་པའི་དོན་དུ་བསྒོམ་པས་ན་དེ་བཞིན་ཉིད་ཅེས་བྱའོ། སྙིང་པོ་ལ་བརྟེན་ཏེ་བསྒོམ་པ་ནི། ཨ་སྐྱེ་མེད་ལ་ཧ་ར་ཡེ་ཤེས་འགག་མེད་སྟེ་དེ་བརྗོད་པས་བདག་གི་ཐུགས་ཁ་ནས་ཨ་དཀར་པོ་གཅིག་མདུན་གྱི་བར་སྣང་ལ་འཕྲོས་ཏེ། དེ་ལས་རཾ་ཡཾ་ཁཾ་གསུམ་འཕྲོས་ཏེ་ཡེ་ཤེས་ཀྱི་མེ་རླུང་ཆུ་རུ་གྱུར་ནས་ཕྱིའི་དངོས་འཛིན་དང་ནང་གི་སྒྲིབ་པ་སྲེག་གཏོར་བཀྲུས་ཏེ་ཕྱི་ཡི་ནམ་མཁའ་སྤྲིན་མེད་ལྟར་ནང་གི་རིག་པ་རྟོག་བྲལ་གྱི་ངང་ལ་བཞག་གོ། དེ་ནས་ཀུན་ཏུ་སྣང་ལ་ཚད་མེད་ཅེས་པ་བཞི་བསྒོམ་པས་ཐུགས་ཉིད་སྐྱོན་བྲལ་གྱི་བརྡའ་རུ་ཨ་དཀར་བར་སྣང་ལ་འཕྲོས་མ་རྟོགས་ཏེ་ཡང་དག་པའི་དོན་ལ་བློ་མ་ཕྱོགས་པ་དང་དངོས་པོ་རྟག་ཆད་ལ་སོགས་སུ་ལོག་རྟོག་དང་དེའི་ཤུགས་ལས་གང་དུ་མ་ངེས་པའི་ཐེ་ཚོམ་པ་རྣམས་ཐུགས་རྗེའི་ཤུགས་ཀྱིས་སྦྱངས་ཤིང་བསྒྲལ་བ་སྟེ། དེ་ཡང་རྟོགས་པས་དེ་དོན་དམ་པར་སྐྱེ་མེད་དང་ཀུན་རྫོབ་ཏུ་ལྷ་དང་གཞལ་ཡས་སུ་རྫོགས་པར་བྱ་བ་ནི་ཚད་མེད་ཀྱི་ཐུགས་རྗེ་ལ་བརྟེན་ཏེ་ཉི་ཟླ་དང་འདྲ་སྟེ་གསལ་ལ་རང་བཞིན་མེད་པ་ཀུན་ལ་ཁྱབ་བདལ་བའི་མཉམ་སྙོམས་སུ་བསྒོམ་པ་སྟེ། ཚུལ་ནི་གནས་ལུགས་བདག་མེད་མ་རྟོགས་པའི་སེམས་ཅན་སྡུག་བསྔལ་ལ་སྤྱོད་པ་ལ་སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་དང་བཞི་སྒོམ་ལ། ཨ་ཨྭོཾ་བརྗོད་པས་བདག་གི་ཐུགས་ལས་ཨ་དཀར་པོ་གཅིག་དེ་ལ་ཨ་གྲངས་མེད་འཕྲོས་ཏེ་ཕྱི་སྣོད་ཀྱི་དངོས་འཛིན་སྦྱངས་ཏེ་ལྷ་ཡི་གཞལ་ཡས་ནང་བཅུད་སེམས་ཅན་གྱི་སྒྲིབ་པ་སྦྱངས་ཏེ་ལྷ་དང་ལྷ་མོར་གྱུར། ཚུར་ཨ་ལ་འདུས་ཨྭོཾ་དུ་གྱུར་བདག་གི་ཐུགས་ཀར་འདུས་པར་བསམ་མོ། རྒྱུ་ཡི་ཏིང་ངེ་འཛིན་ལ་གསུམ་སྟེ། ཕྱི་སྟོང་གསུམ་ཁམས་གསུམ་ལྷུན་རྫོགས་དང༌། ནང་བུམ་པ་སྐུ་རྫོགས་དང༌། གསང་བ་ཕུང་པོ་རང་འགྱུར་དུ་བསྐྱེད་པའོ། དང་པོ་ལ་གཞལ་ཡས་བསྐྱེད་པ་ལ་ཚིག་གིས་གསལ་གདབ་སྟེ། ཐུགས་ཉིད་ནི་སྐྱེ་མེད་སྤྲོས་བྲལ་གྱི་ངང་ཚུལ་ལ་ཐུགས་རྗེ་སྟེ་བྱིས་པ་མ་ཡིས་བསྡིགས་པ་བཞིན་དུ་ཉོན་མོངས་པ་རྒྱས་པ་ལ་ཉོང་མོངས་ཆེན་པོའི་ཚུལ་དུ་བསྟན་ནས་འདུལ་བ་ལས་རྟགས་བསྟན་པ་སྟེ་ཇི་ལྟར་འདུལ་ན་མེད་པ་སྟེ་དངོས་འཛིན་ཞེན་པའི་བློ་ཐག་བཅད་པས་དོན་དམ་པ་སྐྱེ་མེད་སྟོང་པ་དང་ཀུན་རྫོབ་ལྷ་དང་གཞལ་ཡས་སུ་བསྒྱུར་བས་ན་བསྒྲལ་ཞེས་བྱ། ཇི་ལྟར་བསྒྲལ་ན་དབང་ཆེན་སྟེ་ཕྱི་གདོས་པའི་འབྱུང་བ་མ་རིག་པ་ལས་བསྐྱེད་པའི་འབྱུང་བ་ལྔ་བོན་ཉིད་སེམས་ཉིད་ཉག་གཅིག་ཏུ་དབང་བསྒྱུར་བ་སྟེ། འབར་བ་ནི་ཕྱི་ཡི་མཚན་མི་སྣང་བ་དང༌། ནང་དུག་ལྔའི་རྣམ་རྟོག་དང༌། གསང་བ་མ་རིག་པའི་བདག་འཛིན་འཇོམས་ཤིང་སྐུ་དང་ཡེ་ཤེས་ཀྱི་དབལ་དུ་འབར་བའི་གཞལ་ཡས་ཁང་སྟེ། དེ་ཡང་དྲག་སྟེ་གྲུ་གསུམ་ནི་དྲག་པོས་ཁམས་གསུམ་སྒྲོལ་བ་དང། ཟླ་གམ་ནི་དབང་སྟེ། སྟོང་ཁམས་སྲིད་གསུམ་དབང་དུ་བསྡུད་པ་ལ་སོགས་པའི་ཡོན་ཏན་འོག་རྟགས་སྒྲུབ་ཏུ་འཆད་དོ། སྙིང་པོ་ལ་བརྟེན་ཏེ་སྒོམ་པ་ལ། ཨ་མུ་ཡེ་ནམ་མཁའ་སྟེ་བདག་གི་ཐུགས་ལས་འོད་དཀར་པོའི་བཅུད་ལས་ཨ་དཀར་པོར་གྱུར་ཏེ་དཀྱིལ་འཁོར་གྱི་འོག་ཏུ་བབ། ཨ་མུ་ཡེ་ཨ་དཀར་ཨ་ནི་ཨ་བརྗོད་པས་ནམ་མཁའི་དཀྱིལ་འཁོར་ཁ་གཏིང་དཔག་ཏུ་མེད་པར་བསྐྱེད་དོ། དེའི་སྟེང་དུ་འོད་ལྗང་ཁུ་ལས་ཡཾ་དུ་གྱུར་ཏེ་ཡཾ་ཡཾ་ནི་ལི་ཐུན་འདུ་བརྗོད་པས་འོད་དུ་ཞུ་བས་རླུང་གི་དཀྱིལ་འཁོར་ཁ་དོག་ནག་པོ་ལ་སྟེང་རིན་པོ་ཐོན་ལྗང་དབྱིབས་རྡོ་རྗེ་རྒྱ་གྲམ་དུ་བསྐྱེད། དེའི་སྟེང་དུ་འོད་དམར་པོའི་བཅུད་ལས་རམ་དམར་པོར་གྱུར་རྃ་ཚངས་སྟང་ནེ་རྃ་འདུ་བརྗོད་པས་རྃ་ཞུ་བ་ལས་མེ་ཡི་དལ་དམར་པོ་ཟླུམ་པོར་བསྐྱེད། དེའི་སྟེང་དུ་འོད་སྔོན་པོ་ལས་མཾ་དུ་གྱུར་ཏེ་མཾ་དྭང་རྭ་མཾ་ཏིང་འདུ་བརྗོད་པས་མཾ་ཞུ་སྟེ་ཆུ་ཡི་དལ་སྔོན་པོ་ཟླུམ་པོར་བསྐྱེད། དེ་ཡི་སྟེང་དུ་འོད་སེར་པོའི་བཅུད་ལས་ཁཾ་སེར་པོར་གྱུར་ཏེ་ཁཾ་སླ་ཞི་སྐྱེས་སླས་འདུ་བརྗོད་པས་གསེར་གྱི་ས་གཞི་སེར་པོ་ཟླུམ་པོར་བསྐྱེད། དེའི་སྟེང་དུ་འོད་སྣ་ཚོགས་པའི་བཅུད་ལས་བྲུཾ་དུ་གྱུར་ཏེ་བྲུཾ་དྲུང་མུ་ཡེ་འདུ་ཨེ་ཧ་ཧི་ཧ་ར་ཨ་བརྗོད་པས་བྲུཾ་ཞུ་བ་ལས་དྲེགས་པ་དབལ་གྱི་གསས་མཁར་ཆེན་པོ་བསྐྱེད་ཏེ། དེ་ཡང་སྣ་ཚོགས་ཐོད་པའི་རྨེང་གཞི་བཏིང་པ། ལོགས་བཞི་རིན་པོ་ཆེའི་དྲྭ་བ་དྲྭ་བརྩཻགས་ཀྱིས་སྤྲས་པ། ཡེ་ཤེས་ཀྱི་སྒོ་བཞི་ཕྱོགས་བཞིར་དོད་པ། ཀླུ་དང་དྲི་ཟའི་ཐེམ་སྦྱོར་གནོད་སྦྱིན་དང་གཤིན་རྗེའི་འགན་སྒྱེལ་བརྩིགས་པ། རུས་སྦལ་ཁྲ་བོའི་ཀ་གདན། གཅན་ཆེན་སྲིན་པོའི་ཀ་བ། ཀྱོག་པིར་རྔམ་པའི་ཀ་ཞུ་སྒེག་པ། ལྷ་ཀླུ་གདུག་པའི་གདུང་དཔྱམ་བྲིས་པ། ནང་དབལ་གྱི་མེ་རི་ཁ་དོག་སོ་སོ་ན་འབར་བ། སྟག་གཡག་འབྲུག་ཁྱུང་གི་ཡ་གད་གདེངས་པ། ཡ་གད་ཀྱི་འོག་ནས་དོན་སྙིང་མགོ་རྐང་གི་ཟ་ར་ཚགས་སུ་གདུང་འབུར་དྲེགས་པའི་ཁ་ནས་བཀྱེ་བ། ཡ་གད་ཀྱི་རྩེ་ལ་བདུད་སྲིན་པགས་པའི་གཤམ་བུ་འཕྱར་བ། དེ་ཡི་སྟེང་ནས་ཡེ་ཤེས་ལྔ་ཡི་བང་རིམ་བརྩེགས་པ། ཁྱུང་གུར་ཁྱུང་མགོ་གདུགས་ཏོག་དང་ལྡན་པ། ཕྱི་རིམ་དབང་གི་ཁྲག་མཚོ་དམར་ནག་ཏུ་འཁྲུགས་པ། ཕྱི་ཟངས་རི་ལྕགས་རི་ལ་སྐྱིན་འདང་རྨ་འདང་གི་མེ་ཆུ་འཁྲིགས་པ། གསལ་ལ་རང་བཞིན་མེད་པ་སྣང་ལ་དངོས་པོ་མེད་པའི་གཞལ་ཡས་སུ་བསྐྱེད་དོ༌། གདན་བསྐྱེད་པ་ལ་དབང་དྲག་གཞལ་ཡས་ཀྱི་དབུས་སུ་ཞེ་སྡང་ཐུལ་བའི་རྟགས་སུ་སེང་གེ་བསྣོལ་བ། དེ་བཞིན་གཏི་མུག་གླང་ཆེན། ང་རྒྱལ་རྟ། འདོད་ཆགས་འབྲུག  ཕྲག་དོག་ཁྱུང་བསྣོལ་བའི་ཁྲི་ལ་ཁྲི་རྐང་རིན་པོ་ཆེ་རུ་རྒྱུད་ཆེན་ལས་གསུངས་ལ། དྲེགས་པ་སྟེ་ལྷ་ཡི་བུའི་བདུད་ཐུལ་བའི་རྟགས་སུ་ལྷ་བདུད་ཕོ་མོའི་གདན་དང༌། ཐབས་ཤེས་དབྱེར་མེད་པ་མཚོན་པའི་ཉི་ཟླ། ཐུགས་ཉིད་སྐྱོན་བྲལ་གྱི་བརྡའ་རུ་པད་མའི་གདན་འབུལ་བ་ནི་གཙོ་བོའི་གདན་ཏེ། བླ་མས་ཟུར་གསུམ་དུ་གསུངས་པའམ་ཡང་ན་གཅིག་ལ་འདུས་པ་ཡིན་ནོ། འཁོར་གྱི་གདན་དུ་ཤར་དུ་གླང་པོ་བསྣོལ་བ་དང་ཕུང་པོའི་བདུད་ཐུལ་བས་དྲི་ཟ་དང༌། བྱང་དུ་རྟ་དང་ཉོན་མོངས་ཀྱི་བདུད་གནོད་སྦྱིན་དང༌། ནུབ་ཏུ་འབྲུག་བར་ཆོད་ཀྱི་བདུད་ཀླུ་དབང༌། ལྷོ་ཤར་ཁྱུང་དང་འཆི་བདག་གི་བདུད་གཤིན་རྗེ་ཕོ་མོ་བསྐྱེད། དེའི་ཕྱི་རིམ་ཚོགས་བརྒྱད་ཀྱི་གཟུང་འཛིན་ཐུལ་བས་རྨ་བྱའི་གདན་བརྒྱད་དང༌། སྒོ་བཞི་ལ་རྩ་ཡན་ལག་ལ་དུས་བཞིའི་རྟོག་པ་ཐུལ་བས་ཤང་ཤང་གི་གདན་བཞི་དང༌། རྣམ་པར་རྟོག་པའི་ཚོགས་ཐུལ་བས་བར་འཁྱམས་ལ་གཤོག་ཐོག་གི་གདན་བསྒོམ་པ་ནི་ལྷ་རྣམས་བཞུགས་སའི་གཞི་རུ་འབུལ་ཞེས་བྱའོ། སད་གེ་ནི་ལྷ་བདུད་ལ་སོགས་ལ་གྱ་ནོམ་ནི་གཉེན་པོའི་སྟོབས་ཀྱི་ཟིལ་གྱིས་གནོན་པ་དང༌། ཧྲིག་ནི་དེ་དག་འདུལ་ཞིང་རྒྱུད་འཇོམས་ལ་ཧྲུན་ནི་བཞུགས་ཞེས་བྱ། ཨུ་དུག་སེང་གེ་ལ་སོགས་ཉོན་མོངས་རྣམས་ལ། ཨ་མ་ནེ་ར་ཉི་ཟླ་པད་མའི་གདན་བསྐྱེད་པའོ། ལྷ་བསྐྱེད་པ་ལ་གཙོ་བོ་ནི་གཙོ་བོ་ཡབ་ཡུམ་རོལ་པའི་ཐིག་ལེ་དབུས་ཀྱི་གདན་ཐོག་ཏུ་བབས་བསྭོ་ལ་སོགས་ཀྱི་འབྲུ་བཤད་འོག་ཏུ་འཆད་ལ། བསྭོ་ཨྭོཾ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ། བརྗོད་པས་ཐིག་ལེ་ཨ་མ་ཟུང་གཅིག་ཏུ་གྱུར། ཨ་མ་པུར་པ་ཕཊ་བརྗོད་པས་འོད་ཟེར་འཕྲོས་ཏེ་སེམས་ཅན་གྱི་སྒྲིབ་པ་སྦྱངས། དབྱིངས་ཡེ་ཤེས་ཡབ་ཡུམ་གྱི་ཕྱག་རྒྱ་བཅས་ལ་ཧེ་རག་ཤ་མུ་ཁྱུང་པྲ་ཕུད་ཏྲང་འདུ། བརྗོད་པས་འོད་ཟེར་ཚུར་འདུས་ཨ་མ་ལ་ཐིམ་ཏེ་ཞུ་བས། ཨ་ལས་དབལ་ཆེན་པོ་དང་མ་ལས་ཡུམ་རྔམ་མོ་ཡུམ་ཆེན་དཀྱུས་བཞིན་བསྐྱེད་དོ། གསུང་ཐུགས་གཉིས་བླ་མའི་གསུང་གིས་ཟུར་གཉིས་སུ་བསྐྱེད་གསུངས་པའམ། ཡང་ན་དོན་གྱི་དགོངས་པས་འདི་བཞིན་བསྐྱེད་དེ་ཡབ་ཡུམ་རོལ་པའི་ཐིག་ལེ་ཟུང་གཉིས་གཙོ་བོའི་མགྲིན་པ་དང་ཐུགས་ཀར་འཕྲོས། མགྲིན་པའི་ཐིག་ལེ་ཟུང་གཅིག་ལ་བློ་གཏད་ལ་བསྭོ་ཨཱོཾ་ཨ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ་ཐུན་བརྗོད་པས་ཐིག་ལེ་ཨ་མར་གྱུར། ཨ་མ་པུར་པ་༼ཕཊ༽་སད་ཡ་བརྗོད་པས་དེ་ལས་འོད་ཟེར་འཕྲོས་ཏེ་སེམས་ཅན་གྱི་ངག་གི་སྒྲིབ་པ་སྦྱངས། ཧེ་རག་ཤ་མུ་ནེ་གླང་ཆེན་ཏྲང་འདུ་བརྗོད་པས་ཚུར་འདུས་འོད་དུ་ཞུ་བས་ལྷ་རྒོད་ཡབ་ཡུམ་དཀྱུས་བཞིན་བསྐྱེད། ཡང་ཐུགས་ཁའི་ཐིག་ལེ་ལ་བློ་གཏད་ལ་བསྭྭོ་ཨཱོཾ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་བརྗོད་པས་ཨ་མར་གྱུར། ཨ་མ་པུར་པ་ཕཊ་ཡ་བརྗོད་པས་དེ་ལས་འོད་ཟེར་འཕྲོས་ཏེ་སེམས་ཅན་གྱི་ཡིད་སྒྲིབ་སྦྱངས། ཧེ་རག་ཤ་མུ་ཡེ་ཤེ་ཐུན་ཏྲང་འདུ། བརྗོད་པས་འོད་དུ་ཞུ་བས་གཙོ་བོ་ཡབ་ཡུམ་དཀྱུས་བཞིན་བསྐྱེད་དོ། འཁོར་བསྐྱེད་པ་ལ་གཙོ་བོ་ཡབ་ཡུམ་རོལ་པའི་ཐིག་ལེ་རང་རང་གི་གདན་ཐོག་ཏུ་འཕྲོས། བསྭོ་ཨཱོཾ་ཨ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ་བརྗོད་པས་ཐིག་ལེ་རྣམས་ཡིག་འབྲུར་གྱུར་ཏེ། དེ་ཡང་དབུས་ཀྱི་ཕོ་བྲང་བཞི་ལ་ཨ་མ་ཟུང་བཞི། དེའི་ཕྱི་རིམ་རཾ་བརྒྱད། སྒོ་བཞིར་ཛ་བཞི། བར་འཁྱམས་མ་ཛ་བྷོ་ཉེར་བདུན་ཧ་བཅུ་ཞ་བཞིར་གྱུར། ཧེ་རག་ཤ་ཨ་མ་པུར་པ་ཕཊ་བརྗོད་པས་ཡིག་འབྲུ་ལས་འོད་ཟེར་འཕྲོས་ཏེ་སེམས་ཅན་གྱི་ལས་དང་སྒྲིབ་པ་སྦྱངས། ཨ་མ་མ་ཧ་ལ་རམ་ཛ་ཐུན་འདུ་བརྗོད་པས་འོད་ཟེར་ཚུར་འདུས་ཡིག་འབྲུ་ལ་ཐིམ་སྟེ་ཞུ་བས་ནང་གི་ཕོ་བྲང་གི་ཨ་མ་ལས་ཤར་དུ་ཁྲོ་གསས་ལ་སོགས་བསྐྱེད། དེའི་ཕྱི་རིམ་རཾ་ལས་ཧེ་ཤག་མ་བརྒྱད་དང༌། སྒོ་ཡི་ཛ་ལས་སྒོ་མ་བཞི་དང༌། བར་འཁྱམས་ཀྱི་མ་ཛ་བྷོ་ལས་གཟེ་གྱད་བྱིན་ཏེ་དང༌། ཧ་ལས་གྱད་དང༌། ཞ་ལས་རྒྱལ་པོ་བཞི་དཀྱུས་བཞིན་བསྐྱེད་དོ། གཉིས་པ་བུམ་པ་ལ་སྐུ་རྫོགས་ཅེས་པས་དམ་བཞེངས་པའི་དུས་སུ་ལྷ་དང་གཞལ་ཡས་སུ་སྔར་བཞིན་གསལ་གདབ་ཅིང་རྒྱུན་པའམ་བུམ་པ་ལ་བརྟེན་པའི་དུས་སུ་སྔར་བཞིན་རྒྱས་པ་བུམ་པ་ལ་བསྐྱེད་པ་སྣོད་བཅུད་ལ་དམིགས་ལ་སྟོང་གསུམ་ཁམས་གསུམ་ལྷུན་རྫོགས་སུ་གསལ་གདབ་བོ། གསང་བ་ཕུང་པོ་ནི་སྔར་དོན་སྒྲུབ་བཞིན་དུ་སྐབས་འདིར་གསལ་གདབ་སྟེ། དེ་ལྟར་བསྐྱེད་པ་རྣམས་ཀྱང་འོད་ཀྱི་སྐུ་གསལ་ལ་རང་བཞིན་མེད་པ། ཁྲོ་གཏུམ་རྔམ་བརྗིད་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པར་བསྐྱེད་པ་སྟེ། མདོ་རྩ་ལས། དེ་ལྟར་རགས་པར་བསྐྱེད་པའི་ལྷ་རྣམས་ཀྱང༌། སྒྱུ་ལུས་བེམ་པོ་མ་ཡིན་ཆོ་འཕྲུལ་འོད་ཀྱི་གཟུགས། འཇིགས་དང་དབལ་མེད་མ་ཡིན་ཁྲོ་གཏུམ་འབར་བའི་དབལ། ཕན་མེད་གནོད་མེད་མ་ཡིན་མཁྱེན་བརྩེ་སྟོབས་དང་ལྡན་ཞེས་གསུངས་པ་ལྟར་བསྐྱེད་ལ། ཆེ་ཆུང་ནི་རང་གི་བློ་ལ་གར་ལྕོགས་པ་སྟེ། རི་རབ་ཙམ་གྱི་བདེར་གཤེགས་སྐུ་བསྐྱེད་དང༌། ཉུངས་འབྲུ་ཙམ་གྱི་བདེར་གཤེགས་སྐུ་བསྐྱེད་པ། གཤེན་རབ་རིག་པའི་རྩལ་དང་སྦྱོར་ཅེས་གསུངས་སོ། དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ནི་དལ་གསུམ་གྱི་ལྷ་ཚོགས་རྣམས་ཐུགས་རྗེ་ཐབས་ཀྱིས་རོལ་པར་མཛད་པའི་ཐིག་ལེ་གྲངས་མེད་པ་ཡར་འཕྲོས་ནས་དབྱིངས་ཀྱི་ལྷ་རྣམས་ལ་མཆོད་པ་ཕུལ་བས་ལྷ་རྣམས་མཉེས་ཏེ་མདུན་གྱི་བར་སྣང་ལ་སྤྲིན་གཏིབས་པ་ཙམ་བྱོན་པར་བསམ་མོ། དེ་ལ་སྟོང་གསུམ་མཆོད་པའི་ཡོ་བྱད་དུ་གྱུར་ནས་ཕུལ་བས་ཐུགས་མཉེས་པར་བསམ་ལ། བསྭོ་ཨའོཾ་ཨ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ་ཨ་མ་མ་ཧ་ལ་རཾ་ཛ་སད་དོ་ཐུན་འདུ་བརྗོད་པས་ལྷ་རྣམས་འོད་དུ་ཞུ་སྟེ་བསྐྱེད་པ་རྣམས་ལ་ཐིམ་པས་གཉིས་མེད་ལས་ཀྱི་སེམས་དཔར་བསམ་མོ། གདན་འབུལ་བ་ལ། སྔར་བསྟན་པའི་སེམས་ཉིད་ཀྱི་གཞལ་ཡས་དེ་དང་མཐུན་པར་ཕྱི་ནང་གསང་བའི་དཀྱིལ་འཁོར་བསྐྱེད་པ་དེ་ལ་ལྷ་རྣམས་ནི་སྐུ་མདོག་ཕྱག་མཚན་རྔམ་བརྗིད་སྣང་བ། དཔེར་ན་ནམ་མཁའ་ལ་ཉི་ཟླ་གཟའ་སྐར་འཇའ་སྤྲིན་བཀྲ་བ་ལྟར་སྣ་ཚོགས་སྟེ་མ་འདྲེས་ཤིང་བཀྲ་ལ་གསལ་བ། ཆས་ནི་འཇིགས་པའི་ཆས་བརྒྱད་རྔམ་པའྀ་གར་དགུ་ལ་སོགས་པ་དང་ལྡན་པ་རུ་བཞུགས་ཞེས་བྱ། རགྵ་ནི་གདུག་རྩུབ་སྲིན་པོ་ལྟ་བུའི་ཉོན་མོངས་པ་འདུལ་བའི་དོན་དུ་བཞུགས་པས་ན་བརྟན་དུ་ཧྲུན་ཞེས་བྱ་སྟེ། གདན་འབུལ་ཡིན་གསུངས་པའམ་བསྐྱེད་པ་རྣམས་གསལ་འདེབས་ཡིན་པར་ཡང་མཐོང་ངོ༌། བསྐལ་པ་མེ་ལྟར་འབར་བ་ནི་དུས་ཀྱི་བསྐལ་པ་ཆེན་པོའི་མེ་དཔུང་གིས་བསམ་གཏན་དང་པོའི་གནས་མན་ཆད་བསྲེག་པར་འབར་བ་ལྟར། འདིར་ཡང་ཕྱི་ལས་ཀྱི་དགྲ་བགེགས། ནང་རྣམ་རྟོག་གི་བར་ཆོད། གསང་བ་མ་རིག་པའི་བདུད་རྣམས་བསྲེགས་ཏེ། དེ་ཡང་ཕྱི་བོན་ཉིད་ཀྱི་དབྱིངས། ནང་ཡུམ་གྱི་དབྱིངས། གསང་བ་ཀུན་གཞིའི་དབྱིངས་སུ་ཡེ་ཤེས་ཆེན་པོའི་མེ་དཔུང་འབར་ཞིང་ཕྱི་ནང་གསང་བའི་འགལ་རྐྱེན་གྱིས་བསྐྱད་དུ་མི་ཚུགས་པའི་གསར་༼དབྱིངས༽ནས་སྤྱན་འདྲེན་པ་དང༌། གང་ན་དབལ་གསས་རྔམ་པ་ནི་བཤད་ལ་འཁྲོ་བ་ནི་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱང་ཐུགས་རྗེ་ཁྲོས་པའི་ཚུལ་གྱིས་ཕྱི་ནང་གསང་བའི་གདུལ་བྱ་ལ་ཁྲོས་པ་དང༌། རྒྱལ་ནི་ཕྱི་ནང་གསང་བའི་གདུལ་བྱ་དང་འཁོར་བའི་མཐའ་ལས་རྒྱལ་ལ། དེ་ཡང་དབྱིངས་སྐྱེ་བ་མེད་པའི་མཁའ་ལ་གསལ་བ་ཡེ་ཤེས་ཀྱི་བརྗིད་འགག་མེད་དུ་འགྱིང་པས་ན་ཁ་དང༌། ཐབས་ལས་དགྱེས་པ་ནི་དབྱིངས་ཤེས་ཐབས་ཤེས་དབྱེར་མེད་དུ་བརྡའ་རུ་སྟོན་པ་སྟེ། རྔམ་མོ་སྟེ་གཞན་སྣང་ཁྲོ་རྔམ་དུ་སྟོན་པས་དང༌། སྲིད་པ་ནི་ལམ་དང་གནས་དང་རྒྱུ་འབྲས་ལ་སོགས་ཡོད་པར་སྟོན་པའི་གཞིར་གྱུར་པས་ཡུམ་ཡིན་ལ། དེའི་སྤྲུལ་པ་ཡང་སྤྲུལ་རིགས་དང་རིག་པ་ལས་དང་བཅས་པ་སྟེ། དེ་དག་ཀྱང་རགྵ་སྟེ་སྲིན་པོ་དང་འདྲ་བའི་ཕྱི་ཡི་དགྲ་བགེགས་ནང་ལུས་ཀྱི་གཟུང་འཛིན་གསང་བ་མ་རིག་པའི་བདུད་འཇོམས་པའི་སྐུ་གསུང་ཐུགས་ཀྱི་སྒྲ་དྲག་ཏུ་སྒྲོག་ཅིང༌། དེ་བཞིན་ཕྱི་དལ་དང་བུམ་པ་གསང་བ་རང་ལུས་ལྷ་དང་གཞལ་ཡས་སུ་བསྐྱེད་པ་འདིར། དཔེར་ན་མཁའ་ལ་དུ་མུན་འདུས་པ་བཞིན་དཔུང་ཆེ་ཞིང་གྲངས་མང་བར་གཤེགས་ལ། གཉིས་མེད་ནི་བཞུགས་མ་བཞུགས་སམ་ལ་སོགས་ཀྱི་གཉིས་འཛིན་མེད་གསུངས་མོད་ཀྱི། འོན་ཀྱང་དམ་ཚིག་པ་ལ་ཡེ་ཤེས་ཐིམ་པ་དེ་ཡེ་ནས་གནས་པའི་དོན་དུ་གནས་པ་ལྟར་རྟོགས་པའི་དོན་ལ་འགྱུར་བ་མེད་པས་ན་བཞུགས་སུ་གསོལ་ཞེས་བྱའོ། ཐོག་འབྲུག་ནི་གསུང་རང་བཞིན་མེད་པར་གྲོལ་བའི་སྟོང་ཆ་ཕྱི་ནང་གསང་གསུམ་ནས་དང༌། མི་བཟད་ནི་གཞན་སྣང་དུ་ཤིན་ཏུ་ཁྲོས་འཚིག་དང་ལྡན་ལ། ལྷ་རྒོད་ནི་ཐུགས་ཞི་བ་ལས་མ་གཡོས་ཀྱང་གཞན་སྣང་ངག་གིས་གདུལ་བྱ་འདུལ་ལ། འགྲན་གྱི་ཟླ་མེད་ནི་སྤྲུལ་པ་སྣ་ཚོགས་འབྱུང་བས་གང་གིས་འགྲན་དུ་མེད་ཅིང་ཐམས་ཅད་བསྐྱེད་པའི་ཡུམ་དང༌། གྱི་གྲན་ནི་དགྲ་སྟེ་ཕྱི་དང་ནང་ངག་གི་གཟུང་འཛིན་འདུལ་ལ། དེ་བཞིན་ཕྱི་ནང་ལྟར་དང༌། གསང་བའི་མགྲིན་པའི་གནས་ལས་འབྲུག་གི་ང་རོ་ལྟར་ཟིལ་གྱིས་གནོན་པའི་སྒྲ་སྒྲོག་ཅེས་བྱའོ། བོན་ཉིད་ནི་སྐྱེ་བ་མེད་པ་ལས་གཞན་སྣང་འཁྲོས་པའི་ཁྲོ་བོར་བྱུང་པས་བརྟེན་པ་ལྷ་ཡི་མིང་གིས་བརྒྱ་པའི་གནས་གསུམ་ནས་དང༌། ཐུགས་རྗེ་ནི་བོན་ཉིད་ཐུགས་ཞི་བའི་ངང་ལས་གདུལ་བྱ་དཔག་མེད་འདྲེན་པའི་ཐུགས་རྗེ་འཁྲོས་པའི་ཚུལ་དུ་བསྟན་པ་དེ་ཁྲོ་ཚོགས་ཀྱི་གཙོ་བོར་གྱུར་ཅིང་ཐུགས་རྗེ་རྨད་དུ་བྱུང་བས་ན་མཆོག་ཅེས་བྱའོ། གདུག་མོ་ནི་ནམ་མཁའི་དངོས་འཛིན་གྲོལ་བ་དེ་གཞན་སྣང་ཁྲོ་མོར་བསྟན་ལ་སངས་རྒྱས་སེམས་ཅན་ཀུན་གྱི་ཡུམ་དུ་གྱུར་པས་ན་བ་ག་ཡུམ་ཞེས་བྱའོ། གེ་ཤན་ནི་བདུད་སྟེ་ཕྱི་དང་ནང་ཡིད་ཀྱི་གཟུང་འཛིན་འདུལ་བས། དེ་བཞིན་ཤེ་ཐུན་སྙིང་ལ་སྟེ་དཔེར་ན་ཐོག་འདྲིལ་བ་ལྟར་དུས་ལ་བབ་པ་ཐོགས་ཆགས་མེད་པར་སྒྲོལ་བར་གཤེགས་པའོ། དབང་ཆེན་ནི་ཕྱི་ནང་གསང་བའི་འབྱུང་བ་སེམས་ཉིད་དུ་དབང་སྒྱུར་བ་ན། གཟུགས་ཕུང་གྲོལ་བའི་ཡེ་ཤེས་ཆེན་པོ་དེ་གཞན་ལ་གཏི་མུག་ཆེན་པོའི་ཚུལ་དུ་བསྟན་ནས་གཏི་མུག་འདུལ་བའི་ཁྲོ་གསས་དང༌། དེ་བཞིན་དུ་འདུ་བྱེད་དང་ཞི་བ་ང་རྒྱལ་འདུལ་བ་རྔམ་གསས་དང༌། ཚོར་བ་དང་སྦྱིན་པ་འདོད་ཆགས་འདུལ་བ་དབལ་གསས་དང༌། འདུ་ཤེས་དང་ཡངས་པ་འཕྲག་དོག་འདུལ་བ་གཏུམ་གསས་དང༌། ས་རླུང་ནི་འབྱུང་བཞི་གྲོལ་བའི་དབྱིངས་སུ་གཞན་སྣང་ཁྲོ་མོའི་ཚུལ་དུ་བསྟན་ནས་འབྱུང་བཞིའི་མཚན་མ་འཇོམས་པའི་ཁྲོ་མོ་ནེ་སླས་དང༌། ལན་བརྒྱད་དང༌། ཚངས་སྟངས་དང༌། ཏིང་ནམ་རྒྱལ་མོར་སྣང་བ་སྟེ། ཨུ་དུག་ནི་ཕྱི་ཕུང་པོ། ནང་དུག་ལྔ། གསང་བ་བདུད་ལྔ་འདུལ་བ་དང༌། དེ་བཞིན་ཕྱི་ནང་གི་འཁོར་ལོ་བཞི་དང༌། གསང་བ་རྩ་ཡི་ཡན་ལག་བཞི་དང༌། དཔེ་ཉི་ཟླ་གཟའ་སྐར་དང་འདྲ་སྟེ་གསལ་ལ་ཡོངས་སུ་རྫོགས་པར་གཤེགས་སོ། འདོད་རྒུ་ནི་ཡུལ་བརྒྱད་གྲོལ་བའི་དབྱིངས་གསུམ་ནས་དང༌། གར་སྟབས་ནི་ཡུལ་བརྒྱད་གྲོལ་བའི་དབྱིངས་དེ་ཡུལ་བརྒྱད་གཟུང་འཛིན་འདུལ་བའི་ཕྱིར་ཁྲོ་མོར་བྱོན་པ་བརྒྱད་ལ། ཟུར་ནམ་ནི་དབང་པོའི་སྤྱོད་ཡུལ་སྟེ་ཕྱི་དང་ནང་དེའི་གཟུང་འཛིན་ལ། དེ་བཞིན་ཕྱི་ནང་གི་འཁོར་ལོ་བརྒྱད་དང༌། གསང་བ་ཉིང་ལག་གི་རྩ་བརྒྱད་ལ་སྟེ། འཇའ་ཚོན་ལྟར་ཡུལ་ཤེས་སྣང་ལ་རང་བཞིན་མེད་པར་གཤེགས་པའོ། བར་འཁྱམས་ནི་ཐུགས་རྗེའི་སྤྲུལ་པས་ཐམས་ཅད་དབང་དུ་བསྡུད་པའི་གནས་གསུམ་དང༌། ལས་ཀྱི་ནི་ཐུགས་རྗེ་རོལ་པའི་ཆོ་འཕྲུལ་གྱིས་འགག་མེད་ཀྱི་སྤྲུལ་པས་ཕྱི་ནང་གི་དགྲ་བགེགས་འདུལ་བའི་ཕྱིར་སྤར་མ་ཉེར་བདུན་དང༌། གྱད་བཅུ་དང༌། རྒྱལ་པོ་བཞི་རྣམས་ཀྱིས་ཀུ་ཏྲ་འདྲེ་སྟཻ་ཕྱི་དང༌། ནང་རྣམ་རྟོག་འདུལ་ལ། དེ་བཞིན་ཕྱི་ནང་གི་བར་འཁྱམས་དང༌། གསང་བ་ཕུང་པོའི་བྱེ་བྲག་དག་བ་སྤུ་བུ་ག་སྟ་ཟུར་མདུན་རྒྱབ་བཞི་ལ་དང༌། བར་སྣང་ནི་ཐོགས་པ་མེད་པར་གང་ལ་བྱ་བ་འགྲུབ་པར་གཤེགས་པའོ། སྡུད་གནོན་ནི་དུས་བཞིའི་གཟུང་འཛིན་གྲོལ་བའི་དབྱིངས་ཉིད་གསུམ་ནས་དང༌། ཞུ་རྒྱས་ནི་དུས་བཞིའི་དབྱིངས་དེ་དུས་བཞིའི་རྟོག་པ་འདུལ་བའི་ཕྱིར་ཁྲོ་མོར་བསྟན་པ་སྟེ་ཞུ་བ་དཔྱིད་རྒྱས་དབྱར་སྨིན་པ་སྟོན་སྡུད་པ་དགུན་ལ་དབང་བསྒྱུར་བ་དང༌། ཤུ་ནིག་ནི་བགེགས་ཏེ་ཕྱི་དང་ནང་དུས་བཞིའི་རྟོག་པ་འདུལ་བ་ལ་དེ་བཞིན་ཕྱི་ནང་གི་སྒོ་བཞི་གསང་བ་རྩ་ཡི་སྒོ་བཞི་ལ། རྒྱ་མཚོ་ནི་རླབས་བཞིན་གཅིག་རྗེས་སུ་འོང་བ་ལྟར་དུས་བཞི་འཆོལ་བར་འཛིན་མེད་དུ་གཤེགས་པའོ། བསྭོ་སྐུ་གསུམ་མམ་སྐུ་གསུང་ཐུགས་ལ། ཨཱོཾ་ཡེ་ཤེས་ལྔ་སྟེ་དེ་ཡང་ཨ་སྟོང་ཉིད། ན་རོ་སོར་རྟོགས། ཟླ་ཚེས་མེ་ལོང༌། ཐིག་ལེ་མཉམ་ཉིད། འ་ཟུར་ནན་ཏན་གྱི་ཡེ་ཤེས། ཨ་ནི་སྐྱེ་བ་མེད་པ་སྟེ་ས་བོན་ལ། ཐུན་ནི་གཉིས་སུ་མེད་པ། ཉེ་ལོ་ཡོངས་སུ་རྫོགས་སྐུ། སྤུངས་སོ་སྤྲུལ་སྐུ་དང༌། ཐད་དོ་དྲག་པོས་དགྲ་བགེགས་འདུལ་བ་དང༌། མུ་ཡེ་ཧ་ར་དབྱིངས་ཤེས་དབྱེར་མེད་ཀྱི་ལྷ་ཚོགས་གྲངས་མེད་པ། ར་ཡོ་ཛ་ནི་མྱུར་དུ་བྱོན་ཅེས་པའོ། ཕྱག་བཙལ་བ་ལ་བསྭོ་ཞི་བ་ནི་ཐུགས་ཞི་བའི་ངང་ལས་གཞན་སྣང་ཁྲོ་བོའི་སྐུར་འབར་བའི་དབལ་གསས་ནི་ཁྲོ་མཆོག་འདུས་པ་སྟེ་དྲུག་ཅུ་རྩ་གཅིག་སྐུ་ལ་རྫོགས་ཞེས་གསུངས་པས་ཁྲོ་རྒྱལ་ཐམས་ཅད་འདུས་པའི་ངོ་བོ་སྐུ་འགྱུར་བ་མེད་པ་ལ་ཕྱག་འཚལ་བ་དང༌། གཞན་སྣང་ཟིལ་གྱིས་གནོན་པའི་སྐུའི་བརྗིད་ལྡན་པས་གཞན་ལས་དཔག་པ་སྟེ། རྒྱུ་མཚན་ནི་སྐུ་དང་ཡེ་ཤེས་ཀྱི་རྒྱུ་བརྗིད་དང་ལྡན་པའི་སྐུ་ལ་ཕྱག་འཚལ་བ་དང༌། ནམ་མཁའ་ནི་ཕྱི་ནང་གི་སྣང་སྲིད་བྱུང་གནས་ཐིམ་གསུམ་གྱི་འཛིན་ལ་དེ་ཡང་སེམས་ཉིད་སྐྱེ་མེད་ཀྱི་དབྱིངས་ནས་སྐུ་དང་ཡེ་ཤེས་སྣ་ཚོགས་ཀྱི་མཛོད་འཛིན་པ་སྟེ། ཐབས་ཤེས་གཉིས་མེད་ཀྱི་བརྡའ་མཚོན་པས་ཡབ་ལ་འཁྲིལ་བའི་ཡུམ་ལ་འཚལ་བ་དང༌། སྐབས་འདིར་ཚིག་གཅིག་ཆད་པ་ནི་བསྭོ་དང་ཧ་ལའི་སྒྲ་སྒྲོགས་ཤིང་ཞེས་མཚམས་སྦྱར་ལ། གནམ་དྲག་ནི་འབྲུག་སྒྲས་བྱིས་པ་ཟིལ་གྱིས་གནོན་པ་ལྟར་རང་བཞིན་མེད་པའི་གསུང་གཞན་སྣང་འགག་མེད་དུ་བསྒྲགས་པས་ངག་དང་མཚན་མའི་གཟུང་འཛིན་འདུལ་བ་དང༌། བ་ག་ནི་ཡུམ་གྱི་ཀློང་སྟོང་པ་ཆེན་པོའི་ངང་ལས་འཁོར་འདས་སྣ་ཚོགས་ཀྱི་གཞི་འཛིན་ཅིང༌། ཐབས་མཁས་ནི་སྤྲུལ་པ་གྲངས་མེད་འགྱེད་པའི་བརྡའ་རུ་རོལ་པ་དང༌། ང་ནི་གནས་ལུགས་སྤྲོས་མེད་ཀྱི་ངང་ལས་མ་གཡོས་ཀྱང་གཞན་སྣང་སྐུ་དང་ཡེ་ཤེས་སུ་ཁྲོས་པའི་གཟི་མདངས་ཅན་ཏེ། དངོས་པོའི་མཚན་མ་སྟོང་ཞིང་བོན་དང་གང་ཟག་གི་བདག་མེད་པའི་དོན་རང་རིག་པའི་ཡེ་ཤེས་ཉག་གཅིག་གིས་རྟོགས་པས་རྣམ་རྟོག་གི་གྱོང་ཁེངས་འབུགས་པས་རྣོན་པོའི་ཐུགས་དང༌། ནམ་མཁའི་མཚན་མ་སྟོང་པའི་དབྱིངས་གཞན་སྣང་ཁྲོ་མོར་བསྟན་ནས་ཐབས་ཤེས་དབྱེར་མེད་ཀྱི་བརྡའ་སྟོན་པ་དང༌། འབར་བ་ནི་སྐྱེ་མེད་ཀྱི་ངང་ལས་རོལ་པའི་དབལ་དུ་འབར་སྟེ་ལྷ་ནི་ཁྲོ་གསས་ལ་སོགས་ལྔ་དང༌། སྐུ་བོན་སྐུ་ལ་སོགས་ལྔ་དང༌། རིགས་དེ་བཞིན་རིགས་ལ་སོགས་དང༌། སོར་རྟོགས་བྱམས་པ་ལ་སོགས་དང༌། ཡེ་ཤེས་སྟོང་ཉིད་ལ་སོགས་དང༌། སྤྱན་རིག་པ་ལ་སོགས་ལྔ་སྟེ་སུམ་ཅུ་སྟེ༌། གཞན་སྣང་དུ་ཁྲོ་གསས་ལ་སོགས་སུ་ཤར་བ་སྟེ། དེས་ཉོན་མོངས་ལྔ་དང་བདུད་ལྔ་ལ་སོགས་རང་གྲོལ་དུ་འཇོམས་པ་དང༌། མེ་ཆུ་ནི་འབྱུང་བཞིའི་དབྱིངས་གཞན་སྣང་ཁྲོ་མོར་ཤར་བ་སྟེ་དེས་རྒྱུ་ཤ་ཁྲག་དྲོད་དབུགས་བཞི་དང༌། གཟུགས་སོགས་ཕུང་པོ་བཞི་དབྱིངས་སྐྱེ་མེད་དུ་གནས་གྲོལ་བའི་ཡུམ་ཐབས་ཤེས་དབྱེར་མེད་པ་དང༌། དགོས་པ་ནི་ཡུལ་བརྒྱད་གྲོལ་བའི་ལྷ་མོ་ཡེ་སངས་སམ་ཧེ་ཤག་མ་བརྒྱད་དུ་ཤར་ཏེ་སྤྱན་ལ་གཟུགས་མཆོད་པ་ལ་སོགས་གཟུང་འཛིན་རང་གྲོལ་དུ་འབུལ་བའི་སྤྱོད་ཡུལ་ཅན་དང༌། དབྱར་དགུན་ནི་དུས་བཞིའི་རྫུ་འཕྲུལ་གྱིས་བསྒྱུར་ཞིང་དེ་ཡང་སེམས་ཉིད་སྐྱེ་མེད་དུ་གྲོལ་བ་དེ་གཞན་སྣང་དུ་ཞི་རྒྱས་ལ་སོགས་གང་འདུལ་དུ་ཐབས་མཁས་པ་དང༌། སྐུ་དང་ནི་དབལ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས་སྤྲུལ་པ་སྤྲོས་པའི་འཕྲིན་ལས་བཞིས་གང་འདུལ་དུ་སྟོན་པའི་ཐབས་དང་ཐུགས་རྗེར་ལྡན་པ་གྲངས་མང་བས་ན་ཚོགས་ལ་ཕྱག་འཚལ་ལོ། ཞེས་བྱ། སད་དོ་ལྷ། ཝང་སྐུ། རྐོ་ཕུང་ལུས་ཀྱིས་ཧྲུན་ཕྱག་བཙལ་བ་དང༌། དམུ་རླངས་ཨིན་ཏིང་གསུངས་ལ་ངག་གིས་དང༌། ཤེ་ཐུན་ཁྲི་སེག་ནི་ཐུགས་ལ་ཡིད་ཀྱིས་འཚལ་བའོ།། བཤགས་པ་ནི་ཡན་ལག་བཞི་ལྡན་གྱིས་བཤགས་ཏེ། དམིགས་པ་ཡུལ་གྱི་ཡན་ལག དལ་གསུམ་གྱི་ལྷ་ཚོགས་གསལ་གདབ། མདུན་གྱི་བར་སྣང་ལ་བླ་མ་བརྒྱུད་པ་དང་བཅས་པ་དང་ཡི་དམ་གྱི་ལྷ་ཚོགས་བོན་སྐྱོང་རྣམས་གསལ་གདབ་བོ། གུས་པ་ལུས་ཀྱི་ཡན་ལག སྨད་ལྔས་གུས་པས་ཕྱག་བཙལ། ཀུན་སློང་བསམ་པའི་ཡན་ལག སྔར་བྱས་པའི་སྡིག་པ་དང་མི་དགེ་བ་དང༌། གསང་སྔགས་ཀྱི་སྒོར་ཞུགས་ནས་དམ་ཚིག་དང་འགལ་བ་ཅི་བགྱིས་པ་ལ་འགྱོད་པ་བསྐྱེད་ཅིང་ཕྱིས་མི་བྱེད་པར་དམ་བཅའ་ལ་བཤགས་པའོ།། གདུང་བ་ངག་གི་ཡན་ལག་ལ། དབྱངས་སྙན་པ་དང་བཅས་ལ་ཀྱེ་ཞེས་བོས་ལ། སྔར་གྱི་ལྷ་ཚོགས་དེ་རྣམས་བདག་སྒྲུབ་པ་པོ་ལ་གཟིགས་ལ་ཐུགས་རྗེས་དགོངས་ཤིག སྒྲུབ་གཤེན་རང་རིག་པའི་ཡེ་ཤེས་ཁྱབ་གདལ་ཆེན་པོར་གནས་པ་ལ་མ་རྟོགས་པ་དེའི་དོན་དང་མ་ལྡན་པས་ཏེ། དེའི་རྒྱུ་མཚན་མ་རིག་ཅེས་པས་རྒྱུ་ལྷན་གཅིག་སྐྱེས་པའི་མ་རིག་པ་ལ་རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པས་བྱས་ཏེ། དེ་ཡང་སེམས་ཉིད་བདག་མེད་སྟོང་པ་ལ་བདག་འཛིན་གྱི་མ་རིག་པས་བདག་ཏུ་བཟུང་དེས་གཞན་འཛིན་སྐྱེས་ཏེ། ཀུན་བརྟགས་ཀྱི་དུག་ལྔ་རྒྱས་པ་སྟེ། མ་རིག་རྒྱུ་ལས་དུག་ལྔའི་རྐྱེན་དབང་གིས། འབྲས་བུ་ཁམས་གསུམ་འཁོར་བའི་གནས་སུ་སྨིན། ཞེས་གསུངས་སོ། དེས་ཕྱོགས་ཙམ་མ་རྟོགས་པས་མི་དགེ་བ་དང་ལུང་མ་བསྟན་ལ་སྤྱད་ལ་ལོག་པར་རྟོག་པས་བདག་རྟག་པ་གཅིག་བུ་ལ་སོགས་རྟག་ཆད་དུ་མངོན་པར་ཞེན་པ་དེ་དག་གིས་རྒྱུ་རྐྱེན་བྱས་ལ། བསྐལ་པ་ནི་བསྲེ་བསྣན་བྱས་པ་ནས་བཤགས་པ་བྱེད་པའི་དུས་ཚུན་ཆོད་གསུངས་པའམ། ཡང་ན་ཕྱྀ་འབྱུང་བའི་བསྐལ་པ་ཆགས་པ་དང༌། ནང་མ་རིག་པ་སྐྱེས་པ་ཚུན་ཆོད་ནས་བཤགས་པའི་དུས་ཡན་ཆོད་ཀྱི་བར་གྱི་ཉེས་པ་རྣམས་བཤགས་པ་དང༌། བྱེ་བྲག་ཏུ་སྔར་གསུངས་པ་ལྟར་ཡིན་ལ། ཡེ་ཤེས་ནི་སྤྱན་མིག་རྣམ་པར་དག་པས་ཤེས་བྱ་ཐམས་ཅད་མཁྱེན་པ་ཁྱེད་ཀྱི་བཀའ་དང་དམ་ཚིག་མནོས་ནས། ཐུགས་ཉིད་ནི་ཁྱེད་དང་བདག་གི་རིག་པ་སྐྱེ་མེད་སྤྲོས་བྲལ་ལམ་བྱམས་པ་ཆེན་པོ་ལ་སོགས་ལས་མི་འདའ་བར་འཁོར་འདས་སམ་བྱམས་སྡང་ལ་སོགས་དབྱེར་མེད་མཉམ་པ་ཉིད་དུ་གནས་པ་དེའི་དོན། དེ་རྒྱུད་ལ་བསྟེན་ཚུལ་ནི། རང་སེམས་ཏེ་དཔང་པོར་བཙུགས་ནས་ཉེས་པས་མ་གོས་པའམ་དོན་དམ་སྐྱེ་མེད་དང་ཀུན་རྫོབ་བདེན་སྟོང་གི་ཚུལ་དུ་དམ་ཚིག་ལ་གཙོ་བོ་བྱེད་ན། མ་རིག་ལ་སོགས་སྔར་གྱི་རྒྱུ་རྐྱེན་གྱིས་བློ་འཁྲུལ་ནས་དོན་དང་མ་ལྡན་ཏེ་བདེར་གཤེགས་བླ་མའི་བཀའ་དང་ཁས་བླངས་ཀྱི་དོན་དང་འགལ་བ་མི་འཆབ་པར་མཐོལ་ཞིང་བཤགས་པ་དང༌། འགལ་བའི་དོན་ནི་གཟུ་ལུམ་སྟེ་རང་བཟོ་དང༌། ར་ཆོད་སྟེ་ཕྱིན་ཅི་ལོག་དང༌། ཏོམ་ཆོལ་ཏེ་ཚོད་ཡོད་རྨོངས་པའི་བླུན་བཟོ་སྟེ་ཚོད་ཡོད་ཆས་སྤྱད་དུ་བྱས་པ་རྣམས་སྔར་གྱི་བཤགས་ཡུལ་རྣམས་ལ་བཟོད་པར་གསོལ་ཞིང་མི་འཆབ་པར་བཤགས་ཤིང་ཁྱེད་ཀྱི་ཡོན་ཏན་ལ་སྤྲོ་བའི་སེམས་སྐྱེས་སྐྱབས་སུ་གསོལ་བས་མཆི་ཞེས་བྱའོ། དུག་གསུམ་ནི་ལུས་ངག་ཡིད་གསུམ་མི་དགེ་བའམ་ཞེ་སྡང་འདོད་ཆགས་གཏི་མུག་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོར་ཡེ་ནས་གནས་པས་ཅི་མཛད་ཡེ་ཤེས་ཀྱི་རོལ་པ་ལ་མ་རྟོགས་སྟེ་རེ་འགའ་དགེ་བ་མི་དགེ་བར་སྤྱད་དེ་ཆན་དང་རྡོ་བསྲེས་པ་བཞིན་འགྱུར་ཏེ་འཁོར་བ་བསྐྱེད་པའི་རྒྱུ་བྱས་པ་དེ། སྒོ་གསུམ་སྐུ་གསུང་ཐུགས་སུ་ཡེ་ནས་གནས་པའི་གཙོ་བོ་གསུམ་དང་འགལ་བ་དེ་བཤགས་པ་དང༌། དུག་ལྔ་ཉིད་ཡེ་ཤེས་ཀྱི་ངོ་བོར་གྲོལ་བ་ཡིན་པ་ལ་དེ་སྤངས་ནས་ཡེ་ཤེས་གཞན་ནས་ཚོལ་བར་འདོད་པས་འབད་རྩོལ་གྱི་བྱ་བྱེད་དུ་གྱུར་ནས་འཁོར་བ་བསྐྱེད་པའི་ས་བོན་བཏབ་ལ༌། དེའི་རྒྱུ་མཚན་ནི་རྩོལ་བྲལ་ཆེན་པོའི་དོན་རྟོགས་དགོས་པ་ལ། རྩོལ་བཅས་ཀྱིས་རྩོལ་བྲལ་མི་རྙེད་པས་ཁྲོ་ཚོགས་ཡེ་ཤེས་ཆེན་པོའི་ཐུགས་དང་འགལ་བ་དང༌། འབྱུང་བཞི་ཡུམ་གྱི་ཀློང་སྐྱེ་མེད་སྤྲོས་བྲལ་ལ། མ་རྟོགས་པས་བདེན་པར་བཟུང་སྟེ་སྒྱུ་ལུས་ཀྱི་བཙའ་རྫི་ལ་སོགས་ལ་རྟག་པར་བཟུང་ཞིང་མངོན་པར་ཞེན་པས་འབྱུང་བཞི་རང་གྲོལ་ཡུམ་གྱི་ཀློང་དུ་འགལ་བ་དང༌། རྣམ་ཤེས་ཀྱི་གསལ་ཆ་ཡེ་ཤེས་ལ་ཡུལ་དབྱིངས་སྟོང་པ་གཉིས་དབྱིངས་ཤེས་དབྱེར་མེད་དུ་རོལ་པ་ལ་མ་རྟོགས་ཏེ་ཤེས་པས་གཟུགས་ལ་སོགས་ཡུལ་ལ་བདག་ཏུ་བཟུང་པས་དབྱིངས་ཤེས་དབྱེ་རུ་མེད་པའི་ཡུམ་བརྒྱད་ཀྱི་ཐུགས་དང་འགལ་བ་དང༌། སྣང་སྲིད་ན་ཐམས་ཅད་སེམས་རང་འབྱུང་ཡེ་ཤེས་ཀྱི་རོལ་པར་འཁོར་ལོ་བསྒྱུར་བ་ལ། མ་རྟོགས་པས་དབྱར་དཔྱིད་ལ་སོགས་དུས་ལ་བདེན་པར་བཟུང་བས་དུས་རྟག་ཏུ་སེམས་ཉིད་ཉག་ཅིག་ཏུ་རྟོགས་པའི་རྒྱལ་མོ་བཞི་དང་འགལ་བ་དང༌། དབལ་མོ་ཉེར་བདུན་དང་གྱད་རྒྱལ་པོ་དང༌། གཙང་རིགས་ཏེ་འཇིག་རྟེན་དཔལ་མགོན་དང༌། གནོད་སྦྱིན་ཏེ་བཀའ་དང་དམ་ལ་བཏགས་པ་དང༌། མ་བཅོས་ཞལ་འཆེས་ཀྱི་སྲུང་མ་མཐུ་རྩལ་ཅན་རྣམས། ཁྱོད་ཀྱིས་ནི་སྔོན་དབལ་ཆེན་པོའི་སྤྱན་སྔར་ཁས་བླངས་དམ་དུ་བཅས་པ་དང༌། སྒྲུབ་གཤེན་གྱིས་བརྟེན་ཅིང་མཆོད་པར་ཁས་བླངས་པ་ལ། མ་ལྕོགས་ཏེ་མཆོད་པ་ལོ་ཟླར་འདས་པ་ལ་སོགས་པ་རྣམས་དམ་ཚིག་དང་ལྡན་པ་ཁྱེད་རྣམས་ལ་མཐོལ་ཞིང་བཤགས་ལ། དེའི་ཡོན་ཏན་གྱིས་ཉེས་པའི་སྐྱོན་དང་བྲལ་ནས་སྐུ་དང་ཡེ་ཤེས་དངོས་གྲུབ་སྩོལ་དུ་གསོལ། ཞེས་བྱའོ། སད་དོ་སྐུ་ཡི་ལྷ་ལ། རྐོ་ཕུང་ཨུ་དུག་ལུས་ཀྱི་སྒྲིབ་པ༌། གཤའ་ཡ་ནི་བཤགས་པས་བྱང་བར་གྱུར་ཅིག་ཅེས་པ་དང༌། །ཨག་ཤོ་ཨུ་དུག་ནི་ངག་གི་སྒྲིབ་པ་དང༌། ཁྲི་སེག་ཨུ་དུག་ནི་ཡིད་ཀྱི་སྒྲིབ་པ་དག་ཅིང་ཚངས་པར་གྱུར་ཅིག་པའོ། ནང་མཚམས་བཅད་པ་ལ། འདི་ལྟར་སྣང་བ་ཐམས་ཅད་དོན་དམ་པར་སྐྱེ་མེད་སྟོང་པ་ཉིད་དང༌། ཀུན་རྫོབ་ཏུ་ལྷ་དང་གཞལ་ཡས་ཀྱི་རོལ་པར་འགྱུར་བར་བསམ་ལ། གཡུང་དྲུང་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་བཅས་ལ་དལ་ལ་བསྐོར་བ་བྱ་ཞིང་བཅད་དེ། མཁའ་ནི་སེམས་ཉིད་ཀྱི་གསལ་ཆ་དང་ཀློང་སྟོང་ཆ་གཉིས་དབྱེར་མེད་པའི་ངང་དེའི་དབྱིངས་སྐྱེ་བ་མེད་པ་ཡིན་ལ་དེ་ལས་གཞན་སྣང་སྤྲུལ་པ་འགག་མེད་དུ་ཤར་བ་ནི། སྟོང་གསུམ་སྟེ་གཞལ་ཡས་སུ་གསལ་ལ་ནང་བཅུད་ལྷ་རུ་སྣང་བ་སྟེ་དེའི་ཕྱིར་བགེགས་མེད་པའི་རྒྱུ་མཚན་ནི་ཕྱི་ནང་གི་རང་བཞིན་སྐྱེ་མེད་སྟོང་པ་བོན་དབྱིངས་ལ་གསལ་ཆ་ཕུང་པོ་ལྔ་རིགས་ལྔ་འབྱུང་བ་ཡུམ་ལྔ་ཚོགས་བརྒྱད་རིག་པའི་ལྷ་རྟོག་ཚོགས་ལས་དང་སྤྲུལ་པར་གནས་པས་སོ། དེ་ལྟར་ན་མཚམས་དོན་མེད་དོ་སྙམ་ན་མེད་ན་ཡང་བྱ་སྟེ་རྟོག་ཡིད་ཅེས་པ་མ་རིག་པའི་རྟོག་དང་འཁྲུལ་པའི་ཡིད་ཀྱི་གཟུང་འཛིན་གྱི་རྣམ་རྟོག་དང་བགེགས་སུ་བཟུང་པས་ན་བློ་བྱུང་ཞེས་བྱ། དེའི་ཕྱིར་མཆོད་པ་ལ་རློམ་པ་དང་དེར་འཛིན་པའི་རྟོག་པ་རྣམས་རྡུལ་ཕྲན་ཙམ་དུ་མི་གནས་པར་སྐྱེ་མེད་ཀྱི་དབྱིངས་སུ་བསྒྲལ་ལ་བརླག་པར་བྱའོ་ཞེས་བྱ། ཀུ་ཏྲ་འདྲེ༌། གྲན་དགྲ་སྟེ་དགྲ་བགེགས་སུ་འཛིན་པའི་རྟོག་པ་དེ་དག་ཐོ་ཡེ་སྟེ་གཉེན་པོས་ཟིལ་གྱིས་གནོན་པ་དང༌། ཧྲིག་གོ་ནི་དེ་དག་གི་རྒྱུད་འཇོམས་ལ་ཤག་སོགས་སྔར་བཞིན་ནོ།།

སྨན་མཆོད་ལ་གཡུ་འབྲང་ནི་སྔོན་གཡུ་ལུང་ཤེལ་ཕུག་ཏུ་བསྒྲུབས་པའི་དངོས་གྲུབ༌། བདུད་རྩི་ནི་བདུད་ལྔ་བཅོམས་ནས་རྟོགས་པའི་ཡེ་ཤེས་བསྐྱེད་པས་རྩི་རུ་གྲུབ་པ་སྟེ། ཐབས་གཞན་ལས་ཁྱད་པར་དུ་འཕགས་ཤིང་སྐུ་དང་ཡེ་ཤེས་སུ་འབར་ཞིང་གསོ་བར་བྱེད་པས་སྨན་དང༌། ཡེ་ཤེས་ནི་སྟོང་ཉིད་ལ་སོགས་ལྔ་རྫོགས་པས་དུག་ལྔ་རང་གྲོལ་དུ་འཇོམས་པས་བདུད་ལ། དེས་ན་ཡུལ་ཤེས་གཟུང་འཛིན་གྱི་རྟོག་པ་གྲོལ་བས་རྣམ་པར་དག་ལ་དེ་རྣམ་ཤེས་ལྷ་རུ་གྲོལ་བའི་ཐུགས་དམ་སྐོང་བས་རྩི་སྟེ། །ཕྱག་རྒྱ་ནི་གར་སྟབས་ཀྱིས་བླང་ཅིང་སྲིན་འཐེབ་ཀྱིས་གཏོར་བ་སྟེ། སྲིན་འཐེབ་ལ་སྨན་གྱི་རྒྱུན་རྩ་ཡོད་པས་སྨན་བྱིན་ཕེབས་པའི་དགོས་པ་ཡོད་ལ། མཁའ་གསལ་ཆ་ཡབ་དབྱིངས་སྟོང་ཆ་ཡུམ་གྱི་ལྷ་རྣམས་མཉེས་པས་ཐུགས་དམ་བསྐུལ་ནས་དབྱིངས་སྐྱེ་མེད་ལ་ཡེ་ཤེས་འགག་མེད་ཀྱི་ཐུགས་རྗེ་ཤར་ནས་སྒྲུབ་པ་པོ་ལ་བྱིན་ཕོབ་ཅིག་ཅེས་བྱ། བཱ་བ་དེ་ན་རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་ར་ས་ཡ་ན་ན་གསོ་ཤི་སློང་གི་ནུས་པ་དང་ལྡན་པ་སྟེ་སྐུ་གསུང་ཐུགས་ཀྱི་གནས་སུ་ཐིམ་པས་ན་བསྭོ་ཐཱ་ཞེས་བྱའོ། དབལ་གསས་ལ་སོགས་བཤད་ཟིན་ལ་གཡུ་འབྲང་ནི་སྔར་གྱི་སྨན་དེ་ཕུལ་བས་ལྷ་ཚོགས་མཉེས་པའི་མཆོག་ཏུ་གྱུར་ནས་དེའི་ཡོན་ཏན་གྱིས་དལ་ཁོམ་ཕུན་ཚོགས་ཚེ་ཡི་དང༌། དབང་ནི་སྟོབས་ཕུན་ཚོགས་ལུས་དང༌། ཡོ་བྱད་ཕུན་ཚོགས་བུ་ནོར་དང༌། བྱིན་བརླབས་ཕུན་ཚོགས་ནུས་པ་དང་གསུམ་བསྡུས་ལ། མཐུ་ནི་རྫུ་འཕྲུལ་ཕུན་ཚོགས་མཐུ་རྩལ་སྟེ་མཆོག་ནི་དེ་དག་གི་ཤུགས་ལ་སྟོན་པས་བདག་སྒྲུབ་པ་པོ་ལ་སྩལ་དུ་གསོལ་ཞེས་བྱ། དང་ར་ནི་བདུད་རྩིའི་རྒྱ་མཚོ། སད་དོ་ཁ་ཐུན་གནས་སུ་ཐིམ་པའོ། མི་བཟད་ལ་སོགས་སྔར་བཞིན་ལ་རྣམ་ཤེས་ནི་ཤེས་པ་བརྒྱད་ལ་ཡུལ་བརྒྱད་ཀྱི་མཆོད་པ་འབུལ་༼ཕུལ༽བས་དགྱེས་པའི་ཁྲོ་མོ་དང༌། ཐུགས་ཉིད་ནི་ཐུགས་ཞི་བ་ལས་ཁྲོ་བོར་བཅོས་པའི་རིགས་དང༌། རིག་པ་སྤྲུལ་པ་གྲངས་མེད་དང་བཅས་པ་དང༌། བཀའ་ཉན་ཏེ་དེ་ཡི་འཁོར་དམ་ལ་བརྒྱ་༼བཏགས༽པའི་ལྷ་དང་སྲུང་མ་གྲངས་མེད་པ་དག་གོ དངོས་གྲུབ་བླང་པ་ནི་སྨན་ཞལ་ཕྱག་ཏུ་བཞེས་ལ་ཐིག་ལེ་གསུམ་དུ་བསམ་ལ་དབལ་གསས་སྐུ་འགྱུར་མེད་ཀྱི་ལྷ་དེའི་དངོས་གྲུབ་ཏུ་ཁྲོ་གཏུམ་རྔམ་བརྗིད་ཀྱིས་གཞན་སྣང་ཟིལ་གྱིས་གནོན་པའི་དངོས་གྲུབ་བདག་ལ་གསོལ་ཅིག་པ་ལ། བསྭོ་མུ་ཁྱུང་སྐུ་ལ། པྲ་ཕུད་འགྱུར་མེད་སྟེ། ཏྲང་འདུ་དངོས་གྲུབ་བསྡུས་པ་སྟེ་ཞེས་བྱ་ལ་ཐིག་ལེ་དཀར་པོ་བླངས་སྟེ་སྤྱི་བོར་བཞག་པས་འགྱུར་མེད་སྐུ་དང་ལྡན་པར་བསམ། འབྲུག་ལྟར་ནི་རང་བཞིན་མེད་པའི་གསུང་གྲགས་སྟོང་དབྱེར་མེད་དུ་ཐོབ་པ་དང༌། ཆ་ལ་མུ་ནེ་གསུང་གླང་ཆེན་རང་བཞིན་མེད་པ་སྟེ་ཅེས་བྱ་ལ། ཐིག་ལེ་དམར་པོ་བླངས་ཏེ་ལྕེ་སྟེང་དུ་བཞག་པས་འགག་མེད་གསུང་དང་ལྡན་པར་བསམ། སྟོང་ཞིང་སྟེ་འཁྲུལ་རྟོག་ཟིལ་གྱིས་གནོན་པ་སྤྲོས་མེད་ཀྱི་ཐུགས་དང༌། ཧ་ལ་མུ་ཡེ་དབྱིངས་ཉིད་རྣམ་པར་དག་པ་ལ། ཤེ་ཐུན་ཐུགས་སྟེ་སྣུམ་ལ་འདྲིལ་བ་བླངས་ལ་ཐུགས་ཁར་བཞག་པས་འཁྲུལ་མེད་ཐུགས་དང་ལྡན་པར་བསམ་མོ།།

སྐབས་འདིར་དབལ་གཏོར་དང་ཏིང་མུར་གསང་ཐུས་ལྟར་ཕུལ་ཀྱང་མི་འགལ་ལོ། རྣམ་བརྒྱད་དབུལ་བ་ལ་ཤར་ནི་དཀྱིལ་འཁོར་གསུམ་གྱི་ཤར་ཕྱོགས་སུ་བཞུགས་ནས་མཆོད་པ་འབུལ་པའི་ལྷ་མོ་ནི། ལི་ཤག་སྟེ་གཟུགས་རང་སར་གྲོལ་བའི་དབྱིངས་གཞན་སྣང་ལྷ་མོར་བྱོན་པའི་གཟུགས་ཀྱི་ལྷ་མོ་ལ། འཕྲུལ་གྱི་མེ་ལོང་ནི་གཟུགས་ཀྱི་གཟུང་འཛིན་གྲོལ་བའི་མཆོད་པ་སྣང་ལ་རང་བཞིན་མེད་པ་དེ་སྤྱན་ལ་འབུལ་བས་ན་སྤྱན་ཞེས་བྱ། དེ་བཞིན་དུ་བྱང་ནས་ཁ་ཤག་སྟེ་སྒྲ་གྲོལ་བའི་དབྱིངས་སྒྲ་ཡི་ལྷ་མོར་བྱོན་པ་དང་གསེར་གྱི་ཁྱུད་འཁོར་སྒྲ་ཡི་གཟུང་འཛིན་གྲོལ་བའི་མཆོད་པ་འཛིན་མེད་ཡེ་ཤེས་ཀྱི་སྙན་ལ་འབུལ་བ་དང༌། ལྒ྄ཡུམ་ཤག་དྲི་སྟེ་འཛིན་མེད་ཀྱི་ཤངས་ལ་དང༌། རེ་ཤག་རོ་སྟེ་གྲོལ་བའི་ལྗགས་ལ་དང༌། ཚུ་ཤག་རེག་སྟེ་འགྱུར་མེད་ཀྱི་སྐུ་ལ་དང༌། རྒྱ་ཤག་མིང་སྟེ་འགག་མེད་ཀྱི་གསུང་ལ་དང༌། རྐྱེལ་ཤག་བོན་ཏེ་ཐོག་མེད་ཀྱི་ཡིད་དང༌། །ཤེ་ཤག་གཏེར་ཏེ་རྣམ་པར་དག་པའི་ཐུགས་ལ་འབུལ་བ་དང༌། དེ་དག་གི་ཕྱག་མཚན་ནི་མར་མེ་སོགས་རིམ་པ་བཞིན་དུ་བསྣམས་ནས་གླུ་དང་དབྱངས་སོགས་མཛད་ཚུལ་དུ་མར་བསྒྱུར་ཞིང་རེ་རེ་ལས་ཀྱང་བྱེ་བ་ས་ཡ་གྲངས་མེད་དུ་སྤྲུལ་ནས་ལྷ་ཡི་དམིགས་སུ་འབུལ་བའོ། ཟུར་ནམ་དབང་པོ། དེ་ཤོ་སྤྱོད་ཡུལ་ཧ་ར་སད་ཧ་ནི་ཡེ་ཤེས་ལྷ་ཡི་དམིགས་སུ་ཐིམ་པ་དོད་༼དང་༽ བྱེ་བྲག་ཏུ་ནེ་ཏིང་ཕྱོད་ལམ་མར་མེ་སྟེ་དམིགས་སུ་ཐིམ་ཞིང་སྐྱེ་མེད་དུ་གྲོལ་བས་ཨ་ཞེས་བྱ་ལ། ཨིན་ཏིང་སྒྲ། ཤིམ་ཕོད་སྤོས། དུ་སམ་བོང་ངེ་ཞལ་ཟས། དུ་མུན་ཤི་ཤོན་ན་བཟའ། ཨག་ཤོ་ནེ་ར་མེ་ཏོག ད་དོད་གྱེར་ཞི་གར་དང་བོན། རདཎ་དྲུང་མུ་རིན་ཆེན་གཏེར་གྱི་མཆོད་པའོ། འཕྲོ་འདུ་གསང་སྒྲུབ་ལ་འཛབ་དགོངས་ནི་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་གསལ་བཏབ་ལ་འཕྲོ་འདུ་བཞིའི་སྐབས་སྦྱར་ཏེ། ཞི་བའམ་སྒྲིབ་སྦྱོང་གི་དུས་སུ་འོད་ཟེར་གྱི་འཕྲོ་འདུ་ལུ་གུ་རྒྱུད་དུ་བསྐོར་བས་བདག་དང་སེམས་ཅན་གྱི་བག་ཆགས་སྦྱོང་བ་དང༌། རྒྱས་པའི་དུས་སུ་ཉི་ཟེར་གཟིངས་པའམ་བ་ཐག་ལྟ་བུར་སྤྲོས་པས། ཚེ་བསོད་ནམས་རྒྱས་པའམ་བག་ཆགས་སྒྲིབ་པ་སྦྱོང་བ་དང༌། དབང་གི་དུས་སུ་ཐུགས་རྗེ་ཉག་ཐག་ལྟ་བུ་ཐིག་ལེ་གསུམ་གྱི་འཕྲོ་འདུས་བྱིན་རླབས་དངོས་གྲུབ་སྡུད་པ་དང༌། དྲག་པོའི་དུས་སུ་གནམ་ལྕགས་ཞུན་མ་ལྟ་བུ་མགར་གྱི་ཚ་ཚའམ་འགལ་མེ་ཀླད་ལ་བསྐོར་བ་ལྟ་བུ་ཕྱི་ནང་གསང་བའི་དགྲ་བགེགས་བསྲེག་པའི་འཕྲོ་འདུ་བགྲང་པ་སྟེ་སྐབས་དང་སྦྱར་བ་དང། །ཉམས་ལེན་རྒྱུན་པའི་དུས་སུ་བདག་ཉིད་གཙོ་བོའི་ཐུགས་ཀར་ཉི་ཟླའི་གདན་ལ་གཙོ་བོའི་སྐུ་གསལ་གདབ། །དེ་ཡི་ཐུགས་ཀར་ཉི་ཟླའི་དབུས་སུ་ཨ་མའི་མཐའ་མར་ཡིག་འབྲུས་བསྐོར་བ་ལ་འོད་ཟེར་སྤྲོས་པས་ཡར་འཕྲོས་བདེར་གཤེགས་ཐུགས་དམ་བསྐུལ་དབང་དང་བྱིན་རླབས་ཕབ། ཕར་སྤྲོས་སེམས་ཅན་སྒྲིབ་པ་སྦྱངས་ལྷ་དང་གཞལ་ཡས་སུ་བསྒྱུར། ཚུར་བསྡུས་མཆོག་དང་ཐུན་མོང་དངོས་གྲུབ་འདུས་པར་བསམ་ལ་འཛབ་བགྲང་སྟེ། དེ་ཡང་བསྭོ་ཨཱོཾ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ནི། སྐུ་གསུམ་ཐུགས་རྗེ་བྱུང་ཁུངས་ཀྱི་སྙིང་པོ་ཡིན།  ཐད་དོ་ནི་དྲག་པོ་སྒྲོལ་བྱེད་ཀྱི་སྙིང་པོ་ལ། ཐུན་ནི་དེ་དག་གཉིས་སུ་མེད་དོ། ཨ་ནི་གཙོ་བོ་གསུམ་རུ་བཞི་ཁྲོ་བོའི་སྙིང་པོ་ལ་མ་ནི་ཡུམ་གསུམ་འབྱུང་བ་ཡུམ་བཞིའི་སྙིང་པོ་ལ། མ་འོག་མ་གཟེ་མ་དང༌། ཧ་ནི་རིག་པ་ཡབ་དང་སྤྲུལ་པའི་ཡབ་དང༌། །གྱད་རྒྱལ་པོའི་སྙིང་པོ་ཡིན་ལ། ལ་ནི་རྒྱལ་པོའམ་ཁྲོ་རྒྱལ་གྲངས་མེད་ལ། །རམ་ནི་རིག་པ་ཡུམ་ལ་ཛ་ནི་རྒྱལ་མོ་བཞི་དང་གྱད་མོ་ལ། བྷ྄ཡོ་ནི་བྱིན་ཏེ་དང་བྷ྄ཡོ་འོག་མ་ནི་ལས་ལ་བསྐུལ་ཞིང་གཞེན་འདེབས་པ་དང༌། །ཕྱི་ནང་གསང་གསུམ་གྱི་དགྲ་བགེགས་འཁྲུག་ཅིང་བརླག་པར་བྱེད་པའི་སྙིང་པོ་སྟེ་འབུམ་བསྙེན་དུ་བྱས་ལ་བསྟོད་དེ། བསྭོ་བསྐལ་པ་ལ་སོགས་བཤད་ཟིན་ལ། སྙིང་པོ་ནི་འོད་ཟེར་གྱི་འཕྲོ་འདུ་དེ་དག་ལྷ་ལ་ཕུལ་བས་དབྱིངས་ཤེས་སམ་ཐབས་ཤེས་དབྱེར་མེད་ཀྱི་བརྡར་རོལ་པ་མཛད་པས། གཞན་སྣང་དུ་སྣང་སྲིད་ཐམས་ཅད་ལྷ་ཡི་སྐུར་འགྱུར་ཞིང་དེ་ཡི་ཡོན་ཏན་གྱིས་ཕར་འཕྲོས་པས་སྣང་གྲགས་ལྷ་དང་གཞལ་ཡས་སུ་གྱུར། ཚུར་བསྡུས་པས་ལྷ་མཆོག་སྟེ་བདག་གཙོ་བོ་ལ་ཐིམ་སྟེ་བདག་ཀྱང་དབྱེ་རུ་མེད་པས་བོན་གྱི་སྐུ་རུ་ཐིམ་པས་བོན་གྱི་སྐུ་གྲུབ་པས་ན་སྐུ་ལ་སྐུ་ཐིམ་ཞེས་སྐུ་མདོག་ནི་དེ་ལྟར་བསྒྲུབས་པས་བདག་སྒྲུབ་པ་པོ་ལ་ཀུན་རྫོབ་ཏུ་དབལ་གསས་ཀྱི་སྐུ་རུ་གྲུབ་ཅིང་དོན་དམ་པར་སེམས་ཉིད་བོན་སྐུར་ལྷུན་གྱིས་གྲུབ་པར་སྒྲུབ་པའི་དུས་འདི་ཉིད་དུ་སྟོན་ཅེས་བྱ། དེའི་དྲིན་ལན་དུ་ཕྱག་འཚལ་ཞིང་བསྟོད་པའོ།། དེ་བཞིན་བསྭོ་ལ་སོགས་སྔར་བཞིན་ལ། ཧེ་རགྵ་ནི། དབལ་གསས་ཀྱི་གསུང་དགྱེས་པ་ཆེན་པོས་སྲིན་པོ་དང་ཉོན་མོངས་པ་མ་རུང་པ་དང། གེ་དུ་སྟེ་བདུད་ལ་སོགས་པ་དང་གྲན་གནོད་བྱེད་ཀྱི་དགྲ་བགེགས་གདུལ་ཞིང་སྒྲོལ་བ་སྟེ་འཛབ་བསྟོད་སྔར་བཞིན་ནོ། ཧ་ལ་རཾ་ནི་རིག་པ་ཡབ་ཡུམ་དང༌། ཆ་ལོག་རྟོག་སྐྲག་པར་བྱེད་ལ་འདར་ཤ་གྱེ་ཐུན་ནི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བདུད་དང་ལོག་འདྲེན་འདུལ་བ་ལ། ཨ་མ་ཛ་བཤད་ཟིན་ལ། སད་ཐུན་ལྷ་ཡི་ཐུགས་ལ་ཐུན་མཆོད་པ་གནས་སུ་བསྟིམ་པ་སྟེ་འཛབ་བསྟོད་སྔར་བཞིན་ནོ། མུ་ཡེ་ཧ་ར་ནི་དབྱིངས་ཡེ་ཤེས་ཏེ། །སད་དོ་ལྷ་ཡི་ཐུགས་བསྟོད་པ་སྔར་ལྟར་དང༌། །མ་མ་ཛ་ནི་སྲིད་རྒྱལ་ཉིད་དང༌། །མུ་ཡེ་གཟེ་མ་རཾ་ཐུན་གྱད་མོ། ཨ་དཀར་མུ་ཡེ་བྱིན་ཏེ་ཤག་ལ་སོགས་ལས་མཁན་སྤྱི་ལ། ཐུགས་རྗེ་ནི་གཙོ་བོ་ཆེན་པོའི་ཐུགས་རྗེར་ཤེས་བྱ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་དབང་བསྒྱུར་བའི་གསར་ཏེ་དལ་གསུམ་གྱི་སྣམ་བུ་ལ། ཉིད་ནི་གཙོ་བོའམ་ཡུམ་ཆེན་མོ་ཉིད་ལ་སྤྲུལ་པ་གྲངས་མེད་པ་སྟེ་བསྡུས་ན་དབལ་མོ་གྱད་རྒྱལ་པོ་ལ། སྙིང་པོའི་འཕྲོ་འདུས་བསྐུལ་བས་འཕྲིན་ལས་རྣམ་བཞི་གང་ལ་བརྩམ་པའི་ལས་དེ་འགྲུབ་པར་མཛོད་ཅེས་བྱའོ།།

ཕྱག་རྒྱ་སྐུ་བསྟོད་ལ། བསྭོ་ཨཱོཾ་ལ་སོགས་བཤད་ཟིན་ལ། ཕྱག་རྒྱ་གར་སྟབས་སུ་བསྒྱུར་ཞིང་སྣོད་བཅུད་ལྷ་ཚོགས་ཀྱི་རོལ་པར་བསམ་ལ་བསྟོད་དེ། མི་གཡོ་ནི་སྤྲོས་པའི་མཚན་མར་མི་གཡོ་ལ་འགལ་རྐྱེན་གྱིས་གཞིག་ཏུ་མེད་པའི་བོན་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་དོག་པ་མེད་པའི་ཀློང་ན། མཚན་མའི་གདོས་པ་མེད་པས་ཕྱི་ནང་མེད་ལ་ཐུགས་རྗེ་ཏིང་འཛིན་ལ་སྤྲུལ་པས་ཆོ་འཕྲུལ་དང༌། དེ་ཡང་སྣ་ཚོགས་ཐོད་པའི་རྨིང་གཞི་མེ་རི་ཁྲག་མཚོའི་བར་འཁྱམས་དང༌། ཀློང་ལྔའི་དྲྭ་རྩིགས་སྟག་གཡག་འབྲུག་ཁྱུང་གི་ཡ་གད་ལ་ཁྱུང་གུར་ཁྱུང་མགོ་ཏོག་དང་ལྡན་པས་རྒྱས་ ཞེས་བྱ། སྒོ་ལ་ཕྱག་མཚན་བཞི་ནི་སྐྱེ་རྒས་ན་འཆི་བཞིའི་རྒྱུན་གཅོད་པའི་བརྡའ། དེ་ལྟ་བུའི་གཞལ་ཡས་ལ་འདུད་ཅིང་སྒྲོ་སྐུར་མེད་པར་བསྟོད་པ་དང༌། ཉི་ཟླ་ལ་སོགས་ཀྱི་གདན་གོང་དུ་བཤད་པ་དག་ལ་དེའི་ཐུགས་རྗེའི་སྟོབས་ཀྱིས་ཉོན་མོངས་པ་འདུལ་བ་དང༌། མཐིང་ནག་ནི་བོན་ཉིད་སྤྲོས་པར་མི་འགྱུར་བ་ལ། ཐེག་པ་དགུ་ཡི་བརྡའ་སྟོན་པས་དབུ་དགུ་ལ། བསྭོ་ཆ་ཧ་ནི་དུག་གསུམ་སྐུ་གསུམ་ཐུགས་སུ་བསྒྱུར་བ་དང༌། སྟོང་ཞིང་ནི་གནས་ལུགས་སྤྲོས་མེད་དུ་གནས་པ་དང༌། །འཇིགས་པ་ནི་ཁྱུང་ལ་སོགས་དགུས་སྡེ་བརྒྱད་ལས་ལ་བསྐོ་བས་ལྷ་སྲིན་འདུལ་བ་དང༌། བག་ཆགས་སྒྲིབ་པ་བསྲེག་པས་བ་སྤུ་དང༌། ཀླུ་བདུད་ལ་སོགས་གདུག་པ་འཇོམས་པས་རིགས་བཞི་དང༌། ཉོན་མོངས་བདུད་དཔུང་འདུལ་བས་ཕྱག་མཚན་དང༌། ལྷ་ལ་སོགས་པའི་ཉམས་སོད་དང་བར་ཆོད་སྐྲག་པས་སྤྱན་བཟློག་པ་ལ་སོགས་དང༌། ཐབས་ཤེས་དབྱེ་རུ་མེད་པས་ཡུམ་དང༌། སྐུ་ལ་སོགས་པའི་ལྔ་ལས་གདུལ་བྱ་གདུལ་བའི་སྤྲུལ་པར་གྲངས་མེད་དུ་བྱུང་བས་ན་སྤྲུལ་པའི་ཚོགས་ཞེས་བྱ། སྟོང་གཅིག་པ། བར་མ། མཐར་ཐུག་གསུམ་དང༌། འདོད་གཟུགས་གཟུགས་མེད་གསུམ་དང༌། སྔ་ཕྱི་ད་ལྟ་གསུམ་དང༌། སྟེང་འོག་བར་གསུམ་མམ་བྱ་སྦྲུལ་ཕག་གསུམ་གྱི་སྲིད་པ་རྣམས། དོན་དམ་པར་སྐྱེ་མེད་དང་ཀུན་རྫོབ་ཏུ་ཐུགས་རྗེ་རོལ་པའི་སྤྲུལ་པ་གྲངས་མེད་པའི་ཕྱག་རྒྱར་ལྡན་པ་སྟེ། །ཅི་ལྟར་བསྒྱུར་ཅིང་གང་ལ་འབུལ་ན་གཡས་སུ་ཡེ་ཤེས་ཏེ་གསལ་ཆ་ཡབ་དང༌། གཡོན་དུ་དབྱིངས་ཏེ་སྟོང་ཆ་ཡུམ་དང༌། ཐུགས་ཀར་དབྱེར་མེད་ཀྱི་བོན་སྐུ་སྟེ། དེ་ལྟར་རྟོགས་པའི་དུས་ན་སྟོང་གསུམ་གྱི་འཛིན་པ་ནམ་མཁར་རྟོགས་པས་ན་བཞེས་ཞེས་བྱ་ལ། འོག་མ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ།།

ཕོ་ཉ་དགྱེ་བ་ལ་དེ་ནས་ནི་སྐུ་བསྟོད་ཚར་བའི་རྗེས་སུ་སྐབས་སུ་བབ་པ་སྟེ། ཐུགས་དམ་བསྐུལ་བའི་ཕྱིར་ཕུད་རྒོད་དང༌། ཉོན་མོངས་རྩད་ནས་གཅོད་ཅིང་མ་ཚོགས་ལས་མངག་པའི་ཕྱིར་ཁྲག་དང༌། དྲག་པོའི་ལས་ལ་མངག་པའི་ཕྱིར་འབན་བཤོས་དང༌། ཐུགས་མ་གཡེལ་ཅིང་མི་འགྱུར་བས་གཡུང་དྲུང་བྲིས་པ་བཤམ། གཤེན་པོ་རྣམས་ཚིག་དགོངས་ཟུང་འཇུག་ཏུ་མི་ཡེངས་པར་བྱས་ལ་དགྲ་བགེགས་ལ་སོགས་ལ་དམིགས་ལ། རྔ་གཤང་གི་སྒྲ་བྱུང་༼ཕྱུང༽ཞིང་དྲག་ཏུ་བསྐྱེད་ན་འདི་སྐད་དོ། ཅེས་བྱའོ། བསྭོ་དགུང་སྔོན་ནི་ལྷོ་བཻ་དུར་འོད་ཀྱི་ནམ་མཁའ་འདི་མཚོན་པའི་འཁོར་བའི་ནམ་མཁའ་སྟེ། ཡང་མ་ཡེ་ཤེས་སྤྲོས་མེད་བོན་ཉིད་ཀྱི་ནམ་མཁའ་སྟེ་ཡང་སྟེང་ན་ཅེས་བྱ། བཞི་བཅུ་རྩ་ལྔ་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ནི། འདོད་པའི་ས་རིགས་དྲུག གཟུགས་ཁམས་གནས་རིས་བཅུ་བདུན། གཟུགས་མེད་སྐྱེ་མཆེད་མུ་བཞི། མོས་སྤྱོད་བཞི། གཡུང་དྲུང་གི་ས་བཅུ་གཅིག་ཀུན་ཏུ་འོད། བཅུ་གཉིས་བདེ་བ་ཆེན་པོ། བཅུ་གསུམ་ཡི་གེ་འཁོར་ལོ་རྫོགས་ཆེན་དང་ཞེ་ལྔ་འདས་པའི་སྣང་མེད་བོན་ཉིད་ཀྱི་ས་དང༌། གཉིས་པ་ནི། ཐེག་པ་ཞེས་པས་ཐེག་པ་དགུའི་རེ་རེ་ལ་ཡང་ལྟ་སྤྱོད་སྒོམ་པ་དམ་ཚིག་འཕྲིན་ལས་ལྔ་ལྔ་འདས་པའི་ཁྱད་པར་བླ་མེད་ཀྱི་འབྲས་བུའི་ས་དང༌། གསུམ་པ་ནི། ཕུང་པོ་ལྔ་འབྱུང་བ་ལྔ་ཡི་རྟོག་པ་སྟེ་བཅུ་དང༌། ཡུལ་དང་ཡུལ་ཅན་གྱི་རྟོག་པ་བཅུ་དྲུག་དང༌། དབང་པོ་དྲུག་གམ་གནས་དྲུག་དུས་བཞིའི་རྟོག་པ་སྟེ་བཅུ་དང༌། ལུས་ངག་ཡིད་གསུམ་རྩ་ཡན་ལག་ཏུ་རྟོག་པ་བཞི་དང༌། ཡིད་དང་སེམས་སུ་རྟོག་པ་གཉིས་ཏེ་ཞེ་ལྔ་འདས་པའི་སེམས་ཉིད་དབྱིངས་ཀྱི་ས་ཡིན་པས་ན་ཡང་གོང་གི་ཞེས་བྱ། དེ་ཡང་ཡེ་ནས་གནས་པའི་རང་བཞིན་ཏེ་སྤྲོས་པར་མི་འགྱུར་ལ་སྐྱེ་བ་མེད་པས་ན་གསས་མཁར་ནས་ཞེས་བྱ་ལ། ཏིང་ངེ་འཛིན་དེ་བཞིན་ཀུན་སྣང་རྒྱུ་ཏིང་ཉམས་སུ་བླངས་པས་རོལ་པའི་ཆོ་འཕྲུལ་དུ་སྐུ་གསུམ་དུ་རིམ་པ་བཞིན་དུ་ཤར་བས་ན་ཆོ་འཕྲུལ་ལས་ཞེས་བྱ། ཐུགས་ཉིད་སྐྱོན་བྲལ་དུ་གནས་པས་ཨ་དཀར་པོ་སྤྲོས་པར་མི་འགྱུར་བས་གནས་འཛིན་ཏེ་ཐུགས་ཉིད་ཞི་བ་ལས་མ་གཡོས་ཀྱང་ཐུགས་རྗེ་གཞན་དོན་དུ་འཁྲོས་པ་སྟེ། དེའི་ཚུལ་ནི་བདག་ཉིད་སྟེ་སྒྲུབ་པ་པོ་ཡེ་ནས་ཁྲོ་བོར་གནས་པའི་ཐུགས་རྗེ་གཞན་སྣང་དུ་བསྐྱེད་པ་དང༌། མཁའ་ལ་སྟེ་སྒྲིབ་མེད་ཀྱི་གསལ་ཆ་རང་བཞིན་ཡེ་ཤེས་དེ་གདུལ་བྱ་ལ་ཁྲོ་ཚུལ་དུ་ཤར་བ་དང༌། དབྱིངས་ལ་སྟེ་སྐྱེ་མེད་ཀྱི་ཐུགས་ཉིད་སྟོང་ཆ་དེ་ཁྲོ་བོར་ཤར་བ་སྟེ་དེ་གསུམ་ཡང་ཐམས་ཅད་ཐ་དད་དུ་མ་ཡིན་ཏེ། དབྱཻར་མེད་ཉག་གཅིག་གི་བོན་སྐུ་གཞན་སྣང་ཁྲོ་བོར་ཤར་བའོ། དེ་གང་ཡིན་ན་དབལ་གསས་ཏེ་མི་བཟད་པར་ཁྲོས་པས་དབུ་དགུ་ཁམས་གསུམ་དབྱིངས་སུ་སྒྲོལ་བས་སམ་གཞན་སྣང་ཐེག་དགུར་སྟོན་པ་དང༌།  ཕྱག་ནི་ཁམས་བཅོ་བརྒྱད་ཀྱི་རྟོག་པ་འཇོམས་པའོ།། དེ་ཡང་འཇིགས་པར་སྣང་བས་སྐུ། དྲག་པོར་གྲགས་པས་གསུང༌། ཟག་པ་མེད་པས་ཐུགས་ལ། སྐུ་མདོག་ནི་སྤྲུལ་པ་དུ་མར་བསྟན་ཀྱང་བོན་ཉིད་ཀྱི་དབྱིངས་ལས་འགྱུར་ལྡོག་མེད་པར་མཐིང་ནག་དང༌། ཡབ་ཐབས་ཀྱི་ཆ་འཛིན་པས་གཡས་དཀར། ཡུམ་ཤེས་རབ་ཀྱི་ཆ་འཛིན་པས་གཡོན་དམར་ལ། དབྱེར་མེད་ལྷུན་གྱིས་གྲུབ་པས་དབུས་མཐིང་པ་དང༌། ཞེ་སྡང་དང་དེས་ཀུན་སློང་བྱས་པའི་དགྲ་བགེགས་འདུལ་བ་སེང་གེ་དང༌། དེ་བཞིན་དུ་ང་རྒྱལ་སྟག་དང༌། གཏི་མུག་གཟིག་དང༌། འདོད་ཆགས་ཁྱུང་དང༌། ཕྲག་དོག་འབྲུག་དང༌། མ་རིག་རྩད་ནས་གཅོད་ཅིང་ཐུགས་རྗེས་འགྲོ་དོན་གཏིང་མཐའ་མེད་པས་ཆུ་སྲིན་གྱི་དབུའོ།། དེ་དག་ཀྱང་འཇིག་རྟེན་གྱི་ཆེ་བཙན་འདུལ་བའི་ཕྱིར་རྔམ་པར་བསྟན་ལ། སེམས་ཅན་རྣམས་ཐར་ལམ་གྱེན་ལ་བསྒྲོད་པས་རལ་པ་དང༌། འཁོར་བའི་བདུད་རྩད་ནས་གཅོད་ཅིང་དེ་ལས་རྒྱལ་བའི་ཕྱིར་དབལ་ཕུར་བསྣམས་པ་སྟེ་འོག་མ་རྣམས་ཀྱང་དེ་བཞིན་ནོ། སྡང་མིག་ནི་མིག་དང་གཟུགས་ཀྱི་གཟུང་འཛིན་དང་དེས་ཁྱད་པར་དུ་བྱས་པའི་དགྲ་བགེགས་རྣམས་སྐྱེ་མེད་དུ་སྒྲོལ་བར་བྱེད་པ་སྟེ་ཁྱུད་འཁོར་ལ་སོགས་ཀྱང་དེ་བཞིན་ནོ། ཐུགས་ཀྱི་ནི་ཐམས་ཅད་སེམས་ཉིད་དུ་དབང་བསྒྱུར་བ་དང༌། བ་སྤུ་ནི་ཉོན་མོངས་དགྲ་བགེགས་དམྱལ་ཐག་གཅོད་པ་དང༌། མེ་རི་ནི་ཕྱི་ནང་གསང་བའི་བགེགས་བསྲེག་པ་དང༌། དབུ་དགུས་ས་དགུ་སྟེ་འདོད་གཟུགས་གཟུགས་མེད་གསུམ་རེ་རེ་ལ་གསུམ་གསུམ་སྟེ་དགུ་གནོན་པར་དང༌། ཕྱག་ཞབས་དཀྱུས་དང་གདན་ནི་གོང་དུ་བཤད་ལ་ཀླུ་བདུད་ལ་སོགས་དཀྱུས་བཞིན་ནོ། ཡེ་ཤེས་སྤྱན་ནི་ཡེ་ཇི་བཞིན་མའི་དོན་རང་ལ་གནས་པ་དེ་གསལ་བར་གཟིགས་པ་དང༌། ཐུགས་རྗེ་ནི་ཐུགས་རྗེ་ཆེན་པོ་བཞིས་ནམ་མཁས་ཁྱབ་པའི་གདུལ་བྱ་འདྲེན་པ་དང༌། སྤྲུལ་པ་ནི་ལམ་གྱི་འགལ་རྐྱེན་དུ་གྱུར་པ་ཐམས་ཅད་མི་གནས་པ་དང༌། ཚམ་རྔམ་ལ་སོགས་དཀྱུས་བཞིན་ལ་མཁའ་ཀློང་སྟེ་ཐམས་ཅད་བོན་ཉིད་དུ་སྒྲོལ་བ་དང༌། དེ་ལྟ་བུའི་དབལ་ཆེན་པོ་དེ་དུས་གསུམ་འགྱུར་བ་མེད་པས་ན་གཡུང་དྲུང་ཚེའི་ལྷ་ལ་ཕྱག་འཚལ་ལོ། ཞེས་བྱའོ། བསྭོ་དེ་དང་ནི་དབྱིངས་ཤེས་གཉིས་སུ་མེད་པར་འཁྲིལ་བའི་དོན་ཏེ་དབྱིངས་སྐྱེ་མེད་ཀྱི་ངང་ལ་གཞན་སྣང་གདུལ་བྱ་འདུལ་བའི་སྤྲུལ་པ་དྲུག་དང་ལྡན་པས་ན་མཚན་དྲུག་མ་སྟེ། དེ་གང་ཞེ་ན་ཕྱི་རྒྱུད་རྒྱས་པས་ཚེ་དང་བསོད་ནམས་རྒྱས་པར་མཛད་པའི་དུས་སུ་ས་བཅུ་དུས་གཅིག་ཏུ་ནོན་པས་ས་ཏྲིག་ལ། ཉེས་པའི་སྐྱོན་གྱིས་མ་གོས་པས་ཨེར་སངས་འཁོར་བའི་མཐའ་ལས་རྒྱལ་ཞེས། འཁོར་འདས་ཐམས་ཅད་བསྐྱེད་པའི་ཡུམ་ཞེས་བྱ། རྫུ་འཕྲུལ་གྱི་སྨན་མོ་འབུམ་བསྟན་པ་བསྲུང་བའི་ལས་ལ་འཁོད་པའི་དུས་ན་སྐྱེ་འགྲོ་སྲིད་པའི་རྒྱུད་འཛིན་པའི་ཕྱིར་གནམ་ཕྱི་འཁོར་བའི་བདུད་ལས་རྒྱལ་བས་གུང་རྒྱལ། དེས་སྣང་སྲིད་ཀྱི་གཞི་འཛིན་པས་ན་མཛོད་འཛིན་མ་ཞེས་བྱ། ཡེ་ནས་གནས་པའི་དོན་འགྲོ་བའི་དོན་དུ་སྤྲུལ་པས་གཤེན་སྐྱེ་འཆི་བྲལ་བའི་རྟགས་སུ་ཨུ་དུ་འབར་བའི་གཙུག་ཕུད་སྐྱེས་པ་དེ་སྤྲུལ་ཙམ་ན། ཀླུ་མོའི་རིགས་ཀྱི་ཆ་འཛིན་པས་བཟང་ཟ། ས་དང་འབྲེལ་བའི་ཆགས་པ་དང་བྲལ་བས་རིང་བཙུན་ཞེས་བྱ་ལ་གདུལ་བྱ་ཞི་བས་སྤ་བསྐོང་པའི་དུས་ཐུགས་རྗེ་ཆེན་པོ་བཞི་དང་འབྲེལ་བས་ཚད་མེད་བཞི་ཡིས་འགྲོ་བ་བུ་ལྟར་སྐྱོབ་པས་གསོ་བའི་མ་ལ། ཐུགས་ཞི་བ་ལས་གཞན་སྣང་ཐོག་ལྟར་གདུལ་བྱ་ཐོགས་མེད་དུ་སྒྲོལ་བའི་སྟོང་ཆ་འཛིན་པའི་དུས་ན་སྲིད་རྒྱལ་ལ། ཐུགས་རྗེ་སྐྱེ་མེད་ཞི་བར་གནས་པའི་སྟོང་ཆའི་དུས་ན་ཐམས་ཅད་བསྐྱེད་པའི་ཡུམ་ཏེ་དེ་ལྟར་མཚན་དྲུག་དང་ལྡན་པས་འཁོར་འདས་ཀུན་ལ་དབང་བསྒྱུར་བའི་དབྱིངས་ཏེ་གཞན་སྣང་ཁྲོ་མོར་བསྟན་པའི་ཚུལ་ནི་སྤྲུལ་པ་འབྱུང་བའི་གཞིར་གྱུར་པས་ན་སྐུ་མདོག་ལྗང་ནག་ལ། དེས་སྤྲུལ་པ་སྣ་ཚོགས་སུ་སྟོན་པས་བཞིན་ཚུལ་སྟོན་ཞེས་བྱ་ལ། སྣང་སྲིད་ནམ་མཁའི་དབྱིངས་སུ་སྡུད་པས་དབུ་སྐྲ་དང༌། སྣང་ལ་རང་བཞིན་མེད་པའི་སྨིན་མ་དང༌། སྟོང་གསུམ་མམ་མིག་དང་གཟུགས་ཀྱི་གཟུང་འཛིན་དབྱིངས་སུ་གྲོལ་བས་ཉི་ཟླ་དང༌། སྒྲ་དང་སྙན་ལ་སོགས་དེ་བཞིན་ལ་སྐྱེ་མེད་ཀྱི་ཀློང་ནས་འགག་མེད་ཀྱི་སྤྲུལ་པ་འབྱུང་བས་བ་ག་དང༌། སྐྱེ་འགྲོ་གསོ་བས་གའུ། སེམས་ཅན་གྱི་བདུད་འཇོམས་ཤིང་སྡུག་བསྔལ་ལས་སྐྱོབ་པས་བུམ་པ་དང༌། སྟོང་གསུམ་དབང་དུ་སྡུད་པས་ཞབས་ལ། ཐབས་ཤེས་དབྱེར་མེད་དུ་ཤར་བས་ཉི་ཟླའི་ཐོད་དང༌། སྣང་སྲིད་འཁོར་ལོ་བསྒྱུར་བས་གཟའ་སྐར་དང༌། དབྱིངས་ལས་སྐུ་དང་ཡེ་ཤེས་སུ་འགག་མེད་དུ་འབྱུང་བས་གོས་དང༌། དེ་ཡང་ཡུལ་སྣང་ལ་རང་བཞིན་མེད་པའི་རོལ་པའི་རྒྱན་དུ་ཁྱེར་བས་རྒྱན་དུ་འགྱེད་ཅེས་བྱ། དབྱིངས་ཤེས་དབྱེར་མེད་དེ་གཞན་སྣང་དུ་སྤྲུལ་པ་སྟོང་དང་ལྡན་པས། དབུ་བརྒྱ་ནི་ཁུ་བྱུག་ལ་སོགས་པ་སྟེ་ཐར་ལམ་འབྱེད་པ་ལ་སོགས་དཀྱུས་བཞིན་ལ། དེ་དག་ཐམས་ཅད་བརྒྱ་བརྒྱས་སྟོན་པའི་རྒྱུ་མཚན་ནི་རྫུ་འཕྲུལ་སྟོང་དང་ལྡན་པའི་ཆེད་ཡིན་ནོ། དམུ་སླས་ནི་གནམ་ས་བར་སྣང་སྐྱེ་མེད་དུ་སྒྲོལ་བའི་སྒྲ་ལ་དེ་ལྟ་བུའི་ཡུམ་དེ་དབྱིངས་སྐྱེ་མེད་ལས་ཡེ་ཤེས་རོལ་པས་བསྐྱོད་ཙམ་ན་གདུལ་བྱ་འདུལ་བའི་སྤྲུལ་པ་གྲངས་མེད་ཀྱིས་དགྲ་བགེགས་ཤུགས་ལས་སྒྲོལ་བས་ན་དབང་དུ་བསྡུ་རུ་གསོལ་ཞེས་བྱ། ཁ་ཐུན་སྐུ། མུ་ཐུན་གསུང༌། མུ་ཁ་ཐུན་ནི་ཐུགས་ཀྱི་སྤྲུལ་པས་གདུལ་བྱ་འདུལ་བར་བྱེད་པའོ།། བསྭོ་ནི་དབལ་གསས་ཀྱི་གསུང་རང་བཞིན་མེད་པར་གྲགས་པ་དེ་གཞན་སྣང་ཁྲོ་བོར་བྱུང་པས་གཅིག་བསྐུལ་ཞེས་བྱ། སྐུ་མདོག་ནི་གསུང་དབྱིངས་རང་བཞིན་མེད་པ་ལས་མི་འགྱུར་བ་ལ་ཐུགས་རྗེ་བཞི་དང་ལྡན་པས་ཞལ་བཞི་ཚོགས་བརྒྱད་ཀྱི་གཟུང་འཛིན་གྲོལ་བས་ཕྱག་བརྒྱད། བདུད་བཞི་ཟིལ་གྱིས་གནོན་པས་ཞབས་བཞི་བགྲད་ཅེས་བྱ། གཡས་དཀར་མཁའ། གཡོན་དམར་ཀློང༌། དབུས་མཐིང་གཉིས་མེད། དེའི་ཐུགས་རྗེས་གདུལ་བྱ་སྐྱོབས་པས་ཐོར་ཚུགས་དམར་བ་སྟེ་ཚད་མེད་བཞི་ཡི་བརྡའ་དང༌། བདུད་སྲིན་དབང་དུ་སྡུད་པས་ལྤགས་ཆེན་དང༌། སྡིག་པ་སྤུན་གསུམ་ལ་སོགས་དབང་དུ་སྡུད་པས་ཀས་མ་ཧྲལ་དང༌། ས་བདག་ཀླུ་གཉན་ལ་སོགས་དགྲ་བགེགས་དམྱལ་ཐག་གཅོད་པས་སྐུ་རེག་དང༌། སྣང་སྲིད་འཁོར་ལོ་བསྒྱུར་ཅིང་གཟའ་ཡི་གདུག་པ་འདུལ་བས་ཐོད་དང༌། མཐོ་རིས་ཐར་ལམ་འབྱེད་ཅིང་ཐབས་ཤེས་དབྱེ་རུ་མེད་པའི་ཐོར་ཚུགས་ལ། ངག་གི་གཟུང་འཛིན་སྒྲོལ་བས་གཡུ་འབྲུག་དང༌། གདུག་པ་ཅན་ཐམས་ཅད་འདུལ་བས་ན་གནམ་སྦྲུལ་དང༌། འཇིག་རྟེན་གྱི་བདེ་སྡུག་ཐབས་ཀྱིས་བསྒྱུར་བས་རྒྱ་སྐར་ལ། དགྲ་བགེགས་གཏུབ་པས་གྲི་དང༌། འབུགས་པས་མདུང་དང༌། འཇོམས་པས་ཐེའུ་དང༌། གཟིར་བར་བྱེད་པས་གཅོད་སྟ་དང༌། ཞགས་པས་འཆིང་ལ་ལྕགས་སྒྲོག་གིས་སྡོམ། གཟེ་མས་ལེན། ཁ་རྩེས་འབུགས་པར་བྱེད་པའོ།། ངག་གིས་དངོས་འཛིན་གྱི་བདུད་ཐུལ་བས་གནམ་བདུད་དང༌། དུས་བཞི་ལ་དབང་བསྒྱུར་པས་ཞབས་དང༌། དགྲ་བགེགས་དང་གདུག་པ་འདུལ་བས་དབལ་གྱད་དང༌། ས་སོགས་སྐྲག་པས་བ་སྤུ་དང༌། ཡང་གཅིག་ནི་དེ་ལས་ཀྱང་གཞན་སྣང་དུ་ཁྲོ་བོ་བརྒྱད་དུ་སྟོན་པས་ན་ཚེ་ལ། སྤྱན་སོགས་ནི་ཚོགས་བརྒྱད་ཀྱི་འཛིན་པ་གྲོལ་བས་གཞན་སྣང་རིག་པའི་ཁྲོ་བོ་བརྒྱད་དུ་སྟོན་པ་དེའི་ཕྱིར་འཛིན་པ་གྲོལ་བས་ཡུལ་བརྒྱད་ཀྱི་བག་ཆགས་རང་སར་དྭངས་པས་ན་ཞོགས་ཀྱིས་འདེབས་ཞེས་བྱ། མངོན་ཞེན་ནི་དབང་པོའི་ཡུལ་དྲུག་གམ་རིས་དྲུག་གི་རྟོག་པ་དྲུག་སྒྲོལ་བའི་ཕྱིར་གཤེན་དྲུག་ཏུ་སྤྲུལ་ནས་རིས་དྲུག་གི་འཛིན་ཐག་གཅོད་པ་དང༌། ཁམས་གསུམ་དབང་དུ་སྡུད་པས་ཕྱག་སོར་ལ་སོགས་ཏེ་སྤྲུལ་པའི་ཁྲོ་བོ་བཞིར་བསྟན་པ་སྟེ་རྩ་དང་ལན་ལག་གིས་སྒྲོལ་བར་བྱེད་པ་ལ་དབྱིངས་ལས་ཡེ་ཤེས་བཞེངས་བསྐྱོད་ལ་སོགས་པའོ།། བསྭོ་དེ་དང་ནི་མཁའ་ཀློང་གཉིས་སུ་མེད་པའི་ཀློང་དེ་གཞན་སྣང་ཁྲོ་མོར་བསྟན་པ་ནི་སྲིད་པ་ལ་དབང་ཆེ་བས་སྣང་སྲིད་ཀུན་ཏུ་གྲགས་པ་ལ་སོགས་དཀྱུས་བཞིན་སྦྱར་ལ་ཡུམ་ཆེན་ནི་ཀློང་དེ་ལས་སྤྲུལ་པ་འབྱུང་པས་ཐུགས་ལས་འགྱེད་ཅིང་དེས་སྲིད་གསུམ་དབང་དུ་སྡུད་པར་བྱེད་ལ། དེའི་ཡོན་ཏན་གྱིས་གདུལ་བྱ་ཐམས་ཅད་བདེ་ལེགས་སུ་བསྐྱེད་པས་ན་དཔལ་མགོན་མཛད་ཅེས་བྱ། ཁྱོད་ནི་སྟེ་གཞན་སྣང་དུ་གཏིང་ནས་ཁྲོས་ཚུལ་བསྟན་པའི་ཚེ་ཟ་བྱེད་དེ་ཡི་ནང་གསང་བའི་དགྲ་བགེགས་སྒྲོལ་བའི་སྤར་མ་གྲངས་མེད་འབྱུང་པ་སྟེ། དེའི་ཚུལ་ནི་སྐུ་ཡི་རྫུ་འཕྲུལ་ལས་ནག་མོ་ལ་སོགས་དུས་དྲུག་གི་སྤྲུལ་པས་དུས་དེ་དག་གི་ཕྱི་ནང་གི་བར་ཆོད་འདུལ་བར་བྱེད་པས་ན་འགྱེད་ཅེས་བྱ། དེའི་ཡོན་ཏན་གྱིས་རྒྱུ་མཚན་ནི་ཐུགས་ཉིད་སྤྲོས་བྲལ་ལས་སྤྲུལ་པ་ཕྱོགས་བཅུ་ཀུན་ཏུ་ཁྱབ་པའི་ཕྱིར་བདུན་འབུམ་ནི་དུས་དྲུག་གི་འབུམ་ཕྲག་དྲུག་དང་ཐུགས་ལས་སྤྲུལ་པ་འབུམ་ཏེ་བདུན་ལ། དེའི་ཡོན་ཏན་གྱིས་གཞན་དོན་ལྷུན་གྱིས་གྲུབ་པ་དང་མུ་ཡེ་གནམ་སྐྱེས་སླས་ས་རྐྱེལ་སད་བཅུ་དེ། དེ་ཚངས་པ་མན་ཆོད་དམ་འོག་མིན་མན་ཆོད་ལ་སྣང་སྲིད་ནི་སྣོད་བཅུད་ཐམས་ཅད་དེ། ཕྱེད་ཁོ་ན་ལས་མེད་པའི་རྒྱུ་མཚན་ནི་སྟོང་ཆ་ཐམས་ཅད་ཡུམ་གྱི་ངང་དུ་འདུས་པའི་དོན་ཡིན་ལ། སྲིད་པ་ཆ་ལ་འབེབས་པས་ཉི་ཟླ་ལ་སོགས་དཀྱུས་བཞིན་ལ་ཡེ་ཤེས་སྤྱན་གྱིས་གདུལ་བྱ་ལ་གཟིགས་པས་རྫུ་འཕྲུལ་ནི་དེའི་དོན་མཛད་པ་དང༌། ཐུགས་ཉིད་ནི་འཁོར་བའི་གདུང་བ་ལས་འདས་ཀྱང་ཐུགས་རྗེའི་རོལ་པ་འགྲོ་བ་གང་འདུལ་དུ་སྟོན་པས་མཁས་པ་དང༌། གསལ་སྟོང་དབྱེར་མེད་པས་སྐུ་གསུང་ཐུགས་ཀྱི་ཁྲོ་བོའམ་ལྷ་རྒོད་རོལ་པས་སྟེ་དེའི་ཡོན་ཏན་གྱིས་སྤྲུལ་པ་གྲངས་མེད་དུ་བྱུང་ནས་གདུལ་བྱ་འདུལ་བ་དང༌། ཧ་ཧ་དགྱེས་པ་ཆེན་པོ་སྟེ་མུ་ཡེ་ཕྱོད་ནི་དངོས་འཛིན་སྐྱེས་མེད་ཀྱི་ཀློང་དུ་སྒྲོལ་བའི་སྒྲ། སྲིད་པ་ནི་སྐྱེ་མེད་ལས་འགག་མེད་དུ་ཤར་ན་སྤྲུལ་པ་ཤུགས་ཀྱིས་འབྱུང་བས་ན་དེ་བཞིན་ཉིད་ཅེས་བྱའོ།། བསྭོ་ནི་དབལ་གསས་ཀྱི་ཐུགས་རྣམ་པར་མི་རྟོག་པ་ལས་གཞན་སྣང་ཁྲོ་བོར་བྱུང་པ་ནི་ཐམས་ཅད་དེ། ཤེས་བྱ་ཇི་ལྟ་བ་ཇི་སྙེད་པའི་གནས་ལུགས་སྒྲིབ་མེད་གསལ་བའི་གོང་ན་གཞན་མེད་པས་མཆོག་ཅེས་བྱ། དགྲ་ཟུན་ལ་སོགས་ཀྱི་ཉེ་རིང་འཛིན་པ་མེད་པར་སེམས་ཉིད་སྐྱེ་མེད་དུ་སྒྲོལ་བས་ཀུན་སྒྲོལ་ཅིང་གདུག་པ་ནི་ཕྱི་ནང་གསང་གསུམ་གྱི་བར་ཆོད་རང་སར་གྲོལ་བས་མི་ཚུགས་ལ་དེས་སེམས་ཉིད་སྐྱེ་འཆི་འདུ་འབྲལ་དང་བྲལ་བས་ཚེ་ཡི་ལྷ་ཞེས་བྱའོ། ཐུགས་ཉིད་སྟེ་གཞན་སྣང་དུ་ནན་ཏར་ཁྲོ་ཚུལ་བསྟན་ནས་སྐུ་གསུང་ཐུགས་ཀྱི་སྒྲ་བསྒྲགས་པས་སྒོ་གསུམ་གྱི་རྟོག་པ་འཇོམས་པ་དང༌། དེའི་ཡོན་ཏན་གྱིས་ཏིང་ངེ་འཛིན་ནི་དམིགས་མེད་རྣམ་པར་དག་པས་དུས་ལ་བབ་པས་ཐུགས་རྗེས་འཛིན་པ་དང༌། ཕྱག་རྒྱ་ནི་སྣང་གྲགས་ལྷ་ཡི་རང་བཞིན་སྣང་ལ་རང་བཞིན་མེད་པས་དངོས་འཛིན་གྱི་མཚན་མ་འཆིང་པ་དང༌། ཐུགས་རྗེ་ནི་འཛིན་རྟོག་ཡོངས་དང་བྲལ་ཅིང་ཀུན་ལ་ཁྱབ་པའི་བརྩེ་བ་དེས་འཁོར་བ་ཐམས་ཅད་སེམས་ཉིད་ཀྱི་ངང་དུ་བསྒྲལ་དུ་གསོལ་ཅེས་བྱའོ། འགྱུར་མེད་ནི་གནས་ལུགས་རྣམ་པར་མི་རྟོག་པ་ལ་རྩེ་གཅིག་པའི་དོན་གྱིས་སྤྲོས་པར་མི་འགྱུར་བ་ལས་གཞན་སྣང་རོལ་པའི་ཆོ་འཕྲུལ་དུ་ཞེ་སྡང་འདུལ་བ་ཞེ་སྡང་ཆེན་པོའི་ཚུལ་དུ་སྟོན་པའི་ཁྲོ་བོར་བྱུང་པ་ནི།། གཙོ་མཆོག་སྟེ་དེ་ཡང་ཁམས་གསུམ་མཁའ་ཀློང་དབྱིངས་སུ་བསྒྱུར་བས་ཞལ་གསུམ་རྒྱུ་དྲུག་ཏུ་རྟོག་པ་འཇོམས་པས་ཕྱག་དྲུག་བདུད་བཞི་ཟིལ་གྱིས་གནོན་པས་ཞབས་རྐྱང་བསྐུམ་ཚུལ་ཞེས་བྱ། གཡས་ཀྱི་ལ་སོགས་དཀྱུས་ཉིད་དུ་གསལ་ལ་ལྷ་ཆེན་ནི་ལྷ་སྲིན་གདུག་པས་བསྐྱད་དུ་མེད་པ་དང༌། ཀླུ་ཆེན་ནི་ཀླུ་བདུད་གདུག་པ་འདུལ་བ་དང༌། རྒྱལ་ཆེན་ནི་ཕྱོགས་བཞིའི་གདོན་བཞི་འདུལ་བ་དང༌། འཁོར་ནི་སྤྲུལ་པ་གྲངས་མེད་པ་དང་ཞེ་སྡང་ནི་དེ་ཉིད་ཀྱིས་བདག་རྐྱེན་བྱས་པ་འདུལ་ཞིང་སྟོང་གསུམ་བོན་སྒྲ་སྒྲོགས་པ་དང༌། དབྱིངས་སྐྱེ་མེད་ལས་ཡེ་ཤེས་འགག་མེད་དུ་བསྐྱོད་པ་ལ་སོགས་དཀྱུས་གསལ་ལོ། བསྭོ་དེ་དང་ནི་ཐབས་ཤེས་དབྱེར་མེད་ཀྱི་ཤེས་རབ་དེས་གཞན་སྣང་ཁྲོ་མོར་བྱུང་པ་ནི་ནམ་མཁའི་དབྱིངས་སྐྱེ་མེད་ལས་ཐུགས་རྗེ་འགག་མེད་ཀྱིས་ཐོག་བབས་པ་ལྟར་དངོས་འཛིན་འཇོམས་པས་ཀུན་གྱི་ཡུལ་ལ། དབང་གི་རང་བཞིན་བྱིན་ཆེན་ཡུམ་གྱི་རྟགས་དང་ལྡན་པས་གཟི་བྱིན་དང༌། སྟོང་གསུམ་གྱི་མཚན་མ་ནམ་མཁའི་དབྱིངས་སུ་གྲོལ་བས་རལ་ཆེན་དང༌། སྟོང་གསུམ་ཡེ་ཤེས་ཀྱི་གསལ་ཆར་ཤར་བས་སྤྱན་དང༌། སྣང་སྲིད་སྣང་ལ་རང་བཞིན་མེད་པས་སྨིན་མ་དང༌། འགལ་བྱེད་ཆུ་ཡི་རྦ་ལ་གཡེང་བས་སྒྲའི་གཟུགས་འཛིན་སྒྲོལ་བ་དང༌། འགལ་བྱེད་རླུང་གིས་སྒྲོལ་ཅིང་དྲིའི་གཟུགས་འཛིན་སྒྲོལ་བས་ཤངས་དང༌། འཁོར་འདས་ཐམས་ཅད་བསྐྱེད་པའི་ཡུམ་དུ་གྱུར་པས་ན་ལྟེ་བ་དང༌། ཁམས་གསུམ་གྱི་འཛིན་པ་ཆམ་ལ་ཕབ་ནས་ལྷ་དང་གཞལ་ཡས་སུ་བསྒྱུར་བས་ཞལ་དང༌། སྣང་སྲིད་ཐམས་ཅད་སེམས་ཉིད་དུ་དབང་བསྒྱུར་བས་དཔའ་མཚན་དང༌། ས་ལ་གནས་པའི་གདོན་དང་དེའི་དངོས་འཛིན་འདུལ་བས་གཡས་དང༌། ཐུགས་རྗེ་སྤྲུལ་པ་འགྱེད་པའི་ཕྱིར་ཐུགས་དམ་བསྐུལ་བས་གཡོན་དང༌། ཀླུ་ལ་སོགས་པའི་གདུག་པ་ཅན་འདུལ་བས་མགུར་ཆུ་དང༌། ནམ་མཁའི་དབྱིངས་ནས་ཆོ་འཕྲུལ་བཀྱེ་ནས་དངོས་འཛིན་འཇོམས་པས་སྒྲ་སྒྲོགས་པ་དང༌། གདུག་མོ་ནི་དབྱིངས་སྐྱེ་མེད་ལས་འགག་མེད་དུ་སྤྲུལ་པས་ནམ་མཁའི་མཚན་མ་གྲོལ་བའི་ཁྲོ་མོ་འབྱུང་ལ་དེས་ནམ་མཁས་ཁྱབ་པ་ཐམས་ཅད་འདུལ་བའོ། མུ་ཡེ་ནི་གནམ་ལ་དངོས་འཛིན་གྱི་མཚན་མ་ཐམས་ཅད་དབྱིངས་སུ་སྒྲོལ་བའོ། དེ་ནས་ཅེས་པ་སྐབས་འདིར་ལིང་ག་ལ་འགུག་གཞུག་བྱ། ཕུར་པ་དང་ཐུན་རྫས་རྣམས་བསོག་ཅིང་ཁྲོ་བོ་དཀྱུས་ལྟར་བསྐུལ་ལ་སྔགས་ཀྱི་དུས་སུ་ཕུར་པས་གདབ་སྟེ་དུག་ལྔ་བདུད་ལྔ་ཕུང་པོ་ལྔའི་རྩད་གཅོད་པར་གདབ་སྟེ། བསྭོ་ནི་དབལ་གསས་ཀྱི་སྐུ་འགྱུར་བ་མེད་པ་ལས་ཁྲོ་བོར་བྱུང་པ་ནི་སླས་ཞི་ནི་ས་གཞིའི་དབྱིངས་སྐྱེ་མེད་ལ་སོགས་རི་རང་སྟེ་གཞན་སྣང་དུ་རི་རབ་ཏུ་འཁྲོས་པའི་གསས་མཁར་དུ་ཞེས་བྱ། སྐུ་འགྱུར་བ་མེད་པའི་ཁྲོ་གསས་ཏེ། དབུ་གསུམ་ནི་ཐབས་ཤེས་གཉིས་མེད་དང་ཕྱག་དྲུག་ཏུ་རྒྱུ་དྲུག་འཇོམས་པ་དང་གསེར་མདོག་སྐུ་ཡི་རིགས་ལས་མི་འགྱུར་བ་དང༌། རྒྱན་ནི་གཟུགས་ཀྱི་དངོས་འཛིན་འཇོམས་པ་ལ་བདུད་བཞི་འདུལ་བས་ཞབས་བཞི་གཏི་མུག་ཐུལ་བས་གླང་ཆེན། ཕུང་པོའི་བདུད་འདུལ་བས་དྲི་ཟ་གནོན་པ་དང༌། དང་པོ་ནི་གཟུགས་ལ་དངོས་འཛིན་གྱི་དགྲ་བགེགས་འགུགས་ལ་བར་པ་ནི་དངོས་འཛིན་དེ་ཉིད་ཟིལ་གྱིས་གནོན་པ་དང༌། ཐ་མ་ནི་དངོས་འཛིན་ཉིད་རང་གྲོལ་དུ་སྒྲོལ་བས་གཤིག་པར་འདེབས་ཞེས་བྱ། དེའི་ཡོན་ཏན་གྱིས་བདག་འཛིན་གྱི་མ་རིག་པ་དང་རྨོངས་པའི་གཏི་མུག་བཅོམ་ནས་མེ་ལོང་ཡེ་ཤེས་བསྐྱེད་པ་དང༌། སྐུ་གསུང་ཐུགས་ཀྱི་སྒྲ་བསྒྲགས་པས་གཟུགས་ལས་གྱུར་པའི་སྒོ་གསུམ་གྱི་དགྲ་བགེགས་སྐྲག་པ་སྟེ་འཛིན་པ་གྲོལ་བ་དང༌། ནེ་སླས་ནི་སའི་དབྱིངས་དེ་གཞན་སྣང་ཁྲོ་མོར་བྱོན་པ་དང་ཐབས་ཤེས་དབྱེ་རུ་མེད་པ་ལ་དེའི་རོལ་བ་ལས་གསས་ཆེན་ནི་སྐུ་གསས་རྗེའི་རིགས་འཛིན་པ་གྲངས་མེད་འགྱེད་ལ། དེ་ལས་ཀྱང་ལས་ལ་མྱུར་བའི་ཕོ་ཉ་དབལ་མོ་སྡེ་གསུམ་ལ་སོགས་དགྲ་བགེགས་འཛིན་ཅིང་ཕུང་པས་སྒྲོལ་བ་རྣམས་ཀྱིས་དགྲ་བགེགས་ཀྱི་གཟུགས་ཕུང་བཤིག་ནས་རྫོགས་པའི་སྐུ་རུ་གྲོལ་བའི་ཕུར་པས་ཐོབ་ཅེས་བྱ། སྔགས་གསུམ་ནི་སྐུ་གསུང་ཐུགས་སམ་དབལ་མོ་སྡེ་གསུམ་ལ་སོགས་སྤྲུལ་པ་གྲངས་མེད་ཀྱིས་དགྲ་བགེགས་སྒྲོལ་བའོ།། བསྭོ་ནི་དབལ་གསས་སྐུ་ཡི་ཡོན་ཏན་ལས་སྤྲུལ་པའི་ཁྲོ་བོ་ནི་ལི་ལྒ྄ཡུམ་སྟེ་རླུང་གི་དབྱིངས་སྐྱེ་མེད་ལས་སེག་རི་སྟེ་དབུགས་འདེགས་བྱེད་དང་བཅས་པ་ནི། ཡོན་ཏན་ལེགས་པར་འབྱུང་བའི་རྔམ་གསས་ཏེ་བེ་དུ་འོད་ནི་ལེགས་པ་ཀུན་ནས་འབྱུང་པ་དང༌། རྒྱན་ནི་འདུ་བྱེད་ཀྱི་གཟུགས་འཛིན་འཇོམས་ལ་རྟ་ང་རྒྱལ་དང་ཉོན་མོངས་ཀྱི་བདུད་འདུལ་བས་གནོད་སྦྱིན་དང༌། དང་པོ་ནི་འདུ་བྱེད་ལས་གྱུར་པའི་དགྲ་བགེགས་འཛིན་པ་ལ་སོགས་ལི་མུན་རླུང་གི་ཁྲོ་མོ་སྟེ་ཡབ་ཡུམ་ལ་སོགས་གོང་བཞིན་ནོ།། བསྭོ་ནི་དབལ་གསས་ཀྱི་སྐུའི་གསུང་གི་སྤྲུལ་པ་ལས་བྱུང་བ་ནི་ནེ་རི་སྟེ་མེ་ཡི་དབྱིངས་སྟེ་སམ་ཕུད་དྲོད་དང་བཅས་པ་བསྲེག་ཅིང་འབར་བར་སྒྲོལ་བའི་ནང་ནས་ནམ་མཁའ་ནི་གསུང་དབྱངས་རང་བཞིན་མེད་པར་ཁྲོ་བོར་བྱུང་པ་ལ་གསུང་རང་བཞིན་མེད་ཅིང་འགག་འཛེར་བྲལ་བས་ལེབ་རྒན་དང༌། རྒྱན་ནི་དངོས་འཛིན་ཟིལ་གྱིས་གནོན་ལ་འདོད་ཆགས་ཐུལ་བས་མཁའ་ལྡིང་སྟེ་འབྲུག་དང་བར་ཆོད་ཀྱི་བདུད་ཐུལ་བས་ཀླུ་དབང་གནོན་ལ། དང་པོ་ནི་ཚོར་བའི་དངོས་འཛིན་འགུགས་པ་ལ་སོགས་དང༌། ཚངས་སྟང་ནི་མེ་ཡི་དབྱིངས་ཁྲོ་མོར་ཤར་བས་ཚོར་བ་འདུལ་བ་ལ་སོགས་པའོ།། བསྭོ་ནི་དབལ་གསས་ཀྱི་སྐུ་ཡི་འཕྲིན་ལས་སྤྲུལ་པར་བྱུང་བ་ནི་ཏིང་མུར་ཏེ་ཆུ་ཁྲག་གི་དབྱིངས་སྐྱེ་མེད་ལས་ཏིང་ནམ་ཏེ་ཁྲག་གི་རྒྱ་མཚོ་ལྟ་བུར་འཁྲོས་པའི་གསས་མཁར་ནས། ཁམ་ཁམ་ནི་འཕྲིན་ལས་རྩལ་མེད་ལྷུན་གྱིས་གྲུབ་པ་སྟེ་མ་ཏང་ནི་འཕྲིན་ལས་བཙལ་མེད་དེ་གཞན་དོན་མཛད་པ་ལ། རྒྱན་ནི་འདུ་ཤེས་ཀྱི་དངོས་འཛིན་འཇོམས་པ་དང་གནམ་བདུད་ནི་ཁྱུང་སྟེ་ཕྲག་དོག་འདུལ་བ་དང༌། འཆི་བདག་གི་བདུད་ཐུལ་བས་གཤིན་རྗེ་གནོན་ལ། དང་པོ་ནི་འདུ་ཤེས་ལས་གྱུར་པའི་དགྲ་བགེགས་འགུགས་པ་ལ་སོགས་དང་ཏིང་མུར་ནི་ཁྲག་ཆུ་ཡི་དབྱིངས་གཞན་སྣང་ཁྲོ་མོར་བྱུང་པ་དང་གཉིས་སུ་མེད་པ་ལ་སོགས་སྔར་བཞིན་ནོ། ཞེས་ནི་དགྲ་བགེགས་ཀྱི་དོན་སྙིང་ལྔ་ལ་ཕུར་པ་བཏབ་པས་ཕུང་པོ་ལྔའི་རྒྱུན་བཅད་ལྷ་ལྔའི་ངོ་བོར་གྱུར། དུག་ལྔ་རྩད་བཅད་ཡེ་ཤེས་ལྔ་རུ་གྲོལ། འབྱུང་པའི་སྟོབས་བཤིག་ཡུམ་ལྔ་རུ་གྱུར། བདུད་ལྔ་བཅོམ་སྐུ་ལྔ་རུ་རྒྱས་གདབ་བོ། དེ་ནས་གསང་ཐུས་ལྟར་གཟེ་གྱད་སྤར་མ་བསྐུལ་ཁྲག་མདའ་དུག་གི་ཐུན་གསུམ་བརྡེག དེ་ནས་དྲག་ཐུན་རྫོགས་པར་དྲངས་པ་ནི་ཟངས་ལྕགས་འཁར་བའི་ཕྱེ་མ་དང་ཉུངས་ཀར་ནག་སྐེ་ཙེ་ཤང་ཙེ་ལ་སོགས་ལ་ཁྲག་དང་དུག་གི་ངར་བླུད་ལ་དམིགས་པའི་གནས་སུ་བསྣུན་ཏེ། བསྭོ་ལ་སོགས་སྔར་བཞིན་ལ། སྣིས་རྩེ་མདུང༌། ཝེར་ཧྲིམ་མདའ་གཞུ། ཤ་འབལ་སྟ་རེ། ཙ་ཀྲ་རལ་གྲི། མུ་མར་ཐོག། ཨུ་དུག་དུག། ཏིང་མུར་ཁྲག། ཕུ་ཏལ་ཟངས་ལྕགས་ཏེ།  བདག་དབལ་གསས་ཀྱི་ཕྱག་མཚན་ལས་མཚོན་དེ་རྣམས་སྤྲོས་ནས་དམིགས་པའི་གནས་སུ་བསྟིམས་པས་མེ་ཏོག་སད་ཀྱིས་བསད་པ་ལྟར་ཚེ་བཀྲག་བཅུད་རྣམས་ཉམས་ཏེ་བདག་ལ་བསྡུ་བར་བྱའོ། དེ་ནས་ཐུན་གསུམ་བརྡེག་པ་ནི་རམ་ནི་ཧྲོ་མར་ཚང་དུལ་ནི་མེས་བསྲེགས་པ་སྟེ་ཞེས་བརྗོད་པས་བདག་དབལ་གསས་ཀྱི་སྐུ་ཡི་བ་སྤུའི་བུ་ག་ལས་ཡེ་ཤེས་ཀྱི་མེ་དཔུང་འཕྲོས་ཏེ་དགྲ་བགེགས་ཀྱི་དྲོད་ལ་ཕོག་ནས་མེ་དང་མེ་རྫས་འཕྲད་པ་ལྟར་གྱུར་ཏེ། ཡེ་ཤེས་ཀྱི་མེ་དཔུང་འབར་བས་དངོས་འཛིན་གདོས་པའི་མཚན་མ་བག་ཆགས་དང་བཅས་པ་རྣམས་བསྲེགས་པར་བསམ་མོ།། ཡང་ནི་ལི་ཐུན་བུད༼འུད་༽་ནི། རླུང་གི་གཏོར་ཏེ་བདག་ལྷ་རྒོད་ཀྱི་ཤངས་ལས་རླུང་བྱུང་བས་དགྲ་བགེགས་ཀྱི་དབུགས་དང་ཕྲད་པས་ཡེ་ཤེས་ཀྱི་རླུང་གིས་གཏོར་བར་བསམ། ཁང་ནི་ཏིང་མུར་ཤག་ནི། ཆུས་བཀྲུས་པས་གཙོ་མཆོག་ལྗགས་ལས་ཆུ་བྱུང་ནས་དགྲ་བགེགས་ཀྱི་ཁྲག་དང་འཕྲད་པས་ཡེ་ཤེས་ཀྱི་ཆུར་གྱུར་ནས་བཀྲུས་པར་བསམ་མོ། དེ་ནས་སེམས་ཉིད་ཀྱི་ངོ་བོ་བག་ཆགས་ཡོངས་དང་བྲལ་བའི་རང་བཞིན་ཡི་གེ་ཨ་དཀར་པོ་གཅིག་ཏུ་གྱུར་ནས། ཐམས་ཅད་ཀྱི་དབྱིངས་སུ་བསྟིམ་ལ་སེམས་ཉིད་སྐྱེ་མེད་བློ་འདས་ཀྱི་སྟེང་དུ་དར་གཅིག་མི་དམིགས་པའི་ངང་ལ་བཞག་གོ། བཟློག་སྔགས་ཟོར་ལས་ལ་སོགས་འོག་ཏུ་འཆད་དོ། དེ་ནས་ཞེས་པ་དེ་ལྟར་ཕོ་ཉ་བསྐུལ་ནས་རྟགས་སྒྲུབ་སྐབས་སུ་བབ་པ་སྟེ་སྤྱི་བསྡུས་ནི་མཚན་དང་དཔེ་བྱད་རྒྱས་པར་འབྲུ་བཅོམ་པ་མ་ཡིན་ལ་ཡོན་ཏན་སྤྱི་རུ་བསྡུས་ནས་སྙིང་པོ་མདོ་དོན་དུ་དྲིལ་བས་ན་ཡང་སྙིང་སྟེ། དེ་དག་གི་ནང་རྟགས་ཕྱི་རུ་འཆར་བའི་ཡོན་ཏན་གྱི་རྟགས་བདག་ལ་བསྒྲུབ་པར་བྱ་ཞིང་དེ་གྲུབ་པ་ལས་གཏང་རག་དྲིན་ལན་གྱི་ཚུལ་དུ་ཚོགས་དབུལ་བ་སྟེ། དང་ལ་གཞལ་ཡས་ཀྱི་ཡོན་ཏན་བདག་ལ་སྒྲུབ་པ་ནི་བསྭོ་མི་གཡོ་ནི་གོང་དུ་སོང་ལ། གྲུ་གསུམ་ནི་དྲག་པོའི་བརྡའ་སྟེ་དེས་ཁམས་གྱི་རྟོག་པ་དབྱིངས་སུ་སྒྲོལ་བའི་ཡོན་ཏན་ཡོད་པའི་ཕྱྀར། གྲུ་གསུམ་མཐིང་ནག་ཏུ་དོད་ཅེས་རྒྱུ་མཚན་གྱིས་གཏན་ལ་དབབ་སྟེ་ཨོཾའ་ཡེ་ཤེས་ལྔ་ལྡན་སྒྲུབ་བྱེད་ཡིན་ལ། དེའི་ཡོན་ཏན་བདག་ལ་ཁམས་གསུམ་སྒྲོལ་བར་གྲུབ་པར་གྱུར་གཅིག་ཅེས་སྨོན་ལམ་དུ་གསོལ་བ་སྟེ། ཟླ་གམ་ནི་དེའི་ཕྱི་རིམ་སྟེ་མེ་རི་ལ། ཉི་ཟླ་ནི་འོག་གི་ལྷ་གདན་ལ། འོད་དུ་གསལ་བ་སྟེང་གི་མཐོངས་ཏེ། མུན་པ་བཞི་ནི་འཇིག་རྟེན་གྱི་རི་གྲིབ་དང༌། གླིང་བར་གྱི་དང༌། དབང་པོའི་སྒོ་དང༌། མ་རིག་གཏི་མུག་གི་མུན་པ་བཞིས་སེམས་ཉིད་ལ་མི་སྒྲིབ་པ་དང༌། འཁོར་ལོ་ནི་ནང་དུ་བཞི་དང་ཕྱི་རུ་བརྒྱད་ཀྱིས་འཁོར་བ་ནི་བདག་དོན་ལྷུན་གྱིས་གྲུབ་ཅིང་གཞན་དོན་མཐའ་རུ་ཕྱིན་པ་དང༌། གྲུ་བཞི་ནི་ཟུར་བཞི་དང་ལྷ་གདུང་ལ་ཀླུ་ཀ་གདན་ལ་གཅན་ཟན་ཀ་བ་དང༌། ཡེ་ཤེས་ནི་མེ་ལོང་ལ་སོགས་སྟེ་བཞི་སྟེ་སྐྱེ་རྒས་ན་འཆིའི་འཇིགས་པ་བཞི་ལས་སྒྲོལ་བ་དང༌། སྣ་ཚོགས་ནི་གཅན་ཟན་ལྔ་དྲེགས་པ་ལྔ་ལ་སོགས་སྟེ་དྲེགས་པ་ཅན་སྣ་ཚོགས་ཀྱི་ཐོད་པ་སྟེ་རྨང་གཞི་དང་དྲྭ་རྩིགས་ནི་གཞལ་ཡས་ཀྱི་རྩིག་པ་སྟེ་རྫུ་འཕྲུལ་གྱི་འོད་རླུང་ཕྱི་ནང་དུ་རློབ་པ་དང༌། འབྲུག་ཁྱུང་གི་ཡ་གད་དེ་བྱ་འདབ་ཐད་དུ་གདེངས་པ་དང༌། མིག་སྙིང་ནི་ཟ་ར་ཚགས་སུ་ཏེ་ཡ་གད་འོག་ནས་འཕྱང་པ་དང༌། བདུད་སྲིན་ནི་ཡ་གད་ཀྱི་རྩེ་ལ་འཕྱར་བ་དང༌། བར་འཁྱམས་ནི་དེའི་ཕྱི་རིམ་འཁྱིལ་པ་དང༌། གུར་གཤོག་གི་ཡ་གད་བང་རིམ་གྱི་སྟེང་དུ་གྲུབ་པ་དེའི་ཕྱི་རིམ་ཟངས་ལྕགས་ལ་མེ་རི་དབལ་ཆུས་གཏམས་པས་བར་ཆོད་རྒྱང་མཚམས་གཅོད་ལ། དེ་ལྟ་བུའི་ཡོན་ཏན་བདག་ལ་བསྒྲུབ་ཅིང་ངོ་མཚར་བས་བསྟོད་པའོ།། ལྷ་ཡི་ཡོན་ཏན་རྟགས་ཀྱི་བསྒྲུབ་པ་ནི་ཁྲོ་ཚོགས་ཀྱི་རང་བཞིན་ནམ་འདུག་ཚུལ་དེ་བདག་སྒྲུབ་པ་པོ་ལ་བསྒྲུབས་པས་དེ་ལྟར་སྣང་བ་ནི། གང་ཞེ་ན་འཛུམ་པ་ནི་གཡས་དཀར་གཡོན་དམར་ལ། གཤེ་བ་ནི་དབུས་མཐིང། རྔམ་པ་ནི་སྟེང་ཞལ་དྲུག་གསུངས་མོད་ཀྱིས་འོན་ཀྱང་འཛུམ་པ་ནི་འོག་མ་གསུམ། གཤེ་བ་ནི་བར་མ་གསུམ་རྔམ་པ་ནི་སྟེང་མ་གསུམ་སྟེ་དགུ་བརྩེགས་པ་ནི་ཁམས་གསུམ་རེ་ལ་གསུམ་གསུམ་སྟེ་དགུ་དབྱིངས་སྐྱེ་མེད་དུ་སྒྲོལ་བ་དང༌། ཐུགས་རྗེ་ནི་བཞི་སྟེ་ཀུན་ལ་ཁྱབ་པས་ཀུན་ལ་སྙོམས་པ་དང༌། རྒྱུན་ཆད་མེད་པ་ཟད་པ་མེད་པ་དང་བཞིའི་བརྡར་བསྟན་པ་དེའི་བྱེད་པས་ཚད་མེད་པ་བཞི་འབྱུང་བ་དང་དཀར་དམར་ལ་སོགས་དཀྱུས་གསལ། ས་གསུམ་ནི་ཁམས་གསུམ་འཁོར་བའི་དགུ་དང༌། མོས་པར་སྤྱོད་པ་བཞི་དང༌། གཡུང་དྲུང་ཐེག་པའི་ས་བཅུ་ལས་དཔག་སྟེ་བོན་ཉིད་བདེ་ཆེན་གྱི་ས་ལ་ཕྱིན་པ་དང༌། འཕྱར་བ་ནི་རྒྱལ་མཚན་རུ་མཚོན་བ་དན་ལ་སོགས་པ་ལ། བརྡེག་པ་ནི་མདའ་གཞུ་ལ་སོགས་པ་དང༌། མངགས་པ་ནི་སྟག་དང་བྱི་ལ་དོམ་དྲེད་ལ་སོགས་བསྣམས་པ་ནི། རིག་པ་བྱང་ཆུབ་ཀྱི་སེམས་དུས་གསུམ་དུ་མི་ནུབ་ཅིང་ཉམས་པ་འགུག་གསལ་ཐུགས་རྗེས་སྒྲོལ་བ་དང༌། འཆིང་པ་ནི་ཞབས་པ་ལྕགས་སྒྲོག་ལ་སོགས་ལ། གནོན་པ་ནི་བྲག་ཆེན་ལ་སོགས་དང༌། འདྲེན་པ་ནི་ལྕགས་ཀྱུ་ཤ་ཟུངས་ལ་སོགས་དང༌། འགུགས་པ་ནི་འབྲུག་ཁྱུང་ལ་སོགས་དང༌། འདྲེན་པ་ནི་དོམ་དྲེད་གཟེ་མ་ལ་སོགས་དང༌། འདེབས་པ་ནི་ཕུར་པ་སྟེ་ཐུགས་རྗེས་སྒྲོལ་བ་དང༌། ཐར་ལམ་ནི་ལམ་བགྲོད་མེད་གཅིག་ཆོད་དུ་སྟོན་ལ་གཡང་གཞི་བདུད་སྲིན་ལ་སོགས་དང༌། འགུག་པ་དཔྱང་བུ་རླུང་གི་དང༌། ཀས་ཤམ་སྟེ་སྟག་གཟིག་ལ་སོགས་པ་དང༌། གདུལ་དཀའ་ནི་དུག་ལྔའི་མཚན་མ་གྲོལ་བ་དང༌། གེ་ཤན་བདུད་རུ་ཏྲའི་གེགས་ཡིན་ཏེ་འདུལ་བ་དང༌། ཐུགས་ཉིད་སྐྱོན་བྲལ་དུ་གནས་པས་དྲི་མེད་པད་མ་དང༌། ཐུགས་རྗེས་ཟུང་འཇུག་ཐུགས་རྗེས་འགྲོ་དོན་མཛད་པས་ཉི་ཟླ་དང༌། རྣམ་ཤེས་ནི་མཆོད་པའི་ལྷ་མོ་བརྒྱད་ལ་ཡབ་ཡུམ་ནི་གསས་ཆེན་བརྒྱད་སྟེ་སྐུ་དང་ཡེ་ཤེས་ཐམས་ཅད་དེར་མ་འདུས་པ་མེད་པས་འདུས་ཞེས་བྱའོ།། ཁྱེད་ནི་ལ་སོགས་གཞན་ནས་བཙལ་དུ་མེད་དེ་རང་སེམས་སངས་རྒྱས་སུ་ལྷུན་གྱིས་གྲུབ་པ་དེ་ཐོག་དང་སྟེ་དུས་གསུམ་དུ་ཕྲོས་༼སྤྲོས༽་པ་དང༌། འཁོར་བའི་མཐར་མི་འགྱུར་བ་སྐྱེ་མེད་སྤྲོས་བྲལ་དུ་གནས་པ་སྟེ། བདག་ཅག་ཤ་ཁྲག་གི་གདོས་པ་ལ་ཞེན་པ་དང་བཅས་པས་མ་རིག་འཁྲུལ་པའི་མུན་པ་དང་བཅས་པས་མ་རྟོགས་ཏེ། རྟོགས་པའི་ཐབས་སུ་མདུན་ནས་ཏེ་རང་ལ་གནས་བཞིན་པ་ལ་རྩོལ་བས་གཞན་ནས་བཙལ་བས་མི་རྙེད་པས་ཁུམས་པར་མ་གྱུར་ཅེས་བྱ། དེའི་ཕྱིར་དཀའ་བ་སྟེ་ཤེས་རབ་རྣམ་གསུམ་སྦྱངས་ཤིང་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པས་དུས་འདིར་ཏེ་ཉོན་ཤེས་ཀྱི་སྒྲིབ་པ་བྱང་ནས་ལྷ་སྟེ་ཕྱི་བདེར་གཤེགས་དང༌། ནང་ཡེ་ཤེས་དང་གསང་བ་སེམས་ཉིད་ཀྱི་དོན་མངོན་གསུམ་དུ་མཐོང་བས་ན་ཁུམས་ཞེས་བྱ། དེ་མང་དུ་ཡོད་དམ་སྙམ་ན་མ་ཡིན་ཏེ་ལམ་པ་དུ་མ་ཡོད་ཀྱང་མངོན་གྱུར་དུ་རྟོགས་པ་རེ་རེ་ཙམ་ཏེ་ཉིན་པར་གྱི་སྐར་མ་ལྟར་དཀོན་པས་འགའ་ཞེས་བྱ་ལ། འོ་ན་ཁྲོ་ཚོགས་དེ་དག་རེ་རེ་བསྒྲུབ་དགོས་སམ་སྙམ་ན་མ་ཡིན་ཏེ་གཙོ་བོ་ཆེན་པོ་ཉིད་བསྒྲུབ་ན་ཐམས་ཅད་ཤུགས་ལ་འགྲུབ་པ་སྟེ་ཁྲོ་ཚོགས་ཐབས་ཅད་གཙོ་བོ་ཆེན་པོ་ཉིད་ཀྱི་ངང་ཡིན་ཞེས་བྱའོ།། དེ་ལྟ་བུའི་གཙོ་བོ་གྲུབ་པ་ལ་ཕྱག་འཚལ་བའོ། འགྱུར་མེད་ནི་ཞལ་མཐོང་བའི་དོན་ཇི་ལྟར་གནས་པའི་ངོ་བོ་ཉིད་ལས་མི་འགྱུར་བས་ན་བརྟན་པར་བཞུགས་ཞེས་བྱ་ལ། གཉིས་མེད་དཀྱུས་གསལ་ལོ།། ཨཱོཾ་ནི་ཞེས་སེམས་ཉིད་ཡེ་ནས་ཡེ་ཤེས་ཆེན་པོ་ཁྱབ་གདལ་དུ་གནས་པའི་གོང་ན་གཞན་མེད་ལ། དེ་རོལ་པ་ཆོ་འཕྲུལ་ལས་སྣང་སྲིད་ཁྲོ་ཚོགས་ཀྱི་རང་བཞིན་དུ་གྱུར་ཏེ་དེ་དག་གིས་བསྭོ་སྒྲ་སྟེ་བོན་སྐུའི་སྒྲས་གང་ལ། དེ་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དངོས་མཚན་དུ་འཛིན་པའི་མཚན་མ་རང་གྲོལ་དུ་འཇོམས་པའི་གླུ་བླངས་པས། དེའི་ཡོན་ཏན་གྱིས་དུ་ཏི་སྟེ་ཞེ་སྡང་གིས་བསྐྱེད་པ་དམྱལ་བའི་ངུ་སྒྲ་ཐིག་ནག་སྟེ་རྡུལ་གྱི་མཚན་མ་དེ་དག་རང་དཔུང་འཇོམས་ལ། བདག་དང་ནི་བདག་གི་སེམས་ཉིད་སྟོང་ཉིད་དུ་གནས་པ་དང༌། བདེར་གཤེགས་ཀྱི་ཐུགས་ཉིད་སྟོང་ཉིད་དུ་གནས་པ་གཉིས་དབྱཻར་མེད་གཅིག་ཏུ་གྲོལ་བས་བདག་དང་བདག་ཞལ་མཇལ་བའི་གླུ་ཡིན་ལ། དེ་ཁྲོ་ཚོགས་ལ་ཕུལ་བས་འགྲོ་དྲུག་གི་སྡུག་བསྔལ་སངས་པ་ལ་ཡེ་ཤེས་ཀྱི་སྤྲོ་བ་སྐྱེད་པར་གྱུར་ཅིག་ཅེས་བྱ། མུ་ཡེ་ཧ་ར་ནི་དབྱིངས་ཤེས་དབྱེར་མེད་ཀྱིས་འགྲོ་དྲུག་གི་སྡུག་བསྔལ་གྲོལ་བར་བྱེད་པའོ། སྲ་བརྟན་ནི་འགལ་རྐྱེན་གྱིས་གཞིག་ཅིང་གཞོམ་དུ་མེད་ལ། ཉེ་ལོ་ནི་ལོངས་སྐུའི་སྒྲ་ལས་དེ་མེ་ལོང་ཡེ་ཤེས་ཀྱི་རྟག་ཆད་དུ་འཛིན་པ་རང་གྲོལ་དུ་འཇོམས་པའི་དབྱངས་དེའི་ཡོན་ཏན་གྱིས་དུད་མུར་ཏེ་གཏི་མུག་གིས་བསྐྱེད་པའི་བྱོལ་སོང་གི་སྡུག་བསྔལ་སངས་པ་ལ་སོགས་སོ།། འབར་བ་ནི་སྐུ་སེམས་ཉིད་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དབལ་དུ་འབར་བ་སྟེ་ཐུན་ནི་ངོ་བོ་ཉིད་ཀྱི་སྒྲ་སྟེ་མཉམ་ཉིད་ཡེ་ཤེས་ཀྱི་བདག་གཞན་ལ་སོགས་གཉིས་འཛིན་གྱི་མཚན་མ་འཇོམས་པའི་གར་ལ། དེས་རྩོད་པ་སྟེ་ང་རྒྱལ་གྱིས་ལྷ་མིན་གྱི་སྡུག་བསྔལ་སངས་པ་ལ་སོགས་པའོ། འཆི་མེད་ནི་སེམས་ཉིད་སྐྱེ་འཆི་འདུ་འབྲལ་དང་བྲལ་བ་ལ། སྤུངས་སོ་ནི་སྤྲུལ་སྐུའི་སྒྲ་སྟེ་སོར་རྟོགས་ཡེ་ཤེས་ཀྱིས་བདག་གཅིག་པུར་རང་དབང་ཅན་རང་གྲོལ་དུ་འཇོམས་ལ། དེས་སྲིད་རྒྱུད་སྟེ་འདོད་ཆགས་ཀྱིས་ཡི་དྭགས་ཀྱི་སྡུག་བསྔལ་རང་སང་དུ་འཇོམས་པ་ལ་སོགས་པའོ།། བདུད་མེད་ནི་ལྷན་སྐྱེས་ལ་སོགས་ཀྱི་བདུད་དང་བྲལ་བས་སྲོག་གི་གསད་གསོ་མེད་ལ། ཐད་དོ་ནི་མངོན་བྱང་གི་སྒྲ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་བྱ་རྩལ་གྱི་མཚན་མ་རང་གྲོལ་དུ་འཇོམས་པའི་འགྲོས་ལ། དེའི་ཡོན་ཏན་གྱིས་འཕོ་འགྱུར་ཏེ་འཕྲག་དོག་གིས་འཐའ་འཁོབ་མིའི་སྡུག་བསྔལ་སངས་པ་ལ་སོགས་པའོ།།
དེ་ནས་ཚོགས་ཀྱི་མཆོད་པ་འབུལ་བ་ནི་སྤྱན་གཟིགས་ནི་སྣ་ཚོགས་ཀྱིས་སྣོད་བཀང་ལ་ཡིག་འབྲུ་ལྔས་སྣོད་སྟོང་གསུམ་དུ་བསྐྱེད་ལ་ཁམས་གསུམ་གྱི་ལས་དང་ཉོན་མོངས་བཅུུད་ལ་བསྟིམས་ལ་སྔར་བཞིན་སྦྱང་སྤེལ་བྱིན་གྱིས་བརླབས་ལ།། ཨཱོཾ་ཡེ་ཤེས་ནི་རང་བཞིན་རྣམ་པར་དག་པས་སྦྲིབས་སྐྱེམས་མི་མངའ་ཡང་བདག་ཅག་བཀྲེས་སྐོམ་དང་བཅས་པའི་སྒྲིབ་པ་བསལ་བའི་ཕྱིར་དད་འདུན་གྱིས་འབུལ་བ་ནི། དབྱིངས་སྐྱེ་མེད་ཡེ་ཤེས་འགག་མེད་དབྱེར་མེད་དུ་རྟོགས་པས་དངོས་པོ་མཚན་མ་དང་བྲལ་བའི་ཚོགས་དང༌། མཁའ་གསལ་བ་ཀློང་ཡངས་པ་གཉིས་སུ་མེད་པས་སྤངས་རྟོགས་དང་བྲལ་བ་དང༌། ཐབས་མ་འགགས་པ་དང་ཤེས་རབ་མ་དམིགས་པ་གཉིས་སུ་མེད་པས་འདུ་འབྲལ་མེད་པ་དང༌། བདེར་གཤེགས་ལྷ་དང་སེམས་ཅན་སྐྱེ་འགྲོ་གཉིས་སུ་མེད་དེ་ཁམས་དང་སྐྱེ་མཆེད་ཡེ་ནས་ལྷ་རུ་གནས་པ་དང༌། གཟུང་བའི་ཡུལ་དང་འཛིན་པ་གཉིས་སུ་མེད་པས་ཕྱི་ཡུལ་དང་ནང་ཡུལ་ཅན་དབྱེར་མེད་ཉག་ཅིག་ཏུ་རྟོགས་པའི་ཚོགས་དེ་དག་ཀྱང་གསལ་ཆ་ཡེ་ཤེས་རྣམས་སྟོང་ཆ་དབྱིངས་སྐྱེ་མེད་དུ་རོལ་ཏེ་བཞེས་སུ་གསོལ་ཞེས་བྱའོ། མུ་ཡེ་ནི་དབྱིངས་ཤེས་དབྱེར་མེད་ཀྱི་ལྷ་ཚོགས་ཀྱི་དབྱིངས་སུ་ཐིམ་པའོ། དེ་ལྟར་དབྱེར་མེད་ཀྱི་དོན་མ་རྟོགས་སྟེ་གཉིས་འཛིན་ལ་སོགས་པར་ལོག་པར་རྟོག་པ་རྣམས་སྣོད་སྟོང་གསུམ་ལ་བཅུད་ཁམས་གསུམ་བསྟིམ་ནས། ཚད་མེད་ཀྱིས་ཀུན་ནས་བསླང་པའི་དམིགས་མེད་ཀྱི་ཐུགས་རྗེས་བསྒྲལ་ནས་འདོད་སྤྱོད་སྟེ་དྭངས་མ་མཆོད་པའི་ལྷ་མོ་དང་ཁུ་བ་བདུད་རྩི་རྩིགས་མ་འདོད་པའི་ཡོན་ཏན་གྱི་ལོངས་སྤྱོད་དུ་བྱིན་གྱིས་བརླབས་ལ། ཡེ་ཤེས་ཁྲོ་ཚོགས་ཀྱི་འཁོར་ལས་དང་སྤྲུལ་པ་འཇིག་རྟེན་པ་རྣམས་དམིགས་པའི་གནས་སུ་གཤེགས་ནས། དེ་དག་ལ་མཆོད་པ་འབུལ་བ་ནི་སེ་ཤ་མཇིང་པ། ཀམ་ཤ་སོག་པ། པུ་ཤ་མགོ་བོ་དང༌། དུ་བཏུང་པའི་རིགས་སམ་དཀར་མངར་གྱི་རིགས། བོང་ངེ་བཤོས་ཀྱི་རིགས་སོགས་ཁུངས་སུ་སྤྱན་གཟིགས་སྣ་ཚོགས་དང་འཁྲས་པ་བརྟེན་གནས་ལ་སོགས་དང༌། གཟུགས་ལ་སོགས་ཀྱི་ལྷ་གསས་གྲངས་མེད་པ་རྣམས་གླུ་གར་དབྱངས་དང་ཚོམ་ཚོམ་སྟབས་སུ་བསྒྱུར་བ་དུ་མར་སྤྲུལ་ལ་ཕུལ་བས་ཐུགས་རྗེས་འགྲོ་ལ་བྱིན་གྱིས་རློབས་ལ་མཆོད་པ་དབྱིངས་སུ་བཞེས་ཞེས་བྱ། དྲུང་རིན་པོ་ཆེ་དང་ཟད་འབྲུའི་རིགས་དང་རི་རྭང་རི་རབ་ཙམ་དུ་སྤྲུལ་པ་དེ་ལྷ་ཚོགས་ཀྱི་ཞལ་དུ་ཐིམ་ཞིང་དབྱིངས་སྐྱེ་མེད་དུ་རོལ་པའོ།། སྐབས་འདིར་མཆོད་པ་བརྒྱད་ཀྱང་སྔར་བཞིན་དབུལ་ལོ། ཨའོཾ་སྲིད་པ་ནི་གསང་སྔགས་ཀྱི་སྒོར་ཞུགས་པའམ་ཕྱི་ནང་གི་སྲིད་པ་ཆགས་ནས་ད་ལྟའི་བཤགས་པའི་དུས་འདིའི་བར་དུ་ཡེ་ཤེས་ལ་སོགས་སྔར་བཞིན་ནོ། ཏིང་ངེ་འཛིན་གྱི་ལྷ་མ་གསལ་ཅིང་སྙིང་པོའི་གྲངས་ཆགས་དང་ཕྱག་རྒྱའི་གྲྭ་ཉམས་པ་དང་ལྷ་དང་བླ་མ་ལ་མོས་གུས་མ་བྱས་ཤིང་སྐུ་སྨད་པ་དང༌། དབྱིངས་ནི་སྐྱེ་མེད་ཀྱི་ངང་ལས་བསྐྱེད་རིམ་བྱས་ཀྱང་འགག་མེད་ཀྱི་ཀློང་དུ་རྫོགས་རིམ་ཨ་༼མ༽བྱས་པས་ལྷ་མ་འདུས་པ་དང༌། ལུང་བཞིན་མ་གྲུབ་༼སྒྲུབ༽ཅིང་རྣམ་རྟོག་གི་བློས་བཀའ་ལ་རང་བཟོ་དང་ལྷ་བླ་མའི་དཀོར༼བཀའ༽་ལ་ར་ཆོད་བྱས་པ་རྣམས་དང༌། ཚོགས་གཏོར་རྒྱ་ཆུང་ཞིང་བྱིན་རླབས་ཆུང་བས་ཐུགས་དམ་མ་སྐོངས་པས་ཁྱོད་ཀྱི་ཐུགས་དང་འགལ་བ་དག་བཤགས། ཞེས་བྱ། ན་མ་ནི་བག་ཆགས་སྒྲིབ་པ་བྱང་ཞིང་དག་ནས་ཚངས་པའི་དངོས་གྲུབ་གསལ་བས་ན་ཧ་ཧེ་ཨཱོཾ་ཞེས་བྱའོ།། དེ་ནས་སྐབས་འདིར་དགྲ་བགེགས་ལ་དམིགས་ན་བགེགས་ལིང་བཅུ་དགུག་གཞུག་བྱས་ལ་ཁྲོ་ཆེན་གྱི་རྒྱུ་བཞི་བསྐུལ་ཅིང་ཕུར་པས་བཏབ་ལ་བསྟབ་པ་བྱ་སྟེ། བསྭོ་ནམ་མཁའ་ཡངས་པའི་ཞལ་དུ་སྣང་སྲིད་ཀྱི་མཚན་མ་ཁྲོག་རླག་ཏུ་བསྟབ་ལ་དེ་བཞིན་དུ་བོན་ཉིད་ཀྱི་དབྱིངས་སུ་བོན་ཅན་གྱི་མཚན་མ་བསྟབ་ལ་ཡེ་ཤེས་ཀྱི་ངང་དུ་དུག་ལྔ་བསྟབ་པ་དང༌། ཁྲོ་ཚོགས་ཞལ་དུ་དགྲ་བགེགས་བསྟབས་ཞེས་འབྲུ་བཏུས་ལ་བཤད། དེ་རྣམས་དབྱེར་མེད་དུ་རྟོགས་པས་གཉིས་མེད་དུ་རོལ་པ་དྲག་པོའི་ང་རོས་དགྲ་བགེགས་སྒྲོལ་བས་རྐན་སྒྲ་བརྡབ་པས་སྒྲུབ་གཤེན་ལ་དགྱེས་པ་དང་དུན་དུན་མྱུར་དུ་གསོལ་བའོ། དེ་ནས་ཚོགས་ཕུད་འབུལ་དམར་སྦྲེང་ཐུགས་དམ་གྱི་རྒྱུད་བསྐུལ་ལ་གཤེན་རྣམས་ཚོགས་རོལ་ལ་སྨོན་ལམ་གདབ་སྟེ། དེ་ལྟར་གསང་སྔགས་གསང་བ་ཟབ་མོ་གཉིས་དོན་གྲུབ་པ་ངོ་མཚར་བས་ཨེ་མ་ཧོ་ཞེས་བྱ། བདག་ཅག་ནི་ལམ་རྒྱུད་ལ་བརྟེན་ཅིང་ཉམས་སུ་ལེན་པའི་སྒྲུབ་པ་པོ་གྲངས་དང་བཅས་པ་རྣམས་ཀྱིས་ལ་གསང་བ་ནི་དམ་མེད་དམ་ལོག་དམ་མ་འདྲེས་པ་ལ་གསང་བ་ཟབ་མོ་གཉིས་དོན་གྲུབ་པ་ལ་ངོ་མཚར་བས་ཨེ་མ་ཧོ། ཞེས་བྱ། ༼བདག་ཅག་ནི་ལམ་རྒྱུད་ལ་བརྟེན་ཅིང་ཉམས་སུ་ལེན་པའི་སྒྲུབ་པ་པོ་གྲངས་དང་བཅས་པ་རྣམས་ཀྱིས་ལ། གསང་བ་ནི་དམ་མེད་དམ་ལོག་དམ་མ་འདྲེས་པ་ལ་གསང་༼འདི་ལན་གཉིས་འདུག་པས་དཔྱད་པར་འཚལ།༽བ་སྟེ་གཙོ་བོ་ཆེན་པོའི་ཐུགས་ཀྱི་བརྣག་པ་མངོན་དུ་ཕྱུང་ནས་བསྒྲུབ་པའི་དོན་དེ་ལ་རྣམ་རྟོག་ནི་མི་རྟོག་པའི་དོན་ལས་ཉོན་མོངས་པ་རང་གཞན་ལ་སོགས་སུ་བཟུང་ནས་ཆགས་སྡང་གི་དབང་གིས་འཚེ་བ་དག་བཟློག་ཏུ་གསོལ་བ་དང༌། དེ་བཞིན་དུ་ལོག་པས་ཏེ་བདག་མེད་ལས་བདག་ཏུ་བཟུང་ནས་རྟག་ཆད་དུ་རྟོག་པས་དོན་ལ་འགལ་བ་དག་བདག་མེད་དུ་བསྒྱུར་བ་དང༌། མ་རྟོགས་པ་ནི་ཕྱོགས་མཚམས་༼ཙམ༽བློ་ཁ་མ་ཕྱོགས་པས་ཡང་དག་པའི་དོན་ལ་གལ་པོར་རྩོད་པ་དང་གནས་སྐབས་སུ་ཡང་སྒྲུབ་པ་པོ་ལ་བར་ཆད་དུ་གཅོད་པ་དག་སྐྱེ་མེད་དུ་བསྒྲལ་བ་དང༌།། ཐེ་ཚོམ་ནི་ལམ་འབྲས་ལ་སོགས་ལ་ཡོད་མེད་དང་རེ་དྭོགས་ལ་སོགས་སུ་བློ་རྩེ་གཉིས་ཀྱི་རྣམ་པ་ཅན་གྱིས་ཡིད་མི་བདེ་སྟེ་བློ་འཁྲུགས་པ་དག་བདེ་བའི་ཀློང་དུ་བཅིང་བ་དང༌། མི་མཐུན་པ་ནི་དེ་ལས་སོགས་ཏེ་རྐྱེན་དང་བར་ཆོད་ཀེག་དང་ལྟས་ངན་ཕུར་དབལ་དང་ཟོར་ཁ་ལ་སོགས་པ་རྣམས་མི་གནས་ཏེ་འགག་མེད་ཀྱི་ཀློང་དུ་མཉམ་པར་མཛད་དུ་གསོལ། ཅེས་འབྲུ་བཏུས་ལ་བཤད་དོ། དེ་ལས་གཞན་པ་ཡང་ཉོན་མོངས་པའི་སྒྲིབ་པ་མུན་པ་ལྟ་བུས་འཁོར་བ་བསྐྱེད་པ་བསལ་ནས་རྒྱུ་བསོད་ནམས་ཀྱི་ཚོགས་རིན་པོ་ཆེའི་གཏེར་ལྟར་དགོས་འདོད་འབྱུང་པ་རྫོགས་པ་དང༌། ཤེས་བྱའི་སྒྲིབ་པ་ལུས་ཀྱི་གྲིབ་མ་ལྟ་བུས་སྐུ་དང་ཡེ་ཤེས་ལ་གེགས་བྱེད་པ་བསལ་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་མཁའ་ལ་ཉི་མ་ཤར་བ་ལྟ་བུ་སྐུ་དང་ཡེ་ཤེས་སུ་རྫོགས་ནས་འོག་ནས་འབྱུང་བ་ལྟར་བདེ་བར་གཤེགས་པའི་རིག་འཛིན་པ་བརྒྱད་དུ་གྲུབ་སྟེ་སྤངས་རྟོགས་ཕུན་ཚོགས་སུ་སངས་རྒྱས་པར་གྱུར་ཅིག ཅེས་བྱའོ།།
དངོས་གྲུབ་ལྷ་ཡི་ཡང་སྙིང་ལ་ད་ནི་ཞེས་པ་རྟགས་བསྒྲུབ་ཚར་བའི་རྗེས་ལ་དངོས་གྲུབ་ལེན་པ་སྐབས་སུ་བབ་པ་སྟེ། དེ་ཡང་དབང་གི་སྒྲུབ་པ་དྲུག་ནི་གཞུང་འདི་བསྡུས་པའི་གཞུང་དུ་སྟོན་པས་གསང་ཐུས་དང་གཅིག་སྟེ། མཆོག་ཐུན་མོང་གི་དངོས་གྲུབ་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལ་ལེན་པས་ཡང་སྙིང་ཞེས་བྱ་སྟེ།། རྟགས་སྒྲུབ་དྲུག་ནི་ངོ་མཚར་གྱི་བསྒྲུབ་པ་དྲུག་རྟགས་ཀྱི་ཡན་ལག་ཏུ་བསྒྲུབ་ལ་དེའི་འཇུག་དངོས་གྲུབ་སྡུད་པ་སྟེ། ཚུལ་ནི་དངོས་གྲུབ་ཀྱི་ཟས་སྐོམ་བཤམ། བར་ཆོད་ཀྱི་བགེགས་བསྐྲད། དཀྱིལ་འཁོར་གྱི་སྒོ་དབྱེ། དབང་གི་བྱིན་དབབ། དབང་ཞུ་བ་ཡོད་ན་དབང་བསྐུར་སྐབས་དང་སྦྱར་ཞིང་ཁྲོ་དབང་གི་ལྷ་ལ་དངོས་གྲུབ་བླང་ལ་ཚིག་ཏུ་བརྗོད་པ་འདི་སྐད་དོ།། སྟོང་གསུམ་ནི་དཀྱིལ་འཁོར་ནི་ཁམས་གསུམ་ལྷུན་རྫོགས་སུ་བསྐྱེད་པ་ལ་རི་རབ་ནི་བུམ་པ་རི་རབ་ལྷ་ཡི་གཞལ་ཡས་སུ་བསྐྱེད་པའི་ཁ་རྒྱན་དཔག་བསམ་གྱི་སྡོང་པོའི་ཡལ་ག་ཡན་ལག་ལྔ་དང་ལྡན་པ་ལ། འདོད་ཡོན་གྱི་འདབ་མ་འོད་ཀྱི་མེ་ཏོག་སྙིང་པོ་འབྲས་བུ་སྨིན་པ་ནི་སེང་གེ་ལ་སོགས་པ་ལྔ་ཕྱོགས་བཞི་དབུས་ལྔར་གྲུབ་ཅིང་དེ་ཡང་དུག་ལྔ་གྲོལ་བའི་ངོ་བོ་དངོས་སུ་གྲུབ་པ་ལ། དེའི་སྙིང་པོ་ཡེ་ཤེས་ལྔའི་ངོ་བོ་ཀུན་སྣང་ལ་སོགས་ལྷ་ལྔར་གསལ་ལ་དེ་ཡི་ཡང་སྙིང་༼པོའདི་མི་དགོས་པ་འདྲ་བས་དཔྱད་པར་འཚལ།༽་ནི་སྐུ་གསུང་ཐུགས་སྟེ་གནས་གསུམ་ནས་ཨ་ཨོའྃ་ཧཱུྃ་གསུམ་དུ་གྲུབ་ལ། དེ་དག་ལས་དཀར་བ་སྐུ་དམར་བ་གསུང་སྣུམ་པ་ཐུགས་ཀྱི་ཐིག་ལེ་འཕྲོས་པས་སློབ་མའི་གནས་གསུམ་དང་སྤྱན་གཟིགས་ལ་འཕྲོས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པས་ན་བཞེས་ཞེས་བྱ། དེ་ལ་ནི་དཔེ་ལ་དེ་དང་འདྲ་བར་ལྷ་ཚོགས་ཀྱི་ཐུགས་ཉིད་སྤྲོས་བྲལ་བདག་གི་སེམས་ཉིད་སྤྲོས་བྲལ་གཉིས་ངོ་བོ་དབྱེར་མེད་བོན་སྐུར་གནས་པས་གཉིས་སུ་མེད་ཅེས་བྱ། གསེར་ནི་དཔེ་ལ་བདག་གི་ཕུང་པོ་ཡེ་ནས་ལྷ་ཚོགས་སུ་གནས་པ་དེ་གསལ་བཏབ་ནས་བསྒྲུབས་པས་གྲུབ་པས་ན་དེ་བས་ལོགས་གཞན་ན་ལྷ་བཙལ་དུ་མེད་རིག་པ་ཉིད་ལྷ་རུ་གསལ་ལ་དེའི་ཕྱིར་དངོས་གྲུབ་སྐུ་གསུང་ཐུགས་ཀྱི་ཐིག་ལེ་སེམས་ཉིད་ཡེ་ཤེས་ཆེན་པོའི་ཐུགས་ཀྱི་ངང་ལ་མཉམ་ཞེས་བྱ། ཞེས་བྱས་ལ་དངོས་གྲུབ་ལ་རོལ་ལོ།།
དམ་བཅའ་བ་ལ་གཤེན་མཆེད་རྣམས་དམ་ཚིག་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་བཅའ་དལ་གསུམ་གྱི་ལྷ་ཚོགས་གསལ་གདབ་སྙིང་པོ་ཅི་རིགས་པ་བགྲང་ཞིང་འོད་ཟེར་གྱི་འཕྲོ་འདུ་བྱས་ལ་འདི་སྐད་བརྗོད་དེ།། ཨེ་མ་ཧོ། སྔར་གྱི་དོན་ཉམས་སུ་མྱོང་པ་ལ་ངོ་མཚར་ལ་གཤེན་གྲོགས་སྒྲུབ་པ་པོའི་སྔོན་ཚེ་ནི་སྐྱེ་བ་དུ་མའི་གོང་ནས་ཡི་དམ་དང་དཔོན་གསས་ལྷ་རུ་རྟོགས་པ་དང་སྣང་སྲིད་གཞལ་ཡས་སུ་རྟོགས་པ་དང་མཆེད་༼ལྕམ༽ལྷ་དང་ལྷ་མོ་རུ་དམ་ཚིག་འབྲེལ་ནས་དེ་དག་བདག་གི་ལྷར་བསྒྲུབ་ན། དུས་ནི་ད་ལྟ་དམ་བཅའ་བའི་དུས་ཉིད་དུ་སྔར་ལམ་རྒྱུད་ལ་བརྟེན་པའི་སྒྲིབ་པ་རྣམ་པ་གཉིས་བྱང་ནས་དོན་དམ་པར་སེམས་ཉིད་བོན་སྐུ་ཉག་གཅིག་དང་ཀུན་རྫོབ་དུ་ཡི་དམ་ལ་སོགས་རྣམས་ལྷ་དང་དབྱེར་མེད་དུ་ཞལ་མཐོང་པས་ཁུམས་ཞེས་བྱ། དེ་ལྟར་མཐོང་ཞིང་གྲུབ་པས་སེམས་ཉིད་བོན་སྐུ་བདེ་བ་ཆེན་པོ་ཐིག་ལེ་ཉག་གཅིག་ཏུ་གསལ་ལ། དེའི་ཡོན་ཏན་གྱིས་བདག་དང་ཡི་དམ་ལ་སོགས་པ་གཉིས་སུ་མེད་དེ་ཀུན་ཏུ་བཟང་པོ་ཁྱབ་བདལ་གྱི་ངང་དུ་བདེ་ཞེས་བྱ། དེའི་ཕྱིར་ཡི་དམ་ལ་སོགས་མི་སྤོང་སྟེ་དུས་གསུམ་འདུ་འབྲལ་མེད་པར་བསྒོམ་ལ་བསྒོམས་པའི་ཡོན་ཏན་གྱིས་གཡུང་དྲུང་སྟེ་དེའི་དོན་ལ་འཕོ་འགྱུར་མེད་ལ་གཞན་སྣང་དུ་ཡེ་ཤེས་ཀྱི་འོད་ཟེར་སེམས་ཉིད་སྙིང་པོའི་དོན་ལ་འཕྲོས་པས་འགྲོ་དྲུག་གི་སྟེ་སེམས་ཅན་ཐམས་ཅད་ཀུན་ཏུ་བཟང་པོ་ཕྱོགས་རིས་ཡོངས་དང་བྲལ་བའི་བོན་ཉིད་དུ་གསལ་བར་གྱུར་ཅིག་ཅེས་བྱ། ཞེས་དམ་བཅའ་བ་ནི་དེ་ལྟར་བརྗོད་ལ་གྲངས་དང་ཐུན་དུ་བཅད་ལ་དམ་བཅའ། དམ་ཚིག་ལ་ཉམས་པ་ཡོད་ན་བཤགས་བྱ་བྱས་ལ་བསྐྱར་སྟེ་རིན་ཆེན་བུམ་པས་ནོད། ཕྱི་མ་སྤྱིར་ན་ཀྱང་འོག་ནས་སྟོན་པ་སྙིང་པོ་བཅུད་དུ་དྲིལ་བས་ཡང་སྙིང་ལ་ཀུན་བཟང་ཐུགས་ཀྱི་བརྣག་པ་མངོན་དུ་བྱུང་པས་དབལ་གསས་རྔམ་པའི་ཆོག་ཁྲིགས་མ་ནོར་བར་གཏན་ལ་ཕབ་པའོ།།
ཕུད་སྦྱང་པ་ལ་སྤྱིར་གཅིག་པའི་དོན་འདིར་སྟོན་པས་འདི་ལྟ་སྟེ་ཞེས་བྱ་ལ། དེ་ཡང་འཕྲིན་ལས་བཞི་དང་སྦྱར་བའི་མེ་ཐབ་ཅིག་བརྩེགས། གཏའ་ཆེན་གྱི་གའུ་ཕྱག་རྒྱས་བཀྲོལ་ལ་བཤམ། གཞན་ཡང་མཆོད་པ་སྣ་ཚོགས་བསགས། བདག་དབལ་གསས་ཀྱི་གནས་གསུམ་དུ་མེ་ལྷ་གསུམ་དུ་བསྐྱེད། དེ་ཡི་ཐུགས་ཀ་ནས་ཡིག་འབྲུའི་འཕྲེང་བ་འཕྲོས་པས་མེ་ཐབ་མེ་ཡི་གཞལ་ཡས་སུ་མེ་ལྷ་བཞི་བཅུ་རྩ་གཉིས་གསལ་བར་བསྐྱེད་ལ། ཕུད་དབལ་གཏོར་གོང་མ་མཆོད་པའི་ལྷ་མོ་དང་འདོད་ཡོན་དུ་དམིགས་ལ་མེ་རུ་དབུལ་ཞིང་འདི་སྐད་བརྗོད་དོ། སྦྱངས་ཞེས་པ་ལ་གང་སྦྱངས་ན་སྤྱི་སྤུངས་ཏེ་ཟད་པ་མེད་པའི་གཏེར་མ་བགོས་སྤྱི་ལ་བཞག་ལ། དེ་ཡང་ལྷ་ཚོགས་ཀྱི་ཐུགས་མི་གཡེལ་བའི་གཏའ་རུ་བཟུང་པས་ན་གཏའ་ཆེན་དང། ཚུལ་ནི་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་རླབས་པ་སྟེ་ཕྱག་རྒྱས་བཀྲོལ་བས་ཀློང་བསྐྱེད་དང༌། བདུད་རྩི་དེ་ཉིད་ལས་ཡེ་ཤེས་ཀྱི་འོད་ཟེར་གྱིས་མཆོད་པའི་ལྷ་མོར་སྤྲོས་པ་དང་སྤྲོས་རྒྱུ་དེ་རང་གང་ཞེ་ན་བདུད་རྩི་སྟེ་ཟད་པ་མེད་པའི་གཏེར་ཆེན་དེ་ལ་གང་དུ་ན་གནས་སུ་སྟེ་དུས་བཞི་རྒྱལ་མོའི་ཞལ་དུ་དང༌། དེའི་ཡོན་ཏན་ནི་བསོད་ནམས་ཏེ་གཏེར་དུ་སྦས་པ་ལྟར་དགོས་འདོད་ཐམས་ཅད་འབྱུང་པའི་ཡོན་ཏན་ཡོད་པས་ན་གཞག་ཅེས་བྱའོ། སྲིད་པའི་རྒྱལ་མོ་ནི་བོན་ཉིད་ཀྱི་དབྱིངས་ཏེ་གཞན་སྣང་ཁྲོ་མོར་བྱོན་པའི་ཞལ་ཕྱོགས་བཞིར་གཟིགས་པས་ནམ་ཟླ་དུས་བཞིར་ཤར་ཞིང་དུས་བཞི་ཡུམ་ལ་འདུས་པས་རྫོགས་པའི་ཞལ་ལ། དེ་ཉིད་ནི་དུས་བཞི་སྐྱེ་མེད་ཀྱི་སྟོང་ཆའི་ཧོམ་ཞལ་དུ་ཕུང་པོ་ལྔ་ལྷ་ལྔའི་ངོ་བོར་རང་གྲོལ་དུ་སྒྲོལ་ནས་ཧོམ་ཤིང་སྦམ་ལ། བདག་གི་ཐུགས་ལས་ཨ་སྤྲོས་པས་ཤིང་ཡེ་ཤེས་ཆེན་པོ་ལྔ་ཡི་མེ་རུ་འབར་ཏེ་དུག་ལྔས་དབང་བྱས་པའི་སྒྲིབ་པ་བསྲེགས་ཤིང་སྦྱངས་པས་དུག་ལྔ་གྲོལ་བས་ཡེ་ཤེས་ལྔ་ཡི་མེ་རུ་འབར་སྟེ། ཐབས་མེ་ཐབ་ལྷ་དང་གཞལ་ཡས་སུ་གསལ་བ་དང་ཤེས་རབ་དེ་ཉིད་སྐྱེ་མེད་དུ་སྟོང་པ་གསལ་སྟོང་གཉིས་མེད་ཀྱི་མེ་ཆེན་ལ། གཏའ་ཆེན་ཏེ་སྔར་གྱི་མཆོད་པ་སྤྲིན་དཔུང་ཙམ་དུ་ཕུལ་བས་ལྷ་ཚོགས་རྣམས་ལ་མཆོད་པའི་ལྷ་རྣམས་ཐིམ་པས་གཉིས་སུ་མེད་པས་ན་ལྷ་རུ་ཐིམ་ཞེས་བྱ། དེ་ལྟར་ཐིམ་པའི་ཡོན་ཏན་གྱིས་མེ་འོད་སྟེ་གསལ་སྟོང་དབྱེར་མེད་ཀྱི་བོན་དབྱིངས་ལས་རང་བཞིན་ནི་དེ་ཁོ་ན་བོན་སྐུ་ཡིན་པས་དེ་ལ་ཐིམ་པའི་བྱིན་བརླབས་ཀྱིས་ཐུགས་རྗེ་བཞི་སྤྲིན་གཏིབས་པ་ལྟར་ཤར་ནས་བདག་དང་འགྲོ་བ་འདྲེན་པ་དང༌། དུ་བ་ནི་ཚད་མེད་པ་བཞི་དང་དབྱེར་མེད་པ་ལགས་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་རྗུ་འཕྲུལ་ནི་དེ་དང་གཉིས་སུ་མེད་ལ་དེའི་བྱིན་རླབས་ཀྱིས་ཚད་མེད་བཞི་ཡི་ཆར་ཆེན་ཕབ་ནས་འགྲོ་བ་འདྲེན་པ་དང། མེ་ལྕེ་ནི་ཁམས་གསུམ་གྱི་སྒྲིབ་པ་སེལ་བ་སྟེ་སྤྲུལ་སྐུ་ལ་དེ་དང་གཉིས་སུ་མེད་པའི་བྱིན་རླབས་ཀྱིས་འགྲོ་བའི་རྒྱུད་ཀྱི་ཉོན་མོངས་གྲོལ་བ་དང༌། འདག་མ་ནི་དགོས་འདོད་ཚོགས་པས་འགྲོ་ལ་ཁྱབ་པ་སྟེ་ཐུགས་རྗེའི་སྤྲུལ་པ་ལ་དེ་ཉིད་མེ་ལྷ་བཞི་བཅུ་དང་དབྱེར་མེད་པ་སྟེ་རིག་པ་ནི་ལྷ་བཞིའི་ལྷ་ཚོགས་ལ་ཐིམ་པའི་བྱིན་རླབས་ཀྱིས་འགྲོ་བའི་སྡུག་བསྔལ་སངས་པ་དང༌། ཐལ་བ་ནི་ནམ་མཁས་ཁྱབ་ཚད་དུ་ཁྱབ་པ་སྟེ། ཐུགས་རྗེའི་འོད་ཟེར་ཤར་བ་ལ་དེ་ཉིད་དུས་གསུམ་བདེར་གཤེགས་དང༌། གཉིས་སུ་མེད་ལ་དེ་དུས་གསུམ་གྱི་ལྷ་ལ་ཐིམ་པའི་བྱིན་བརླབས་ཀྱིས་འགྲོ་བའི་ལས་མ་དག་པ་སྦྱོང་བ་དང༌། དེ་རྣམས་ཀྱི་ཡོན་ཏན་གྱིས་འགྲོ་བའི་དུག་ལྔ་ཡེ་ཤེས་སུ་གྲུབ་ནས་འབྱུང་བ་སྟེ་ཡུམ་བོན་ཉིད་ཀྱི་དབྱིངས་སུ་འགྱུར་མེད་སྟེ་བོན་སྐུ་རུ་གྲུབ་ལ། དེ་ཇི་སྲིད་མ་ཐོབ་པ་རྣམས་ཀྱང་ཐུགས་རྗེའི་ནུས་པས་འདོད་ཡོན་ཕྱོགས་རིས་མེད་པར་ཐོབ་པར་གྱུར་ཅིག ཅེས་བྱའོ། ཚངས་སྟང་ནི་རྃ་མེའི་དབྱིངས་ཀྱི་ལྷ་ཚོགས་མཆོད་ལ་འོད་ཀར་སླ་ཞི་ནི་ལ་སོགས་འབྱུང་བཞིའི་སེམས་ཅན་ལ་དུབ་དུབ་སྡུག་བསྔལ་ཞི་བ་དང་སད་དོ་ལྷ་དང་གཉིས་སུ་མེད་དེ་མུ་ཡེ་ཧ་ར་ཐུན་ཨ་ནི་དབྱིངས་ཤེས་དབྱེར་མེད་ཀྱི་ངང་དུ་ཐིམ་པའོ།།
དམར་ལམ་ལ་དབལ་གཏོར་གོང་མའི་འཕྲོ་དང་དེའི་འོག་མ་ཕབ་ལ་དམར་སྦྲེང་བདུད་རྩི་དང་འདོད་ཡོན་དུ་བྱིན་གྱིས་བརླབ་ལ། བདག་དབལ་གསས་སུ་གསལ་བ་མ་ཚོགས་མདུན་དུ་གསལ་བར་དམིགས་ལ་རྔ་གཤང་གི་སྒྲ་དབྱུང་ལ་ཚིག་བརྗོད་སྟེ། དབལ་གསས་ནི་དབལ་མོ་ཉེར་བདུན་དང་ཚོགས་ཞེས་པ་དགུ་ཁྲི་དགུ་འབུམ་ལ་སོགས་དང་གྱད་བཅུ་དམག་དཔོན་བཅུ་རྒྱལ་ཆེན་བཞི་ལས་མཁན་གྲངས་མེད་པ་རྣམས་ཐུགས་རྗེ་ནི་སྔོན་གྱི་སྟོན་པས་དམ་ལ་བཏགས་པ་བཞིན་བདག་ཀྱང་དབལ་གསས་སུ་བསྐྱེད་པ་དེས། སྲིད་གསུམ་ནི་སྟེང་འོག་བར་གསུམ་གྱི་གཏི་མུག་རྩད་ནས་བཅད་ན་བརྣགས་པའི་རི་བོ་དང༌། ཁམས་གསུམ་ནི་དེ་དག་གི་འདོད་ཆགས་རྩད་ནས་བཅད་ནས་ཁྲག་གི་རྒྱ་མཚོ་དང༌། དེ་ལྟར་འདོད་ཡོན་སྣ་ཚོགས་སུ་བྱིན་གྱིས་བརླབས་པའི་བཟའ་བཏུང་དེ། བཟླས་བརྗོད་སྟེ་རང་རང་གི་སྔགས་དང་བདེན་པའི་ཚིག་གིས་འབུལ་བ་སྟེ་དེའི་དོན་ལ་དམར་འབྱིན་ཏེ་ཤ་ཁྲག་གི་བདག་མོ་འཁོར་བ་རྩད་ནས་གཅོད་པ་སྤྱན་འདྲེན་ལ། དགྲ་བོ་ནི་དམིགས་པ་འདི་རྐྱང་མ་ཡིན་གྱིས་བསྒྲལ་བའི་ཞིང་གཞན་ཀྱང་འདི་ལྟར་གྱི་ལ་སོགས་པའོ། འབན་ཚོགས་གཏོར་བཟློག་ཏུ་བྱེད་ན་གྱད་ཀྱི་ཐུན་བཟློག་འབྲོང་རུར་སྔགས་ཟོར་ཆས་བྱའོ། མ་མ་ཡག་ཟུར་ནི་མ་ཚོགས་ཟ་ཁ་དགྲ་ལ་བསྟན་ཅིང་ཁ་ཁ་ཞལ་དུ་ཐིམ་པའོ། གཏོར་མ་དེའི་འོག་མ་བསྣུར་ལ་སྒྲུབ་གཤེན་གྱི་ཚོགས་ལྷག་བླུགས་ལ་ཀྱེ་བདུད་དང་ལ་སོགས་སྡེ་བརྒྱད་དང་ལྷ་སྟེ་དཔལ་མགོན་དང་འཐོར་གསས་ཏེ་རྫུ་འཕྲུལ་གྱི་ལྷ་རྒོད་བསྟན་སྲུང་དང་ཐ་ཚིག་ཅན་ཏེ་བཀའ་དང་དམ་ལས་བརྒྱ་པའི་སྨན་མོ་ལ་སོགས་རྣམས་ལ་ཐིམ་པར་བསྔོ་བའོ། སྔགས་གསུམ་ནི་སྐུ་གསུང་ཐུགས་ལ་ཐིམ་ཞིང་དགྲ་བགེགས་འདུལ་བ་དང༌། བར་དེར་ལྷ་སྲིན་གྱི་བཟློག་ཐུན་འབྲོང་རུར་སྔགས་ཟོར་ལམ་དབྱེ་ཟོར་འཕང་སྐོང་བརྡེག་པ་ལ་སོགས་བྱའོ།།
བྲོ་བརྡུང་བ་ལ་དགྲ་བགེགས་བསྒྲལ་བའི་རྗེས་སུ་གཏོར་གཞོང་སྦུབ་ལ་སྒྲུབ་གཤེན་རྣམས་དབལ་མདུང་ཐོག་པ་འམ་གཡུང་དྲུང་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་བཅས་ལ་དགྲ་བགེགས་སྐུ་དང་ཡེ་ཤེས་ཀྱི་ཟིལ་གྱིས་གནོན་པར་བསམ་ལ་བརྡུང་སྟེ། མཁའ་ཀློང་དབྱིངས་འཇིག་འབྲལ་མེད་པ་ནས་ཕྱི་ནང་གསང་བའི་དགྲ་བགེགས་བསྒྲལ་བའི་རྗེས་ཤུལ་ནི་བག་ལ་ཉལ་གྱི་བག་ཆགས་གནོན་པར་བྱེད་པ་སྟེ། དྲེགས་པ་ནི་ལྷ་བདུད་ལ་སོགས་པའི་སྟེང་དུ་རུ་བཞི་ནི་གསས་རྗེ་ལ་སོགས་འཁྲོས་པས་ཁྲོ་ཚོགས་སུ་གྱུར་པ་དེས་བྲོ་བརྡུང་པ་སྟེ། ཚུལ་ནི་ལྷའི་ངག་ལྟར་སྙན་ཞིང་དགྲ་བགེགས་ཟིལ་གྱིས་གནོན་པས་འཚོར་བའི་གླུ་ལེན་ལ་ཉོན་མོངས་རང་སར་གྲོལ་བའི་བྲོ་བརྡུང་པས་དབྱིངས་ཤེས་དབྱེར་མེད་དུ་བརྡུང་བས་དག་ཅེས་བྱ། རང་གྲོལ་དུ་བསྒྲལ་བའི་རོ་སྟེ་དེའི་བག་ཆགས་ལ། ཆེན་པོ་སྟེ་རིགས་ལྔས་གནོན་པ་དང་འབྱུང་བ་སྟེ་ཡུམ་ལྔའི་དབྱིངས་སུ་གཟིར་ལ་དེས་ཕྱི་ནང་གསང་བའི་བག་ཆགས་རྗེས་ཤུལ་མེད་པར་གནོན་པའོ། ཧ་ཧ་ཧེ་ཧེ་ཧ་དགྱེས་པ་ཆེན་པོ་སྟེ་ཡེ་ཤེས་ཀྱི་རོལ་པ་ལ་དེས་ལས་དང་བག་ཆགས་གནོན་པའོ། སྐབས་དེར་ཕྱྭ་ཚེ་དབང་གི་བསྒྲུབ་པ་བྱ་སྟེ་གཞན་དུ་འབྱུང་ངོ༌། དབྱེ་བསྡུ་བྱ་བ་ལ་ཆད་མཐའ་བསལ་བའི་ཕྱིར་གོང་དུ་བསྐྱེད་རིམ་བསྟན་ལ། འདིར་རྟག་མཐའ་བསལ་བའི་ཕྱིར་རྫོགས་རིམ་བསྟན་པ་སྟེ། ལྷ་དང་དལ་མཚན་བཅས་སུ་བསྒོམ་པ་དག་འོད་དུ་ཞུ་བས་ཡིག་འབྲུར་གྱུར། ཡིག་འབྲུ་ཐིག་ལེར་རྫོགས་ལ་དེ་བདག་གི་ཐུགས་ཀར་རྫོགས་པས་ཐུགས་ལ་རྫོགས་ཞེས་བྱ། ཐུགས་ཉིད་ནི་རྫོགས་ཆེན་ཏེ་སེམས་ཉིད་ཐིག་ལེ་ཉག་གཅིག་ཕྱོགས་རིས་མཐའ་དང་བྲལ་བའི་ཀུན་བཟང་ལ་དེ་བོན་ཉིད་སྐྱེ་མེད་སྤྲོས་བྲལ་གྱི་ངང་ལ་བདེ་བ་སྟེ། དེ་ཉིད་ནི་ཡེ་ཤེས་སྐུ་ལ་སོགས་པ་བཞི་རུ་ལྷུན་གྱིས་གྲུབ་པས་སྐུ་སྟེ་དེ་ལྟར་རྟོགས་ན་ཕྱི་ནང་གསང་གསུམ་གྱི་བར་ཆོད་རང་སར་ཞི་བས་བསྐྱད་དུ་མེད་ཅེས་བྱའོ། བསྭོ་ཐོ་ཡེ་ཐུན་ཨ་ཞེས་པས་བདག་གི་ཐུགས་ཀ་ནས་འོད་ཟེར་ལ་བུམ་པའི་ལྷ་ཚོགས་ལ་ཕོག་འོད་དུ་ཞུ་བས་རང་རང་གི་ཡིག་འབྲུར་གྱུར། ཡིག་འབྲུ་དབུས་ཀྱི་ཨ་མ་ལ་འདུས་ཨ་མ་འོེད་དཀར་དམར་གྱི་ཉག་ཐག་ཏུ་འཁྲིལ་ནས་བདག་གི་ཐུགས་ཀར་ཐིམ་ཚེ་བཀྲག་དང་མདངས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ། གཞལ་ཡས་ཁང་རིམ་བརྩེགས་དང་བཅས་པ་འོད་དུ་ཞུ་སྟེ་ཡིག་འབྲུར་གྱུར་ཡིག་འབྲུ་ཨ་ལ་འདུས་ཨ་བདག་གི་ཐུགས་ཀར་ཐིམ། སྐྱེ་བ་མེད་པའི་དོན་དུ་གནས་པས་གནས་ལུགས་མཐའ་བྲལ་གྱི་སྟེང་དུ་དལ་གཅིག་བཞག་གོ།  ཛ་ཅི་ཧ་ར་ནི་སྤྲུལ་སྐུ་སྟེ་ཕུང་པོ་རྩ་དང་ཡན་ལག་ཁྲོ་ཚོགས་ཀྱི་སྐུར་གསལ་གདབ། ཉེ་ལོ་ཧ་ར་ནི་རྫོགས་སྐུ་སྟེ་ཁྲོ་ཚོགས་ཏེ་དེ་དག་ཀྱང་གསལ་ལ་རང་གཞིན་མེད་པའི་ངོ་བོར་བསམ། མུ་ཡེ་ཧ་ར་ནི་བོན་སྐུ་སྟེ་ལྷ་ཚོགས་དེ་དག་ཀྱང་སྐྱེ་མེད་སྤྲོས་དང་བྲལ་བ་གནས་ལུགས་མཐའ་བྲལ་ཆེན་པོའི་རྒྱས་གདབ་སྟེ་འདས་བསྲུང་གོ་བགོ་གསང་སྒོ་བསྡོམ་པའི་དོན་ཡིན་ནོ། སྤྱི་སྤུངས་ནི་བོན་རིན་པོ་ཆེ་སྤྱི་རུ་བསྡུས་ཤིང་མ་བགོས་སྤྱི་ལ་བཞག་པས་ནོར་བུ་རིན་པོ་ཆེ་དང་འདྲ་བ་དེ་དོན་མེད་ལ་སོགས་ལ་གསང་བ་དེ་ལས་ཀྱང་སྙིང་པོ་བསྡུས་པའི་ཡང་སྙིང་དེ་ལྟར་བུ་སྟེ་གསང་སྒྲུབ་དེ་གཙོ་བོ་ཆེན་པོའི་ཐུགས་ཀྱི་བརྣག་པ་ཡིན་ལ། དེ་ཡང་སྤྱི་སྤུངས་སྐོར་གསུམ་གྱི་ཡང་བཅུད་དུ་ཕྱུང་བ་དེས་མི་མཐུན་ཕྱོགས་བཟློག་འཁོར་ལོ་གཞུང་ཕྲིན་ལས་ཀྱི་དེ་གོ་རིམ་དུ་བསྟན་པའི་གསང་སྒྲུབ་རྫོགས་སོ། ཞེས་པས་ལྷག་མ་མ་ལུས་པའོ།། དེ་ལྟར་སྐུ་གསུང་ཐུགས་ཀྱི་གསང་སྒྲུབ་ལ། །དད་གུས་མོས་པའི་འདུན་པས་ཡོངས་བསྐུལ་ནས། །བཀའ་ལུང་བླ་མའི་གསུང་དང་མི་འགལ་བར། །བསྐྱེད་རྫོགས་དོན་རྣམས་གསལ་བྱེད་ཁོ་བོས་སྦྱར། །འགལ་དང་མ་འབྲེལ་ནོངས་པ་ཅི་མཆིས་པ། །མཁྱེན་ལྡན་སྐྱེས་བུ་རྣམས་ལ་བཟོད་པར་གསོལ། །དགེ་དེས་འགྲོ་རྣམས་བྱང་ཆུབ་ཐོབ་པ་དང༌། །གསལ་བྱཻད་འདི་ཡང་གཞན་གྱི་དོན་འགྱུར་ཤོག། དེ་ལྟར་ཁྲོ་བོ་སྐུ་གསུང་ཐུགས་ཀྱི་གསང་བསྒྲུབ་དབལ་གསས་རྔམ་པ་ལས་ཀྱི་རིམ་པའི་འགྲེལ་བ་གསལ་བྱེད་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་འ་ཞ་བློ་གྲོས་རྒྱལ་མཚན་ཞེས་བྱ་བ་ལ་སྲོ་དྲན་པ་ཡེ་ཤེས་ཀྱིས་བསྐུལ་ཏེ་ཁམ་ལུང་དབེན་ས་ཁར་སྦྱར་བ་རྫོགས་སོ།། དགེའོ།།