གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསང་བ་སྔགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེའི་གྱེས་གཞི་དམ་ཚིག་བརྒྱ་དང་རྩ་བརྒྱད་ནི།

10༡ ༽རྩ་བ་ལྔ། ༢༽ཡན་ལག་ཉི་ཤུ། ༣༽སྤྱི་དམ་སུམ་ཅུ། ༤༽སྦོམ་པོ་བཅུ་དྲུག ༥༽ཉེས་བྱས་དགུ། ༦༽ཆེ་བ་བཞི། ༧༽རྣལ་འབྱོར་དྲུག ༨༽གཞི་ལམ་འབྲས་བུའི་སྐྱོན་དགུ། ༩༽ལྟུང་བ་བདུན། ༡༠༽དབང་མ་ཞུས་པ་དང། ༡༡༽གདར་ཤ་མ་ཆོད་པ་བཅས་སོ།།
༡༽ རྩ་བ་ལྔ།
༡༽ ༡, དཔོན་གསས་བླ་མ་ལ་སྲུང་བའི་རྩ་བ།
༡༽ ༢, ཡི་དམ་ལྷ་ལ་སྲུང་བའི་རྩ་བ།
༡༽ ༣, བདེར་གཤེགས་བཀའ་ལ་སྲུང་བའི་རྩ་བ།
༡༽ ༤, གཡུང་དྲུང་སྤུན་ལ་སྲུང་བའི་རྩ་བ།
༡༽ ༥, བྱང་ཆུབ་སེམས་ལ་སྲུང་བའི་རྩ་བ་བཅས་སོ།།
རྩ་བའི་དམ་ཚིག་རྣམས་ནི་ཤིང་གི་རྩ་བ་དང་འདྲ་ཞེས་གསུངས།
༢༽ ཡན་ལག་ཉི་ཤུ།
༢༽ ༡, དཔོན་གསས་བླ་མ་ལ་སྲུང་བའི་ཡན་ལག་བཞི་ནི།
༢༽ ༡, ༡ གསང་སྔགས་ནས་བསྟན་པ་ཇི་བཞིན་མི་བསྟན་པ་དང།
༢༽ ༡, ༢ གསང་བའི་ཡན་ལག་ཤེས་ཀྱང་ཤེས་རབ་ངན་པས་མི་སྟོན་པ།
༢༽ ༡, ༣ བསྟན་ཀྱང་སྣོད་ལྡན་བློ་ལ་ལུང་ལོག་འགལ་བར་སྟོན་པ།
༢༽ ༡, ༤ ཡེ་ཤེས་ཀྱི་གསང་བ་ཇི་བཞིན་མི་ཤེས་པར་ཨ་དཀར་ཐེག་པར་ཁས་ལེན་པ་བཅས་སོ།།
༢༽ ༢, ཡི་དམ་ལྷ་ལ་སྲུང་བའི་ཡན་ལག་བཞི་ནི།
༢༽ ༢, ༡ ཕུང་པོ་སངས་རྒྱས་ཀྱི་རང་བཞིན་ཡབ་ལ་སྨོད་པ་དང།
༢༽ ༢, ༢ བུད་མེད་ཤེས་རབ་ཀྱི་རང་བཞིན་ཡུམ་ལ་སྨད་པ།
༢༽ ༢, ༣ གདུག་སེམས་ཅན་བསྟན་པའི་བདུད་ལ་བྱམས་སེམས་བསྐྱེད་པ།
༢༽ ༢, ༤ ཏིང་འཛིན་མི་གསལ་ཞིང་སྔགས་དང་ཕྱག་རྒྱ་ཆག་པ་བཅས་སོ།།
༢༽ ༣, བདེར་གཤེགས་བཀའ་ལ་སྲུང་བའི་ཡན་ལག་བཞི་ནི།
༢༽ ༣, ༡ རང་བཞིན་དག་པའི་བོན་ལ་སོམ་ཉི་ཟ་བ་དང།
༢༽ ༣, ༢ རང་གཞན་གྲུབ་པའི་མཐའ་ཐ་དག་ལ་སྨོད་པ་བཏང་བ།
༢༽ ༣, ༣ བདེར་གཤེགས་རྒྱལ་བའི་བཀའ་ལ་ར་ཆོད་བྱེད་པ།
༢༽ ༣, ༤ ཟབ་མོའིལུང་ལ་དཔེ་རྐུན་བྱེད་པ་བཅས་སོ།།
༢༽ ༤, གཡུང་དྲུང་སྤུན་ལ་སྲུང་བའི་ཡན་ལག་བཞི་ནི།
༢༽ ༤, ༡ ཚོགས་དཔོན་གྱིས་མ་གནང་བར་ཚོགས་ཀྱི་འཁོར་ལོར་རྩོད་པ་མི་བྱེད་པ།
༢༽ ༤, ༢ ཐེག་པ་དམན་པའི་ནང་དུ་ཞག་བདུན་ལས་འདས་པ་མི་སྡོད་པ།
༢༽ ༤, ༣ རྒོད་ལྕམ་དོན་འབར་ལུང་ཟིན་མ་ཡིན་པར་ཤེས་རབ་མི་བསྟེན་པ།
༢༽ ༤, ༤ ཁམས་གསུམ་སེམས་ཅན་སྤྱི་ལ་འཚེ་བ་མི་བྱ་བ་བཅས་སོ།།
༢༽ ༥, བྱང་ཆུབ་སེམས་ལ་སྲུང་བའི་ཡན་ལག་བཞི་ནི།
༢༽ ༥, ༡ རང་ལ་དབང་ལུང་མ་སྨིན་པ་འགྲོ་ལ་གསང་བ་མི་སྒྲོག་པ་དང།
༢༽ ༥, ༢ སྨིན་ནས་དད་པ་ཅན་གྱི་སེམས་སུན་མི་འབྱིན་པ།
༢༽ ༥, ༣ སྨིན་བྱེད་དོན་མིན་པ་སྡེ་སྣོད་མན་ངག་གི་དོན་མི་རྟོགས་པས་མི་བྱ་བ།
༢༽ ༥, ༤ སྨིན་གྲོལ་རབ་ཏུ་མཛད་པ་པོ་ལ་བདེ་བ་མི་འཕྲོག་པ་བཅས་སོ།།
ཡན་ལག་གི་དམ་ཚིག་རྣམས་ནི་ཤིང་གི་ཡན་ལག་དང་འདྲ་བར་གསུངས།
༣༽ སྤྱི་དམ་སུམ་ཅུ།
༣༽ ༡, དུག་སྐྱོན་ལྔ་ནི།
༣༽ ༡, ༡ ཞེ་སྡང་དབང་གིས་གཞན་གྱིས་སྲོག་བཅད་པ་དང།
༣༽ ༡, ༢ གཏི་མུག་དབང་གིས་བདེན་རྫུན་ངོ་མ་ཤེས་པས་གཟུ་ལུམ་བྱེད་པ།
༣༽ ༡, ༣ ང་རྒྱལ་དབང་གིས་བདེན་པའི་ཚིག་ལས་འདས་པ།
༣༽ ༡, ༤ འདོད་ཆགས་དབང་གིས་མི་དབང་ནོར་ལ་རློམ་པ།
༣༽ ༡, ༥ འཕྲག་དོག་དབང་གིས་ཕ་རོལ་གྱི་ཡོན་ཏན་སྨད་པ་བཅས་སོ།།
༣༽ ༢, དུག་སྤྱོད་ལྔ་ནི།
༣༽ ༢, ༡ དུག་ལྔ་སྤྱོད་པས་འཁྲུལ་པའི་གཞི་མ་འཆང་བ་དང།
༣༽ ༢, ༢ བསམ་ངན་རྩ་བ་སྦྱོར་བའི་དུག་རིགས་ཤོམ་པ།
༣༽ ༢, ༣ འཕགས་པའི་གང་ཟག་ཁྱད་གསོད་གཤེ་སྐུར་འདེབས་པ།
༣༽ ༢, ༤ ཐབས་བསླུས་ལག་བརྐུས་ཀྱིས་ཞེ་འདོད་ནོར་འཕྲོག་པ།
༣༽ ༢, ༥ དཔོན་སློབ་མི་མཐུན་པའི་བར་དུ་ཕྲ་མ་དབྱེན་བཅུག་བྱེད་པ་བཅས་སོ།།
༣༽ ༣, སྤོང་པའི་དམ་ཚིག་ལྔ་ནི།
༣༽ ༣, ༡ ཁྲོ་ཆུ་ཁོལ་མ་སྐོམ་དུ་མི་འཐུང་བྱ་བ་བླ་མ་དང་གཤེན་རབ་ཀྱིས་མ་གནང་བའི་དཀོར་ལ་མི་འབག་པ་དང།
༣༽ ༣, ༢ རྒྱལ་མཚན་གཉེན་པོའི་རྩེ་མི་སྨད་བྱ་བ་གཡུང་དྲུང་བོན་གྱི་བསྟན་པ་སྲོག་ལ་བབ་ཀྱང་མི་གཤིག་པ།
༣༽ ༣, ༣ མེ་རི་དམར་པོ་གདན་དུ་མི་བཏིང་བྱ་བ་བླ་མ་དང་མཆེད་གྲོགས་ཀྱི་ཇོ་མོ་ལ་མི་སྤྱོད་པ།
༣༽ ༣, ༤ འཕྲིན་ལས་ཟབ་མོའི་དམ་ལས་མི་ལྡོག་བྱ་བ་དམ་ཚིག་གིས་བསྡུས་པའི་གྲོགས་ལ་འཕྲིན་ལས་བཞི་ཡི་བསྐྱང་བ།
༣༽ ༣, ༥ ཟ་མའི་ཐོག་ཏུ་དུག་ངན་མི་སྐྱུག་བྱ་བ་བསྟན་པ་འཛིན་པའི་ཡོན་བདག་རྒྱུ་ཡི་སློབ་མར་མི་འཁོན་པ་བཅས་སོ།།
༣༽ ༤, མི་འདའི་དམ་ཚིག་ལྔ་ནི།
༣༽ ༤, ༡ ཡེ་སྲིད་རྒྱལ་པོའི་ཁྲིམས་ལས་མི་འདའ་སྟེ་རྩ་བ་བྱང་ཆུབ་ཀྱི་སེམས་མི་ཉམས་པ་དང།
༣༽ ༤,༢ ཉི་ཟླ་སྒྲོན་མའི་མདངས་ལས་མི་འདའ་སྟེ་བསྟན་འཛིན་སྐྱེས་མཆོག་ལ་མཐུ་མི་བྱ་བ།
༣༽ ༤, ༣ ཁྱུ་མཆོག་རླབས་ཆེན་དཔུང་ལས་མི་འདའ་སྟེ་གྲུབ་མཐར་ཞུགས་པའི་གཤེན་སྡེ་ལ་དམ་དམེ་མི་མནོལ།
༣༽ ༤, ༤ ཁྲག་མཚོ་ཁོལ་མའི་ཀློང་ལས་མི་འདའ་སྟེ་སྣང་སྲིད་ལྷ་འདྲེ་ཉེས་མེད་ལ་བརྡུང་རྡེག་དང་སྒྲོ་སྐུར་མི་བྱ།
༣༽ ༤, ༥ སྤུ་ཁྲི་ནག་པོའི་སོ་ལས་མི་འདའ་སྟེ་མ་ཉེས་པའི་སྐྱེ་བོ་སྟབས་ལ་མི་བཅད་པ་བཅས་སོ།།
༣༽ ༥, བསྒྱུར་བའི་དམ་ཚིག་ལྔ་ནི།
༣༽ ༥, ༡ སྣང་སྲིད་ལྷ་ཡི་གཞལ་ཡས་སུ་བསྒྱུར་ཞེས་གར་སྡོད་གཞལ་ཡས་སུ་བསྒྱུར་ཞིང་གསས་ཁང་དང་མཆོད་རྟེན་མི་གཤིག
༣༽ ༥, ༢ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྱུར་ཞེས་འགྲོ་འདུག་ཟ་ཉལ་དུག་ལྔ་ཡེ་ཤེས་ཀྱིས་ནོན་པར་བྱ།
༣༽ ༥, ༣ དུག་གསུམ་སྐུ་གསུང་ཐུགས་སུ་བསྒྱུར་ཞེས་ལུས་ཕྱག་རྒྱ། ངག་སྙིང་པོ། ཡིད་ཏིང་ངེ་འཛིན་ལས་མི་གཡེལ་བའོ།།
༣༽ ༥, ༤ ནང་བཅུད་ལྷ་དང་ལྷ་མོར་བསྒྱུར་ཞེས་འགྲོ་བ་ཐམས་ཅད་ཡི་དམ་ལྷ་ཡི་ངོ་བོ་ཡིན་པས་མི་འཐབ་པའོ།།
༣༽ ༥, ༥ འདོད་ཡོན་བདུད་རྩི་ལྔ་རུ་བསྒྱུར་ཞེས་བཟའ་བཏུང་ཐམས་ཅད་ཚོགས་སུ་བྱིན་གྱིས་རླབས་ལ་སྤྱོད་པའོ།།
༣༽ ༦, སྤྱད་པའི་དམ་ཚིག་ལྔ་ནི།
༣༽ ༦, ༡ མཚན་ལྡན་རྒོད་ལྕམ་ཐབས་དང་ཤེས་རབ་ཡེ་ཤེས་སུ་སྤྱད་པ་དང།
༣༽ ༦, ༢ དམ་རྫས་བདུད་རྩི་ལྔ་ལྟ་བའི་ཡེ་ཤེས་སུ་སྤྱད་པ།
༣༽ ༦, ༣ ཐབས་དང་ཤེས་རབ་ཀྱི་བཟའ་བ་ཚོགས་ཀྱི་ལོངས་སྤྱོད་དུ་སྤྱད་པ།
༣༽ ༦, ༤ བསྟན་པའི་དགྲ་བགེགས་གསང་སྔགས་སྦྱོར་སྒྲོལ་དུ་སྤྱད་པ།
༣༽ ༦, ༥ དབྱིངས་དང་ཡེ་ཤེས་སུ་སྒོམ་པ་དུས་མེད་ལོངས་སྤྱོད་དུ་སྤྱད་པ་བཅས་སོ།།
སྤྱི་དམ་རྣམས་ནི་ཤིང་གི་ཤུན་པ་དང་འདྲ་ཞེས་གསུངས།
༤༽ སྦོམ་པོ་བཅུ་དྲུག
༤༽ ༡, ཡོན་ཏན་གཞན་དག་བྱ་བ་འཇིག་རྟེན་གྱི་ཡོན་ཏན་འདོད་ཕྱིར་མུ་སྟེགས་པའི་ལྷར་དད་པ།
༤༽ ༢, ཞིང་དག་ཉམས་སོད་བྱ་བ་དགེ་བའི་བཤེས་གཉེན་ལ་ཉམས་སོད་བྱེད་པ།
༤༽ ༣, མ་རྫོགས་འགྲོ་དོན་ཏེ་རང་ཉིད་ཀྱིས་དོན་མ་ཟིན་པར་འགྲོ་དོན་བྱེད་པ།
༤༽ ༤, རྫོགས་པ་ཁྱད་གསོད་བྱ་བ་རང་ལ་ཡོན་ཏན་ཡོད་ནའང་གཞན་ལ་ཁྱད་གསོད་བྱེད་པ།
༤༽ ༥, མ་ཕེབས་དབང་བསྐུར་བྱ་བ་རང་ལ་ངེས་པའི་གདེང་མ་ཆུད་པར་དབང་བསྐུར་བ།
༤༽ ༦, མི་ཞུ་གྱད་མུར་བྱ་བ་གསང་སྔགས་མི་ལྡན་པའི་ཚོགས་བསོག་ལེན་པ།
༤༽ ༧, བཙོན་རའི་གཞི་བཟུང་བྱ་བ་འཁོར་བ་ལ་ལུས་ངག་གིས་ལོང་འདོགས་པ།
༤༽ ༨, ཐར་ལམ་གེགས་ཤིང་བྱ་བ་དགེ་བ་དད་པའི་ལམ་བཀག་པ།
༤༽ ༩, བསམ་གཏན་ཚེར་མ་བྱ་བ་སྒྲུབ་པ་པོ་ལ་གནོད་འཁྲུག་གཏོང་བ།
༤༽ ༡༠, བྱང་ཆུབ་བདུད་བྱེད་བྱ་བ་སེམས་བསྐྱེད་དང་དགེ་བ་ལ་བར་ཆོད་བྱེད་པ།
༤༽ ༡༡, དྲིན་ཆེན་སུན་འབྱིན་བྱ་བ་རང་གི་ཕ་མར་མ་གུས་པའི་སེམས་སུན་འབྱིན་པ།
༤༽ ༡༢, མཆོད་སྦྱིན་སྤྱང་ཀི་བྱ་བ་ཚོགས་དང་གཏོར་མ་རློམ་སེམས་གཏོང་བ།
༤༽ ༡༣, བོན་གྱི་ཚོང་པ་བྱ་བ་ནོར་ཆེ་འདོད་པས་མན་ངག་བོན་བསྟན་བཙོང་བ།
༤༽ ༡༤, མན་ངག་སྒྱུ་བཙུད་བྱ་བ་གུས་པས་མི་ཞུ་བར་གཡོ་སྒྱུའི་ཐབས་ཀྱིས་མན་ངག་ལེན་པ།
༤༽ ༡༥, ཐ་མལ་ཐོལ་འབྱིན་བྱ་བ་སྐྱེ་བོ་ཕོ་མོ་ལ་གྲུབ་པ་མ་ཐོབ་པར་གྲུབ་ཚུལ་བྱེད་པ།
༤༽ ༡༦, རྩི་དུག་འདྲེས་འཆོལ་བྱ་བ་སྡིག་དང་འདྲེས་པའི་ཚོགས་བསག་བྱ་བ་བཅས་སོ།།
སྦོམ་པོ་རྣམས་ནི་ཤིང་གི་ལོ་འདབ་དང་འདྲ་བར་གསུངས་སོ།།
༥༽ ཉེས་བྱས་དགུ་ནི།
༥༽ ༡, དམ་ཉམས་གནས་གཅིག་བྱ་བ་རྩ་དམ་ཉམས་པ་དང་གནས་ཁང་གཅིག་ཏུ་འདུག་པ།
༥༽ ༢, ཉམས་དང་ཚོགས་འདྲེས་བྱ་བ་དམ་ཉམས་དང་ཚོགས་འཁོར་ལྷན་དུ་རོལ་བ།
༥༽ ༣, ཉམས་ཀྱི་ཟས་ཟོས་བྱ་བ་དམ་ཚིག་ཉམས་ཤིང་མ་བཤགས་པའི་ལག་ནས་ཟས་ཟོས་པ།
༥༽ ༤, ཉམས་གསོའི་དབང་བསྐུར་བྱ་བ་ཉམས་པ་བྱུང་ནས་བཤགས་སྦྱངས་མ་བྱས་པའི་གང་ཟག་ལ་སླར་ཡང་དབང་བསྐུར་བ།
༥༽ ༥, དོན་དམ་ལོག་བསྔོས་ཞེས་དགེ་བ་འཇིག་རྟེན་པའི་འབྲས་བུ་རུ་བསྔོ་བ།
༥༽ ༦, བླ་འོག་གོང་བརྗེས་ནི་དང་པོ་གསང་སྔགས་ལ་ཞུགས་ཤིང་ཕྱིས་ཐེག་དམན་བྱེད་པ།
༥༽ ༧, ཚུལ་མིན་གནས་སྟོན་ནི་དོན་ཇི་བཞིན་མིན་པ་ལ་ཡིན་པར་སྟོན་པ།
༥༽ ༨, ཡོངས་སུ་མི་འཛིན་ཞེས་རང་གིས་ཁས་བླངས་པ་དེ་ཆག་པ།
༥༽ ༩, དངོས་འཛིན་གཏིང་འཐས་བྱ་བ་བསྐྱེད་རིམ་ལ་སོགས་བདེ་སྟོང་སྒྱུ་མར་མ་ཤེས་པས་སྲིན་པོ་སྒྲུབ་བྱེད་དུ་སོང་བ་བཅས་སོ།།
ཉེས་བྱས་རྣམས་ནི་ཤིང་གི་ཚིགས་པ་ལྟ་བུ་ཡིན་པར་གསུངས།
༦༽ ཆེ་བ་བཞི།
༦༽ ༡, ལྟ་བ་ལོག་པས་ཕུང་ཚབས་ཤིན་ཏུ་ཆེ།
༦༽ ༢, སྒོམ་པ་གོལ་བས་འཁྲུལ་ཚབས་རབ་ཏུ་ཆེ།
༦༽ ༣, སྤྱོད་པ་འགྱུར་བས་ཉེས་ཚབས་དངོས་སུ་ཆེ།
༦༽ ༤, འབྲས་བུ་སད་ཤོར་གྱོད་ཚབས་ཀུན་ནས་ཆེ་བ་བཅས་སོ།།
ཆེ་བ་རྣམས་ཀྱི་ཤིང་གི་འབྲས་བུའམ་མེ་ཏོག་དང་འདྲ་ཞེས་གསུངས།
༧༽ རྣལ་འབྱོར་དྲུག
༧༽ ༡, ཨུ་ཡ་དངོས་གྲུབ་ཀྱི་རྩ་བ་ཡིན་པས་གསང་བ་དམ་པ་དང།
༧༽ ༢, ཨག་ཐམ་ནུས་པའི་རྩ་བ་ཡིན་པས་ངག་མཚམས་སྨྲ་བཅད་དམ་པ།
༧༽ ༣, ཨུ་པ་མན་ངག་གི་རྩ་བ་ཡིན་པས་གདམས་ངག་མ་ནོར་བར་བྱ་བ།
༧༽ ༤, ཨ་ཡེ་ཐར་ལམ་གྱི་རྩ་བ་ཡིན་པས་སྒོ་གསུམ་དགེ་སྤྱོད་རྒྱུན་དུ་བྱ་བ།
༧༽ ༥, ཨུ་ཏྲ་བཀའ་ལུང་གི་རྩ་བ་ཡིན་པས་གསང་སྔགས་ཀྱི་བཀའ་རྒྱ་མི་གཤིག་པ།
༧༽ ༦, ཨེ་ཀ་བྱིན་རླབས་ཀྱི་རྩ་བ་ཡིན་པས་ཚོགས་གཏོར་བྱིན་གྱིས་བརླབས་ལ་མཆོད་པའོ།།
རྣལ་འབྱོར་དྲུག་ནི་ཤིང་གི་སྐྱེད་བྱེད་ཆར་རྒྱུན་ལྟ་བུ་ཡིན་པར་གསུངས།
༨༽ གཞི་ལམ་འབྲས་བུའི་སྐྱོན་དགུ།
༨༽ ༡, གཞི་ཡི་སྐྱོན་གསུམ།
༨༽ ༡, ༡ གཞི་འཁྲུལ་པས་འཇུག་སྒོ་ངན་པར་ལོག་ལྟར་སོང་།
༨༽ ༡, ༢ གཞི་བསྒྲིབས་པས་ཡང་དག་མི་འཆར་ཐེག་དམན་སྤྱད།
༨༽ ༡, ༣ གཞི་གོལ་བས་ལྟ་བའི་དོན་ལ་ལོག་པར་སོང་བའོ།།
༨༽ ༢, ལམ་གྱི་སྐྱོན་གསུམ།
༨༽ ༢, ༡ ལམ་ལོག་པས་གཞི་ལོག་དད་ལོག་བཅའ་བ་ལོག
༨༽ ༢, ༢ ལམ་དམན་པས་ལུས་དམན་སྤྱོད་པ་དམན་ཐེག་པ་དམན།
༨༽ ༢, ༣ ལམ་འཁྱར་བས་གནས་འཁྱར་མུ་འཁྱར་དོན་ལ་འཁྱར་བའོ།།
༨༽ ༣, འབྲས་བུའི་སྐྱོན་གསུམ།
༨༽ ༣, ༡ འབྲས་བུ་སད་པས་ལས་སད་རྐྱེན་སད་བདུད་སད་པ་དང།
༨༽ ༣, ༢ འབྲས་བུ་སྟོར་བས་མཐའ་སྟོར་གནས་སྟོར་དོན་སྟོར་བ།
༨༽ ༣, ༣ འབྲས་བུ་འབྱམས་པས་རྒྱུད་འབྱམས་ལྟ་བ་འབྱམས་སྣང་བ་འབྱམས་པའོ།།
༩༽ ལྟུང་བའི་ཡན་ལག་བདུན།
༩༽༡, ཉམས་པ་དང། ༩༽༢, ལྟུང་བ། ༩༽༣, ཉེས་པ། ༩༽༤, ཕམ་པ། ༩༽༥, འཁྲུལ་པ། ༩༽༦, ལྗི་བ། ༩༽༧, ལོག་པ་བཅས་སོ།།
༡༠༽ གསང་སྔགས་གཉེན་པོའི་དབང་ལུང་མ་ཞུས་པ་དང།
༡༡༽ ཐེག་ཆེན་ལྟ་བའི་གདར་ཤ་མ་ཆོད་པ་བཅས་སོ།།
འདི་ ནི་གསང་སྔགས་མ་རྒྱུད་སྨིན་ལམ་རིན་པོ་ཆེའི་རྒྱུད་འགྲེལ་དང། བསྐང་བཤགས། གསང་སྔགས་དམ་ཚིག་གི་བཤད་བྱང། སྨོན་ལམ་ཐིག་ལེའི་མཆན་འགྲེལ་སོགས་ལས་ཟུར་དུ་ཕྱུངས་བས་རང་འདྲ་རྣམས་ལ་ཕན་ ཐོགས་པར་ཤོག་ཅིག་གུ།  ༢༠༠༡།༨།༦

དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱི་ཟིན་བྲིས་གཏོ་ཡི་བཀའ་སྒྲོམ་ལས་དྲངས།