གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་འབུལ་བའི་ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག

༄༅།། །།རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་ཟག་མེད་བདེ་ཆེན་ལྷ་ལམ་ནས། །གང་འདུལ་དེར་སྟོན་སྣ་ཚོགས་སྤྲུལ་པའི་འོད་སྟོང་འཕྲོ་བ་ཡིས། །སྒྲིབ་གཉིས་མུན་སྟུག་རབ་གསལ་ཡང་དག་སྣང་བ་རྒྱས་མཛད་པ། །འཇིག་རྟེན་མིག་གྱུར་མཉམ་མེད་བླ་མས་དུས་ཀུན་བདེ་ལེགས་སྩོལ། །རྣམ་དག་ཞི་བའི་ངང་ཚུལ་ཀཻེ་ལ་ཤ་རིའི་སྤོར། །སྣ་ཚོགས་ཁྲོས་པའི་རོལ་གར་གདོང་ལྔའི་ངར་དབྱངས་ཀྱིས། །ལོག་བྱེད་བདུད་རིགས་གཉིས་འཐུང་ཚོགས་ཀྱིས་ཀླད་འགེམས་པ། །ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས་དེར་ཕྱག་བགྱིའོ། །ཚད་མེད་སྙིང་རྗེའི་ཆུ་གཏེར་ལས་ཐོན་པའི། །འདོད་དགུ་དངོས་གྲུབ་སྤྲིན་གྱི་གཟེགས་མ་ཡིས། །དམ་ལྡན་གཤེན་གྱི་པད་ཚལ་སྐྱོང་མཛད་པ། །གནས་གསུམ་མཁའ་འགྲོའི་རྒྱ་མཚོས་འདིར་གཟིགས་ཤིག །ལམ་འདིར་བསྟན་སྐྱོང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་བར་ཆོད་སོལ་ལ་འདོད་དགུ་བསྙིལ། །དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་གར་བྱོས་ལ། །མེ་ཏོག་སིལ་མ་འཐོར་ཞིང་གནང་བར་སྩོལ།  །རྒྱལ་བའི་རྟེན་མཆོག་རྣམ་རྒྱལ་ཁང་བཟང་ལ། །གཟུངས་རྫོངས་འདོད་འབྱུང་གཏེར་ཆེན་འབུལ་བའི་ཐབས། །རྨོངས་པའི་སྒོ་བརྒྱ་ཅིག་ཆར་འབྱེད་བྱ་བའི། །ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག་ཅེས། །ཚུལ་འདི་འདི་དང་གཞན་དུ་བདེ་བའི་གནས། །གནས་ཚུལ་ཚུལ་བཞིན་རྟོགས་ནས་སྨྲས་པ་ཡིན། །ཡིན་ལུགས་ལུགས་བཞིན་གོ་ན་བསྟན་པའི་མཆོག །མཆོག་དེ་དེ་རིང་ངས་བཤད་དང་དུ་ལོངས།   །ཞེས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་དག་གིས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་ནི། ཉམས་སུ་བླང་བར་བྱེད་པའི་མཆོག་ཡིན་ཏེ། མདོ་དྲི་མེད་ལས། སྐུ་གདུང་བརྩེགས་ཞིང་སྐུ་གཟུགས་བཞེངས་པ་དང༌། །གསུང་རབ་ཡི་གེའི་རྒྱུད་བྲིས་ཐར་པ་ཐོབ། །བསྐལ་བར་བསགས་པའི་བག་ཆགས་སྒྲིབ་པ་བྱང༌། །བསོད་ནམས་ཚོགས་ཆེན་རབ་ཏུ་རྫོགས་ནས་ཀྱང༌། །འབྲས་བུ་སྐུ་གསུམ་སངས་རྒྱས་ཐོབ་པར་འགྱུར། །ཞེས་གསུངས་སོ། དེ་ལྟར་སྐུ་གསུང་ཐུགས་ཀྱི་རྟེན་གྱི་ནང་ནས། འདིར་སྐུ་གཟུགས་དང་མཆོད་རྟེན་གྱི་ནང་གི་གཟུངས་གཞུག་འབུལ་བའི་ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག་ཞེས་བྱ་བ་བཤད་པར་བྱེད་པ་ལ། །
ྋ རྟེན་གྱི་འདོད་ཚུལ་སྤྱིར་བསྟན་པ་དང༌། ལག་ལེན་བྱེ་བྲག་ཏུ་བཤད་པའོ། དང་པོ་ནི། འདུས་པ་རིན་པོ་ཆེའི་མདོ་གཟེར་མིག་དང༌། དྲི་མེད་རྣམས་སུ་གསུང་རབ་བོན་སྐུ། སྐུ་གདུང་མཆོད་རྟེན་རྫོགས་སྐུ། སྐུ་གཟུགས་སྤྲུལ་བའི་སྐུ་དང་སྦྱར་ཞིང༌། སྐུ་གདུང་མཆོད་རྟེན་ལའང༌། སྐུ་གདུང་སྐུ་ཡི་རྟེན། ཚ་ཚ་གསུང་གི་རྟེན། མཆོད་རྟེན་ཐུགས་ཀྱི་རྟེན་སོགས་གསུངས་ཀྱང༌། དྲང་དོན་དགོངས་པ་ཅན་ཡིན་ལ། སྤ་གྲོ་ལ་སོགས་པའི་རྒྱུད་སྡེ་འགའ་ཞིག་ནས། མཆོད་རྟེན་བོན་གྱི་སྐུ་དང་ཐུགས་ཀྱི་རྟེན། །གསུང་རབ་རྫོགས་པའི་སྐུ་དང་གསུང་གི་རྟེན། །སྐུ་གཟུགས་སྤྲུལ་བའི་སྐུ་དང་སྐུ་ཡི་རྟེན། ཞེས་གསུང་པ་ངེས་དོན་དགོངས་པའི། སྒྲ་ནི་ཇི་བཞིན་པར་འདོད་དགོས་སོ། །
དེ་ཡང་སྐུ་བརྙན་གསུང་རབ་མཆོད་རྟེན་གང་བཞེངས་ཀྱང་ཕྱི་ཡི་ཆག་ཚད། ནང་གི་གཟུངས་གཞུག་དང་བརྡ་དག མཐར་ཕྱིན་རབ་གནས་ལ་བདེ་བ་ངེས་པར་གྲུབ་དགོས་ཏེ། མདོ་དྲི་མེད་ལས། ཆག་ཚད་མི་ལྡན་ལྷ་རྣམས་ནི། །རྩི་ཤིང་ནགས་འདྲ་རི་མོ་འདྲ། །སངས་རྒྱས་དངོས་སུ་སྤྱན་དྲངས་ཀྱང༌། །དེ་ལ་རབ་གནས་ཐོབ་མི་འགྱུར། །ཆག་ཚད་ལྡན་པའི་ལྷ་རྣམས་ནི། །བརྩམས་ནས་སངས་རྒྱས་རབ་གནས་ཞུགས། །ཞེས་དང༌། མདོ་ལས། སྐུ་གཟུགས་ཆག་ཚད་མེད་པ་དང༌། །གསུང་རབ་བརྡ་དག་མེད་པ་དང༌། །མཆོད་རྟེན་ཐིག་རྩ་མེད་པ་རྣམས། །རྒྱུ་སོང་འབྲས་བུ་ཙམ་མ་གཏོགས། །དོན་ནི་ཡོན་ཏན་མི་མཐོང་སྟེ། །བསྟན་པ་དྲི་མས་སྦག་པ་ཡིན། །ཞེས་གསུངས་པའི་ཕྱིར། །
དེ་ཡང་མཆོད་རྟེན་ཀྱི་ཐིག་རྩ་ནི། རྗེ་རིན་པོ་ཆེས་མཛད་པ་དེ་ཉིད་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལ་སོགས་པའི་ལུང་དང༌། དཔྱད་གསུམ་དག་པའི་རིག་པ་གཉིས་ཀས་གྲུབ་ཕྱིར་དེ་ལྟར་ལེགས་ཤིང༌། མཆོད་རྟེན་ཆ་བརྒྱད་དང༌། སུམ་ཅུ་ཅི་ཡང་སྤྲུལ་བའི་མཆོད་རྟེན་བརྒྱ་ཉི་ཤུ་ཡི་དབྱེ་བ་རྣམས་ནི། མཆོད་རྟེན་གཞུང་དང༌། མདོ་དྲི་མེད་གཟི་བརྗིད་བཞིན་རིགས་འགྲེས་ཤེས་པར་བྱ། སྐུ་གཟུགས་དང་གསུང་རབ་ཀྱི་ཐིག་རྩ་ནི་མདོ་དང་སྔོན་ཀྱི་མཁས་པ་རྣམས་ཀྱིས་ཕྱག་ལེན་བཞིན་དུ་འཁྲུལ་པ་མེད་པར་མཛོད་ཅིག །
ྋ གཉིས་པ་ལག་ལེན་བྱེ་བྲག་ཏུ་བཤད་པ་ལ། སྟ་བོན་འཚམས་པར་བསགས་པ་དང༌། གཟུངས་འཇུག་འབུལ་ཚུལ་དངོས་སོགས། དང་པོ་ནི། སྐུ་གཟུགས་དང་མཆོད་རྟེན་གང་བཞེངས་ཀྱང༌། དེ་ཉིད་ཕྱི་ཆེ་ཆུང་དང་འཚམས་པའི་སྲོག་ཤིང་ངེས་པར་དགོས་ཤིང༌། སྲོག་ཤིང་གི་རྒྱུ་ཡང་རབ་སངས་རྒྱས་ཐུགས་ཀྱི་གནས་མཆོག་བོན་རི་ཆེན་པོའི་སྐུ་ཤུག་གམ། དེ་མིན་ཙན་དན་དཀར་དམར་ལ་བྱ། ཐ་མ་ཡང་དུག་རིགས་ཆུ་ཤིང་ཁོག་སྟོང་ཁུང་རུལ་འབུ་ཟོས་གས་ཆགས་སོགས་མིན་པའི། འབྲས་བུ་ཅན་གྱི་ཤིང་དྲི་བཟང་སྐྱོན་མེད་བཙལ་ཏེ། དེ་ཡང་གཟུགས་ཅན་གྱི་བདག་པོ་ཡོད་ཚེ་རིན་གྱིས་ཉོས་པར་བྱ་སྟེ་བླངས་བ་དང༌། གཟུགས་མེད་ཀྱི་བདག་ཏུ་བྱས་པ་ཡིན་ན། མཆོད་གཏོར་ལ་སོགས་འདོད་ཡོན་སྣ་ཚོགས་ཕུལ་ཏེ་བསླང་ལ། གཟའ་སྐར་ཚེས་གྲངས་ཕུན་སུམ་ཚོགས་པའི་ཉིན། བདུད་རྩིའི་ཐུན་མཚམས་དུས་ཚོད་དུ། ཤིང་དེའི་ཕྱོགས་མི་ནོར་བའི་རྟགས་བྱས་ཏེ་བཅད་ལ། དབྱིབས་ནི་རབ་གནས་གཞུང་ལས། །ཐར་པ་བརྒྱད་ཀྱིས་མཚོན་པའི་ཕྱིར། །སྲོག་ཤིང་ཟུར་བཞི་ལོགས་བརྒྱད་ལ། །དྲི་བཟང་སྨན་གྱིས་ལེགས་པར་བྱུགས། །ཞེས་གསུངས་པར་ལྟར། བརྒྱད་བཞོག་རྩེ་མོ་ཕྲ་ཞིང་རྩ་བ་སྦོམ་པ། རྩེ་མོ་ནོར་བུའི་ཚུལ་དུ། སྲོག་ཤིང་གི་ཞབས་གདན་སྣ་ཚོགས་རྡོ་རྗེ་ལྟ་བུར་བྱེད་པ་སྔོན་གྱི་ཕྱག་ལེན་ནོ། །
སྲོག་ཤིང་གི་རིང་ཐུང་ཀྱང༌། སྐུ་གཟུགས་ལ་སྐྱིལ་ཀྲུང་ནས་གཙུག་ཏོར་བར་དང༌། མཆོད་རྟེན་ལ་གདོང་ཆེན་ནས་ཏོག་གི་བར་བསླེབ་པའི་ཚད་ལ། ཡོ་འཁྱོག་མེད་པར་ཤིན་དུ་དྲང་པོར་བྱེད་ཅིང༌། ཅུང་ཟད་སྦོམ་བ་ནི་རྟེན་འབྲེལ་གྱི་གནད་དོ། མདོག་ཀྱང་ཙན་དན་དམར་པོ་མ་གཏོགས་ཤིང་གཞན་རྣམས་ལ། གནས་ཡིག་རིན་པོ་ཆེ་གང་གིས་བྲིས་པའི་མདོག་དང་མི་ཟློས་པའི་ཚོན་གྱིས་བྱུག་ཅིང་དཔེར་ན་སྲོག་ཤིང་རྒྱ་མཚལ་གྱིས་བྱུག་ཅིང༌། གནས་ཡིག་གསེར་གྱིས་བྲིས་པ་ནི་ཤིན་ཏུ་ལེགས་སོ། སྐུ་བརྙན་གྱི་ཞབས་ཡན་དང༌། མཆོད་རྟེན་གྱི་གདོང་ཆེན་ཡན་གྱི་ཕྱོགས་བཞིར་སྲོག་ཤིང་ཆུང་ངུ་གང་དགོས་ལ། ཤར་དུ་ཤུག་པ། བྱང་དུ་སྟག་པ། ནུབ་ཏུ་སེང་ལྡིང༌། ལྷོ་རུ་སྐྱེར་བ་རྣམས་ལ་བཟོ་ཞིང༌། གཞན་ཡང་བུམ་གཏེར་དང་དངོས་གཞིའི་སྐབས་སུ་བཤད་པའི་ཤིང་ཤུག་པ་ཙན་དན་དམར་པོ་སེང་ལྡིང་སྐྱེར་བ་རྣམས་ཀྱི་སྲོག་ཤིང་གང་དགོས་དང༌། ཁྲི་འཕང་ལ་ཤུག་པའི་སྲོག་ཤིང་རྩ་བའི་སྲོག་ཤིང་ལས་ཅུང་ཟད་སྦོམ་པ་རྣམས་བཙལ་ལ། དབྱིབས་ཀུན་འདྲ་བར་བརྒྱད་བཞོག་ཏུ་བྱེད་དོ། རྩ་བའི་སྲོག་ཤིང་གི་གནད་ཡིག་ཀྱང༌། སྐུ་གཟུགས་ལ། སྤྱི་བོ། མགྲིན་པ། ཐུགས་ཀ ལྟེ་བ། གསང་གནས་དང་ལྔ་ཡི་ཐད་དང༌། མཆོད་རྟེན་གྱི་ཆར་ཁེབ་བྲེ་བུམ་དཀྱིལ། མགུར་ཆུ། བང་རིམ་དང་ལྔ་ཡི་ཐད་དུ། ཨ་ཨཱོཾ་ཧྃའུ་རཾ་ཛ། ཞེས་བཀོད། དེ་ཡང་རྩྭ་རོ་བསྐྱང་དབུ་གསུམ་གྱི་མཚོན་བྱེད་དུསྲོག་ཤིང་གི་གཡས་སུ་རྩྭ་དུར་བ་དང༌། གཡོན་དུ་ཀུ་ཤ་ལ་ཉག་རེ་དར་སྐུད་ཀྱིས་བཅིངས་ལ་མི་དགྲོལ་བར་བྱ། །
གཟུངས་གཞུག་གི་བྲི་ཚུལ་ནི། རབ་མཐིང་ཤོག་གཙང་མ་ལ། གསེར་གྱིས་བྲིས་པའོ། དེ་མིན་སྨན་ཤོག་མདོག་གང་འཐད་ལ། དངུལ་ལ་སོགས་རིན་པོ་ཆེ་ཡིས་བྲི་བ་དང༌། དེ་མ་འབྱོར་ན་རྒྱ་མཚལ་བཟང་དྲུག་ལ་སོགས་སྨན་དྲི་བཟང་བཏབ་སྟེ་ཆེ་ཆུང་བསྟུན་པའི་གཟུངས་གཞུག་རྒྱས་འབྲིང་བསྡུས་པ་རྣམས། དགོས་འབྱུང་གཏེར་གྱི་མཛོད་ཆེན་ལྟར་བྱ་ལ་དབུ་ཅན་ཚག་མེད་དུ་བྲིས། དེ་ཡང་འགའ་ཞིག་གིས་ཤོག་ལྡེབ་རེར་ཡིག་ཕྲེང་ཅི་ཤོང་འདོན་དཔེ་ལྟར་བྲིས་ནས་ཤོག་ལྡེབ་མཐུད་པས་ཆོག་པར་འདོད་པ་ནི་ཤིན་ཏུ་མི་འཐད་པར་སྣང་སྟེ། རང་ལུགས་ལ་གཟུངས་ཅི་ལྟར་རིང་ཡང༌། དེའི་སྡེ་ཚན་མ་རྫོགས་པར་ཡིག་ཕྲེང་གཅིག་ཏུ་འབྲེལ་མ་ཆད་པར་མཐུད་དགོས་ཤིང༌། །
གཟུངས་གཞུག་དྲིལ་ཚུལ་ཡང༌། མཁས་པ་ལ་ལས་དབུ་དྲིལ། ལ་ལས་མཐའ་དྲིལ་དུ་བཤད་ཀྱང༌། ཁོ་བོས་ནི་འཁོར་ལོ་ལ་སོགས་བསྐོར་བའི་རིགས་རྣམས་མཐའ་དྲིལ་དང༌། གཟུངས་གཞུག་རིགས་རྣམས་དབུ་དྲིལ་དུ་འཐད་པར་སེམས་ཏེ། གཟུངས་གཞུག་ལ་གོང་གི་སྲོག་ཤིང་གི་གནས་ཡིག་ཨ་ཡི་ཐད་ནས། འགྱུར་མེད་སྐུའི་སྙིང་པོ་ཨ་མུ་ཁྱུང་ནས་རིམ་བཞིན་དྲིལ་དགོས་པ་ལུང་ལས་གསུང་པ་དང༌། རྗེ་རིན་པོ་ཆེ་ལ་སོགས་མཁས་གྲུབ་གོང་མ་རྣམས་ཀྱི་ཕྱག་ལེན་འཁྲུལ་མེད་ཡིན་པས་ཕྱིར། རིག་པས་ཀྱང་གྲུབ་སྟེ། སྐུ་བརྙན་དང་མཆོད་རྟེན་ནི་ཕྱི་ནང་གསང་བའི་ལྷ་རྣམས་ཀྱི་བརྟེན་ཡིན་པར་བཤད་པས། སྔགས་མགོ་ནང་དུ་བསྟན་པ་འདི་ཉིད་འཐད་དེ།  མཆོད་རྟེན་གྱི་བུམ་པའི་དཀྱིལ་དུ་རྒྱུན་དང༌། མཐའ་རུ་ཞི་རྒྱས་དབང་དྲག་གི་གཟུངས་ཀྱིས་དྲིལ་ཏེ་གཙོ་འཁོར་ཚུལ་དུ་བྱེད་པ་སྔོན་གྱི་ཕྱག་ལེན་རྣམས་སུ་གསལ་བ་དང༌། རྣམ་རྒྱལ་ལས། གཟུངས་གཞུག་སྐབས་སུ་དབུས་སུ་རྣམ་པར་རྒྱལ་བའི་སྙིང་པོ་ལ་རྒྱན་དྲུག་གྀ་སྙིང་པོས་བསྐོར་བ་སྟེ། གཙོ་འཁོར་གྱི་ཚུལ་དུ་བྱ་དགོས་པར་གསུངས་པ་གང་ཞིག་སྔགས་ཀྱི་ཐུགས་སྲོག་མགོ་ལ་ཡོད་པར་ལུང་ཐ་དག་ལས་གསུང་པ་དང༌། གཟུངས་ཀྱི་སྡེ་ཚན་རེ་རེ་ལའང་དབུ་ལ་གཙོ་བོའི་སྙིང་པོ་དང༌། དེ་ནས་འཁོར་གྱི་སྙིང་པོ་ཡོད་པ་ནི། སངས་རྒྱས་བསྟན་པའི་སྤྱི་ལུགས་ཡིན་པའི་ཕྱིར། གཞན་ཡང་འདོད་གསོལ་འཕྲིན་ཞུའི་རིགས་རྣམས་གཟུངས་ཀྱི་ཕྱི་ལོགས་སུ་ཡོང་བར་དྲིལ་དགོས་ཏེ། སྐུ་བརྙན་དང་མཆོད་རྟེན་བཞེངས་པ་ལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འབྱུང་སྟེ།  རང་གི་ཞུ་བའི་རྟེན་འབྲེལ་གྱི་གནད། ཕྱིན་ཅི་མ་ལོག་པར་བྱེད་དགོས་པའི་ཕྱིར། དེ་ལྟར་གཟུངས་གཞུག་གི་བར་གྱི་མཐུད་མཚམས་དང༌། མཐའི་སྣེ་རྣམས་སྦྲང་རྒོད་དང་སྨན་གྱི་སྐྱོ་མས་སྦྱར་བར་བྱའོ། །
ྋ གཟུངས་གཞུག་གི་རྫས་རྣམས་ནི། རབ་གནས་གཞུང་ལས་བཤད་པ་ལྟར་གྱིས་རྫས་རྣམས་ཚོགས་པར་བྱ་དགོས་ལ། དེ་ཡང་དབུ་ཏོག་ལ་བཞག་དགོས་པའི་ཤ་རི་རམ་ཡང༌། རབ་རྫོགས་པའི་སངས་རྒྱས་ཀྱི་རིང་བསྲེལ་འཁྲུལ་མེད། དེ་མིན་ཀྱང་རྟགས་ཀྱི་སྐུ་རིང་བསྲེལ་ཞེས་པ། བླ་མ་གྲུབ་ཆེན་གོང་མ་རྣམས་ལས་བྱོན་པའི་རིང་བསྲེལ་མགར་གྱི་ཐོ་བས་མི་འཇིག་པ་ལ་སོགས། ཤ་རི་རམ་དང་སྐུ་དང་ཡིག་འབྲུ་རང་འབྱོན་བྱུང་བ་མཆོག་དང༌། མ་འབྱོར་ན་ལུང་ཟིན་གྱི་སྐྱེས་བུའི་སྐུ་བལ་རིང་བསྲེལ་ཞེས་པ། གདུང་རུས། དབུ་སྐྲ། ཕྱག་སེན་དང༌། བགྲང་ཕྲེང་རྣམས་ཀྱང་རུང་ངོ། གཞན་ཡང་གཟུངས་རྫས་ལ་གོས་དར་སྣ་ལྔ། ཉུང་དཀར་ནག  ནས་འབྲས་གྲོ་མོན་སྲན་ཁྲེ་སྟེ་འབྲུ་ལྔ། ཚྭ་མར་བུ་རམ་ཏིལ་སྦྲང་རྩི་སྟེ་སྙིང་པོ་ལྔ། ཨ་རུ་བ་རུ་སྐྱུ་རུ་ཨ་འབྲས་ཤིང་འབྲས་ཏེ་འབྲས་བུ་ལྔ། ག་བུར་ཙན་དན་ཀ་ཀོ་ལ་ལི་ག་དུར་ཛྭ་ཏི་སྟེ་སྨན་ལྔ། གསེར་ཞུན་མ། ཤེལ་རྒོད་ལ་གཡུང་དྲུང་བྲིས་པ་དང༌། དེར་མ་ཟད་ལུང་ཟིན་གྱི་གནས་ཆེན་རྣམས་ཀྱི་བྱིན་རྟེན་ས་སྣ་དང༌། རྟེན་གསུམ་ལུང་ཟིན་རྣམས་ཀྱི་ན་བཟའ་དང༌། རྟག་གཟིགས་དང་ཞང་བོད་ཀྱི་བླ་མ་མཁས་ཤིང་གྲུབ་པ་བརྙེས་པ་ རྣམས་ཀྱི་ན་བཟའ་སོགས་བྱིན་རྟེན་གང་འཛོམས་བཙལ་ལོ། །
དེ་ཡང་དམ་སེལ་ཞུགས་པ་དང་རང་དང་ལྟ་གྲུབ་མི་གཅིག་པའི་བྱིན་རྟེན་ནི། བཟང་ངན་ལ་མ་ལྟོས་འཇུག་ཏུ་མི་རུང༌། ན་བཟའ་སྣམ་བུའི་རིགས་རྣམས་འབུ་ཞུགས་པའི་རྒྱུ་ཡིན་པ་དང༌། ཞབས་༼བཅག་༽ཆགས། བཞུགས་གདན་དང༌། ན་བཟའ་སྐྱི་ཆགས་པའི་རིགས་རྣམས་མི་འཇུག  བླ་མ་གོང་མ་ཁྱད་པར་ཅན་གྱི་ན་བཟའ་ཚང་མ་འཇོག་ཚེ། གཟུངས་ཀྱི་ཕྱི་དྲིལ་དུ་དཀྲིས་ཞིང༌། ན་བཟའ་དུམ་དུམ་རྣམས་ནི། སྨན་དྲི་བཟང་དང་མཉམ་དུ་དར་ཟབ་ཀྱིས་དྲིལ། ཞལ་བཞུགས་བླ་མའི་ན་བཟའ་དབུ་སེན་སོགས་དད་པའི་རྟེན་དུ་འཇུག་ཚེ། དར་ཟབ་ཀྱིས་དྲིལ་ནས་སྐུ་བརྙན་གྱི་ཐུགས་ཀ་དང༌། མཆོད་རྟེན་གྱི་བུམ་པ་ཡན་ལ་བཞག དེ་ཕྱིན་དམའ་ན་མནན་པ་རུ་འགྲོ་བར་གསུངས་སོ། དེ་ཡང་མཁས་གྲུབ་གོང་མ་རྣམས་ཀྱི་ཕྱག་ལེན་ལས་ཀྱང༌། །མངོན་ཤེས་མེད་ཕྱིར་གང་ཟག་ཚོད་མི་ཟིན། །དེ་ཕྱིར་རྟེན་ན་རུས་པ་བཅུག་པ་ལ། །སྐྱོན་མེད་ཡོན་ཏན་ཅུང་ཟད་ཙམ་ཡང་མེད། །ཞེས་པ་ལྟར།
རྟེན་གསུམ་ནི་ཀུན་གྱིས་ཕྱག་སྐྱབས་ཀྱི་ཡུལ་ཡིན་ལ། དེ་དག་གི་ནང་རྫོངས་སུ་གང་ཟག་དམན་པའི་རུས་པ་བཅུག་པ་ནི། རྣམ་སྨིན་ཤིན་ཏུ་ཆེ་བའི་ཕྱིར་ན་མི་རུང་ལ། གལ་མེད་འདོད་པའི་དབང་གིས་བཞག་ཚེ། གསོན་རྟེན་སྐྲ་སེན་དང༌། གདུང་རྟེན་ཡིན་ན་རུས་པ་ཐམས་ཅད་ཡང་ཡང་སྦྱིན་སྲེག་བྱ་སྟེ། རུས་ཆོག་ལུང་ལས་གསུང་པ་ལྟར། ལེགས་པར་བྱས་ལ་ཞིབ་པར་བཏགས་པའི་ཕྱེ་མ་སྨན་དྲི་བཟང་དང་ས་སྤྱིན་གཙང་མ་རྣམས་དང་སྦྱར་ལ་སྐུའམ་ས་ཚྭས་པར་བཏབ་ཏེ་བུམ་པའི་སྨད་དུ་བཞུགས་པར་བྱའོ། གཞན་ཡང་མཚམས་དར་དར་ཟབ་གོས་རས་སྣ་ཚོགས་དང༌། གཟུངས་རྣམས་ཀྱི་བར་སྐབས་དང༌། གནོད་སྦྱིན་གཏེར་བུམ་རྣམས་ཀྱི་བར་དུ་འཇུག་རྒྱུའི་རིན་པོ་ཆེའི་ཁྲོལ་བུ་དམིགས་མེད་སྣ་ཚོགས་དང༌། སྨན་སྤོས་དྲི་བཟང་གི་ཕྱེ་མ་རྣམས་དར་རས་ཀྱི་ཐུམ་པོར་བླུག་པ་གང་དགོས་དང༌། རི་རབ་ལ་གནོད་སྦྱིན་གཏེར་རྫས་སུ། རབ་རིན་པོ་ཆེའི་བུམ་པ། དེ་མིན་ཀྱང་ལི་དང་དཀར་ཡོལ་རྫས་སོགས་ལ་བཅས་པའི་བུམ་པ་རབ་དགུ། འབྲིང་ལྔ། ཕྱི་རུ་ཕྱོགས་མདོག་དང་མཐུན་པར་ཚོན་གྱིས་བྱུགས་ཤིང༌། ཐ་ནའང་བུམ་པ་གཅིག་ལ་ཚོན་སེར་པོ་བྱུག ཀུན་ལ་ཕྱོགས་བཞིར་རིགས་རྟགས་བཞི་ཡིས་བརྒྱན་པའི་ནང་དུ། རྣམ་རྒྱལ་བུམ་གཏེར་འཇུག་ཐབས་ཀྱི་ཚིག་བཅད་དང་བསྟུན་ནས་བུམ་པ་གཅིག་ཡིན་ན་གཟུངས་རྫོངས་དགོས་འབྱུང་གཏེར་མཛོད་ཀྱི་བསྡུས་པའི་སྐབས་སུ་བཤད་པའི་དཔལ་མགོན་སྙིང་པོ་བསྡུས་པ་དང༌། བུམ་པ་ལྔ་ཡོད་ཚེ་གཟུངས་རྫོངས་རྒྱས་པའི་སྐབས་སུ་བཤད་པའི་དཔལ་མགོན་ནམ་གཟུངས་རྣམས་གཞུག་སྟེ། བུམ་པ་སེར་པོའི་ནང་དུ་གཅེན་ལྷ་དང་དཔལ་མགོན་ཀུན་འདུས། དཀར་པོ་ལ་ས་བདག་དང་ཡིད་བཞིན༌། ལྗང་ཁུ་ལ་ལྷ་དབང་དང་འདོད་འགྱུར། དམར་པོ་ལ་གཙུག་ན་དང་འཇོག་པོ། སྔོན་པོ་ལ་ཐང་བཟང་དང་འོད་འབར་གཙོ་འཁོར་གྱི་གཟུངས་རྣམས་དང༌། བུམ་པ་དགུ་ཡོད་ཚེ་མགོན་ཆེན་དགུ་པོའི་གཟུངས་རྣམས་སོ་སོར་འཇོག་པ་ནི་གོ་སླ་ལ། དེ་ཡང་དབང་གི་ཤིང་ཙན་དན་དམར་པོ་དང༌། ཤུག་པ་སེང་ལྡིང་གང་རིགས་ཀྱི་སྲོག་ཤིང་ཆུང་ངུ་ལ་དྲིལ་ཏེ་དར་དམར་སེར་གྱི་ན་བཟའ་གསོལ་ལ་གཞུག །
གཞན་ཡང་གཏེར་བུམ་གྱི་རྫས་ལ་རག་དང་ཞ་ཉེ་མིན་པའི་རིན་པོ་ཆེ་སྣ་ཚོགས་དང༌། དུག་རིགས་བཤལ་སྐྱུག་མིན་པའི་སྨན་དྲི་བཟང་སྣ་ཚོགས། ཚེར་ཅན་དང་ཐུར་ལྟས་མིན་པའི་མེ་ཏོག་སྣ་ཚོགས། བྲ་སྲན་མིན་པའི་འབྲུ་སྣ་ཚོགས། ཕུང་ཤུལ་དང་དུར་ས་མིན་པའི་ས་རྡོ་སྣ་ཚོགས། ཤ་ཆང་སྒོག་བཙོང་མིན་པའི་ཟས་སྣ་ཚོགས། བརླན་ཅན་དང་རུལ་སུམ་༼དུམ་༽མིན་པའི་ཤིང་ཏོག་སྣ་ཚོགས། དེ་ལྟར་མ་འཛོམས་ཀྱང༌། ཕྱི་རྒྱུད་ལས་བཤད་པའི་བུམ་རྫས་ཉེར་ལྔ༌། མེ་ཏོག་རིན་པོ་ཆེའི་འབྲུ་སྤོས་ལ་སོགས། བཙན་ཕྱུག་འཕན་གསུམ་འཛོམས་པའི་གཡང་རྫས་སྣ་ཚོགས་པ་ཁྲོལ་བུར་བླུག་པའི་ཁེང་པར་བྱའོ། །
གཞན་ཡང་རྟག་གཟིགས་ལི་མུར་གཙུག་ཕུད་ཀྱིས་བཞེད་སྲོལ་བཀྲ་ཤིས་རྟགས་བརྒྱད་རིན་ཆེན་ནོར་བདུན་གྱི་འཁོར་ལོ་དང༌། གནོད་སྦྱིན་ཕོ་མོའི་འཁོར་ལོ་འབྲི་ལུགས་ནི། མཁས་མཆོག་སྔ་མའི་ཕྱག་ལེན་ལ། རྟགས་བརྒྱད་འཁོར་ལོའི་ལྟེ་བར་ཨ་ལྔ། ནོར་བདུན་འཁོར་ལོའི་ལྟེ་བར་མ་ལྔ་བཅས་ཁོང་སེང་དུ་བྲིས་པའི་ལུགས་སྲོལ་དང༌། མཁས་པ་འགའ་ཞིག་གིས་དེ་མི་འཐད་དེ། ཨ་མ་ནི་ལྷ་ཡེ་ཤེས་པ་ཡབ་ཡུམ་གྱི་ས་བོན་ཡིན་ལ། དེ་འཇིག་རྟེན་དཔལ་མགོན་རྣམས་ཀྱི་འོག་ཏུ་འཇུག་པ་ནི། ཤིན་ཏུ་ལུང་རིག་དང་འགལ་བའི་ཕྱིར། ཞེས་ཁོ་བོས་ནི། འཁོར་ལོ་འདི་གཉིས་ཀྱི་དཀྱིལ་དུ་ཨ་ལྔ་མ་ལྔ་འཇོག་པ་མི་འཐད་པའི་ངེས་པ་མ་མཐོང་སྟེ། དེ་དག་ནི་མན་ངག་ལུང་གི་ཕྲེང་བ། གསང་སྔགས་གནད་ཀྱི་རྫོགས་འཕྲང་གི་དགོངས་དོན་ཕྱིན་ཅི་མ་ལོག་པ་ཡིན་འདུག་གཤིས། རྟག་གཟིགས་དང་ཞང་བོད་ཀྱི་རིག་འཛིན་རྣམས་ཀྱི་དགོངས་ཕྱོགས་ཇི་ལྟར་ཡིན་པ་རང་ཅག་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྟོགས་པར་མི་ནུས་པའི་ཕྱིར། དེས་ན་བྱྀས་པས་ས་མཐའ་མི་ཆོད་བཞིན་སྙམས་སོ། །
དེའི་བྲི་ལུགས་དངོས་ནི། སྨན་ཤོག་གཙང་མ་ལ། སྟེང་འཁོར་མུ་ཁྱུད་རིམ་པ་གསུམ་དུ་བསྐོར་བའི་དབུས་སུ། གཡུང་དྲུང་གི་ལྟེ་བ་དང༌། གྲུ་ཁུག་བཞིར་ཨ་ལྔ་ཁོང་སེང་དུ་ཡིག་གཞུག་ནང་དུ་བསྟན་ཏེ་བྲིས། ཡང་ན་མཁས་པ་འགའ་ཞིག་གི་ཕྱག་ལེན་ལྟར། ཨ་ལྔ་དང་མ་ལྔ་སྲོག་ཤིང་གི་མར་སྣེར་འཇོག་ཚེ། མུ་ཁྱུད་གསུམ་སྐོར་གྱི་དབུས་སུ་ནོར་བུ་འབར་བའི་དཀྱིལ་དུ། ཨཱོཾ་ཨ་ཡུ་ཤེ་ཙུ་ཧྲི་ཧྃའུ་བྲུྃ་སཱཧཱ། ཞེས་བརྩེགས་མར་བྲིས། དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། ཤར་དུ་བུམ་པ་དང་གསེར་ཉ། བྱང་དུ་པད་མ་དང་རྒྱལ་མཚན། ནུབ་ཏུ་དཔལ་བེའུ་དང་གདུགས། ལྷོ་རུ་དུང་དང་འཁོར་ལོ་བརྒྱད་ཀྱི་ལྟེ་བར་རིམ་བཞིན་དུ། ཨཱོཾམ་མ་ཏི་རོ་རིང་ནམ་འདུ་འདུ་སྭཱཧཱ། ཨཱོཾ་མ་མ་ཅེ་ཙ་འདུ་འདུ་སཱཧཱ། ཨཱོཾ་མ་མ་ཞི་ཞི་འདུ་འདུ་སཱཧཱ། ཨཱོཾ་མ་མ་ཡེ་ཡེ་འདུ་འདུ་སཱཧཱ། ཨཱོཾ་མ་མ་ཨ་དཀར་གཤའ་ཡ་ནི་འདུ་སཱཧཱ། ཨཱོཾ་མ་མ་གུ་རོ་ཤན་ཏ་ཡེ་འདུ་སཱཧཱ། ཨཱོཾ་མ་མ་ལྷང་ལྷང་ཡེ་འདུ་སཱཧཱ། ཨཱོཾ་མ་མ་ནེ་རམ་འདུ་སཱཧཱ།  ཞེས་སྔགས་མགོ་ཕྱིར་བསྟན་ལ་བརྩེགས་མར་བྲིས། དཔལ་ཁ་བརྒྱད་ལ་རིན་ཆེན་འབར་བ་རེ་རེ། དེ་རྒྱབ་མུ་ཁྱུད་ལ་གཡུང་དྲུང་གི་ར་བས་བསྐོར་བར་བྱའོ། །
འོག་འཁོར་ནི་མུ་ཁྱུད་རིམ་པ་གསུམ་དུ་བསྐོར་བའི་དབུས་སུ། གཡུང་དྲུང་ལ་མ་ལྔའམ། ཡང་ན་གཏེར་ཆེན་པོའི་དཀྱིལ་དུ། བྲུྃ་རད་ན་སི་ཏི་པ་ཤང་ཀུ་རུ་ཧྃའུ། དེའི་ཕྱི་རིམ་པད་མ་འདབ་བརྒྱད་ལ། ཤར་དུ་རྒྱལ་པོ་རིན་པོ་ཆེ་དང༌། བྱང་དུ་འཁོར་ལོ་རིན་པོ་ཆེ་དང༌། རྟ་མཆོག་རིན་པོ་ཆེ། ནུབ་ཏུ་གླང་པོ་རིན་པོ་ཆེ་དང༌། དམག་དཔོན་རིན་པོ་ཆེ། ལྷོ་རུ་བཙུན་མོ་རིན་པོ་ཆེ་དང༌། བློན་པོ་རིན་པོ་ཆེ་བརྒྱད་ཀྱི་ལྟེ་བར་རིམ་བཞིན་དུ།  བྲུྃ་ཝེར་རོ་རད་ན་སི་ཏི་ཧཾའུ་ཕཌ་སཱཧཱ། བྲུཾ་པུ་རད་རད་ན་སི་ཏི་ཧཱུཾ་སཱཧཱ། བྲུཾ་རད་ཕྱི་རི་རད་ན་སི་ཏི་ཧཱུ་སཱཧཱ། བྲུཾ་ཧྲང་ཏི་རད་ན་སི་ཏི་ཧཾའུ་སཱཧཱ། བྲུཾ་ཧ་སྟི་རད་ན་སི་ཏི་ཧཾའུ་སཱཧཱ། བྲུཾ་ཏུ་རུ་རད་ན་སིྭ་ཏི་ཧཾའུ་སཱཧཱ། བྲུཾ་ཙ་མེད་རད་ན་སིྭ་ཏི་ཧཾའུ་སཱཧཱ། བྲུཾ་ཧྲི་ཙ་རད་ན་སི་ཏི་ཧྃའུ་སཱཧཱ། ཞེས་གོང་ལྟར་བརྩེགས་མར་བྲིས། དཔལ་ཁ་དང༌། ཕྱི་རིམ་མུ་ཁྱུད་རྣམས་སྟེང་འཁོར་དང་མཚུངས་པར་བྲིས། ཡང་ན་མུ་ཁྱུད་བར་མའི་ནང་དུ་རྟགས་བརྒྱད་ནོར་བདུན་གྱི་སྙིང་པོ་རྣམས་ཕྱོགས་མ་ནོར་བར་བྲིས། དེ་རྒྱབ་མུ་ཁྱུད་ཀྱི་སྟེང་འཁོར་འཁོར་ལོ་རྩིབས་བརྒྱད་ལ་རྟགས་༼བརྒྱད་༽དང༌། འོག་འཁོར་པད་པ་འདབ་བརྒྱད་ལ་རིན་ཆེན་ནོར་བདུན་གྱི་གཟུགས་བྲིས་ཀྱང་རུང་ངོ། དེ་ནི་རྒྱས་པའི་ལུགས་སོ། །
འབྲིང་པོ་བྱེད་ན་རྩིབས་བརྒྱད་ཀྱི་གཟུགས་རྣམས་དོར་ནས་སྙིང་པོ་རྣམས་ཕྱོགས་མ་ནོར་བར་ཡིག་མགོ་ཕྱིར་བསྟན་ལ་བརྩེགས་མའམ། ལྷོ་སྐོར་གང་བདེར་བྲི་བར་བྱའོ། །
ཤིན་ཏུ་བསྡུས་ན་སྙིང་པོ་དོར་ནས་སྟེང་འཁོར་ལ་འདུ་གྱད་བྲིས། འོག་འཁོར་ལ་བྲུཾ་བརྒྱད་བྲི་པ་ཡང་སྔོན་གྱི་ཕྱག་ལེན་ནོ། །
གནོད་སྦྱིན་ཕོ་དགུ་མོ་དགུ་ཡི་འཁོར་ལོའི་བྲི་ལུགས་ནི། སྟེང་འཁོར་ལོ་མུ་ཁྱུད་རིམ་པ་གསུམ་བསྐོར་བའི་དབུས་སུ་གནོད་སྦྱིན་ཀུན་གྱི་གཙོ་བོ་འཛམ་བྷ་ལྷ་སེར་པོ། དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་ལ་ཤར་དུ་གང་བ་བཟང་པོ་དཀར་པོ། བྱང་ཤར་དུ་ནོར་བུ་བཟང་པོ་དཀར་ལྗང༌། བྱང་དུ་ཀུ་བེ་ར་ལྗང་ཁུ། བྱང་ནུབ་དུ་ཡང་དག་ཤེས་དམར་ལྗང༌། ནུབ་ཏུ་འབྲོག་གནས་དམར་པོ། ལྷོ་ནུབ་ཏུའང་རྩེ་འཛིན་དམར་སྐྱ། ལྷོ་རུ་མཛོད་ལྡན་མཐིང་ཀ། ལྷོ་ཤར་དུ་མཛོད་སྲུངས་སྔོ་སྐྱ། གཙོ་འཁོར་ཀུན་ཀྱང་ཞི་མ་ཁྲོ་ལ་འཛུམ་པའི་མདངས་དང་ལྡན། ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ཕྱེད་སྐྱིལ་གྱི་ཚུལ་དུ་གཡས་བསྐྱང་བ། རིན་ཆེན་སྤུངས་པའི་གདན་ལ་བཞུགས་པ། དབུ་ལ་རིན་པོ་ཆེའི་པ་ཏྲ་དང་ནོར་བུའི་ཟེའུ་པྲོག་གིས་བརྒྱན་པ། སྐུ་ལ་དར་ཟབ་དང་རིན་པོ་ཆེའི་རྒྱན་གྱིས་ཀླུབས། ཕྱག་གཡས་ནོར་བུ་དང༌། གཡོན་པ་ནེའུ་ལེའི་རྐྱལ་པའི་ཁ་ནས་རིན་པོ་ཆེའི་སྐྱུག་པ་བསྣམ་པ་རེ་རེ་བྲི་ལ། གཙོ་བོའི་ཐུགས་དཀར། ཨོའྃ་འཛམ་བྷ་ལ་ཛ་ལེན་དྲ་ཡེ་སཱཧཱ། འཁོར་རྣམས་ཀྱི་ཐུགས་ཁར་ཤར་ནས་རིམ་

བཞིན་དུ། ཨོའྃ་སུ་རྣ་པ་དྲ་ཡེ་སཱཧཱ། བྱང་ཤར་ཏུ། ཨོའཾ་མ་ཎི་པ་དྲ་ཡེ་སཱཧཱ། བྱང་དུ། ཨོའྃ་དྷ་ན་པ་དྲ་ཡེ་སཱཧཱ། བྱང་ནུབ། ཨོའྃ་བེའ་ཤ་ར་མ་ན་ཡེ་སཱཧཱ། ནུབ་ཏུ། ཨོའྃ་ཀི་ལི་མི་ལི་ཡེ་སཱཧཱ། ལྷོ་ནུབ་ཏུ། ཨོའྃ་པན་ཏི་ཀ་ཡེ་སཱཧཱ། ལྷོ་རུ། ཙི་བྷི་ཀུ་དྷ་ལི་ཡེ་སཱཧཱ། ལྷོ་ཤར་དུ། ཨོའཾ་མུ་ཁེན་དྲ་ཡེ་སཱཧཱ། ཞེས་བརྩེགས་མར་བྲི། དེ་རྒྱབ་མུ་ཁྱུད་ལ་རིན་པོ་ཆེ་ཤིང་ལོ་པ་ཏྲས་བརྒྱན་པར་བྱའོ། །
གནོད་སྦྱིན་ཕོ་འཁོར་འདི་དང༌། གོང་གི་རྟགས་བརྒྱད་ཀྱི་འཁོར་ལོ་གཉིས་ལ། འོག་འཁོར་དང་ཁ་སྦྱར་ཚེ་ཕྱོགས་འདི་ལྟར་འགྲིག་དགོས་པས། འབྲི་ཚེ་རིག་པས་དཔྱད་པར་བྱའོ། འོག་འཁོར་ལ་མུ་ཁྱུད་གོང་ལྟར་བསྐོར་བའི་དབུས་སུ། ལྷ་མོ་ནོར་རྒྱུན་མ་སེར་མོ། དེ་རྒྱབ་པད་མ་འདབ་བརྒྱད་ཀྱི། ཤར་དུ་སྲིད་པ་ཆགས་བྱེད་མ་དཀར་མོ། བྱང་ཤར་དུ་འདོད་ཁམས་དབང་ཕྱུག་མ་དཀར་ལྗང༌། བྱང་དུ་འཇིག་རྟེན་དབང་སྡུད་མ་ལྗང་ཁུ། བྱང་ནུབ་ཏུ་གླིང་བཞི་སྤྱི་ཕུད་མ་དམར་ལྗང༌། ནུབ་ཏུ་སྣང་སྲིད་ཀུན་གྲགས་མ་དམར་མོ། ལྷོ་ནུབ་ཏུ་ཉི་ཟླ་ཐོད་ཕྲེང་མ་དམར་སྐྱ། ལྷོ་རུ་ཁམས་གསུམ་རྣམས་ཁྲོས་མ་སྔོན་མོ། ལྷོ་ཤར་དུ་གནོད་སྦྱིན་དཔལ་བཟང་མ་སྔོ་སྐྱ། གཙོ་འཁོར་ཀུན་ཀྱང་ལྷ་མོའི་ཆ་ལུགས་ཞི་འཛུམ་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ཕྱེད་སྐྱིལ་གཡོན་བརྐྱང་བ་རིན་ཆེན་སྤུངས་པའི་གདན་ལ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ་ཕྱག་གཡས་ལྕགས་ཀྱུ་དང༌། གཡོན་པས་སྙེ་མ་འཛིན་པ་རེ་རེ་བྲིས་ལ། གཙོ་མོའི་ཐུགས་དཀར། ཨོའྃ་བྷ་སུ་དྷ་ར་ནི་སཱཧཱ། འཁོར་རྣམས་ཀྱི་ཐུགས་ཀར་ཤར་ནས་རིམ་བཞིན་དུ། ཨོའྃ་ཙན་དྲ་གེ་ནེ་ཡེ་སཱཧཱ། བྱང་ཤར་དུ། ཨོའྃ་པུ་དན་ཤ་ཡེ་སཱཧཱ། བྱང་དུ། ཨོའྃ་ཨ་ཡ་ཡེ་སཱཧཱ། བྱང་ནུབ་ཏུ། ཨོའྃ་ད་དྷི་ཡེ་སཱཧཱ། ནུབ་ཏུ། ཨོའྃ་པ་ར་པ་ཏ྄ཡ་སཱཧཱ། ལྷོ་ནུུབ་དུ། ཨོའྃ་ད་བྱེ་བྱེ་སཱཧཱ། ལྷོ་རུ། ཨོའྃ་གུ་སུ་དྲི་ཡེ་སཱཧཱ། ལྷོ་ཤར་དུ། ཨོའྃ་སུ་བྷ་ཏྲ་ཡེ་སཱཧཱ། ཞེས་ཡིག་མགོ་ཕྱིར་བསྟན་ལ་བརྩེགས་མར་བྲིས། དེ་རྒྱབ་མུུ་ཁྱུད་གོང་དང་མཚུངས་སོ།  དེ་ནི་རྒྱས་པའི་ལུགས་སོ། །
འཁོར་ལོ་དེ་ལྟར་མ་གྲུབ་ན། འབྲིང་པོ་ནི། ལྟེ་བ་དང་རྩིབས་རྣམས་ཀྱི་སྐུ་གཟུགས་མི་དགོས་ལ། སྔགས་ཕྱོགས་མ་ནོར་བརྩེགས་མའམ། ལྷོ་སྐོར་གང་རིགས་སུ་བྲི་བར་བྱའོ། །
ཤིན་ཏུ་བསྡུས་ན། སྔགས་རྣམས་ཀྱང་དོར་ནས་སྟེང་འཁོར་ལ་ཏྲམ་དགུ་དང༌། འོག་འཁོར་ལ་ཧྲི་དགུ་བྲི་བ་ནི་སྔོན་གྱི་ཕྱག་ལེན་ཡིན་ནོ། དེ་ལྟར་རྟེན་ཆེ་འབྲིང་ཆུང་གསུམ་དང་འཚམས་པར་འཁོར་ལོ་རྒྱས་འབྲིང་བསྡུས་གསུམ་གང་བྲིས་ཀྱང༌། ལྷག་ཆད་ནོར་འཁྲུལ་མེད་པར་བྱས་ལ། དེ་དང་གོང་གི་གཏེར་བུམ་རྣམས་ཀྱི་ཆེད་དུ། རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཞལ་ཕྱེས་ནས། དཀྱིལ་འཁོར་གྱི་མདུན་ཟུར་གང་བདེ་ཞིག་ཏུ་འཁོར་ལོ་རྣམས་བཤམས་ནས། བུམ་གཏེར་འཛུགས་ཐབས་ཀྱི་སྔོན་འགྲོ་སྟོད་ཆའི་ཕྲིན་ལས་ཀྱི་ཚིག་བཤད་དང་བསྟུན་ཏེ། བུམ་གཏེར་བླུག་ལ་གོས་དར་དམར་སེར་གྱི་རྒྱ་གྲམ་གྱི་ཚུལ་དུ་ཁ་བཅད་ལ། ཞག་བདུན་ནམ་ལྔ་གསུམ་གང་ལྕོགས་སུ་རྣམ་རྒྱལ་གཙོ་འཁོར་གྱི་བསྙེན་འཛབ་གཟུངས་དང༌། ལྷག་པར་གནོད་སྦྱིན་གྱི་སྙིང་པོ་དང་བུམ་གཏེར་གྱི་སྙིང་པོ་ཅི་ནུས་བགྲང་ལ་སྒྲུབ་པར་བྱའོ། ཐ་ནའང་ཞག་གཅིག་ཏུ་མ་བསྒྲུབ་ཚེ་མི་རུང་བར་བླ་མ་རྣམས་ཀྱིས་གསུངས་སོ། དེ་ལྟར་གྲུབ་ནས་འཁོར་ལོ་རྣམས་མ་ནོར་བར་མངར་གསུམ་དང་སྨན་གྱི་སྐྱོ་མས་ཁ་སྦྱར་ནས། གོས་དར་སེར་པོས་ན་བཟའ་གསོལ་ཏེ་དར་སྐུད་སྣ་ལྔས་འཁོར་ལོ་རྩིབས་བརྒྱད་དུ་བྲན་པར་བྱའོ། འཇུག་ཚེ་སྟེང་འོག་མ་ནོར་བར་བྱེད་ལ། གཙོ་བོ་ཡབ་ཡུམ་གྱི་དབུ་རྟེན་གྱི་རྒྱབ་ཕྱོགས་སུ་ཡོང་བར་བྱེད་དགོས་སོ། ཡང་དག་གནད་ཀྱི་མཆོད་རྟེན་ཆེན་པོའམ། དེ་མིན་གཙུག་ལག་ཁང་གི་དབུས་ཀྱི་རྟེན་འགུལ་བསྐྱོད་མི་ཐུབ་པ་ཡིན་ཚེ། རྨེང་དུ་སངས་རྒྱས་བསྟན་པ་སྤྱི་ལ་གནོད་པའི་དགྲ་བགེགས་རྣམས་གནན་དགོས་ཏེ། དེའི་འབྲི་ལུགས་ནི། དང་པོ་གཏི་མུག་ཕག་གི་གཟུགས་བརྙན་བྲིས་པའི་ལྟེ་བར། མུ་ཁྱུད་རིམ་པ་གསུམ་དུ་བསྐོར་བའི་དཀྱིལ་དུ་བགེགས་གཟུགས་ཀྱི་སྙིང་ཁར་བྲིས་ལ། ཕུ་དྲི་རྣི་པྲི། བཞི་བྲི་ཟུར་གསུམ་ལ། ལམ་ཧྃའུ་ཕཌ༔ སྤྱི་བོར། ཙན་དྷེ། ཕྲག་པ་གཡས་སུ། མུ་ལི་ལི། གཡོན་དུ། ཏིས་ཏ། ཞབས་སུ། བྷན་དྷ། དཔྲལ་བར། ཧྲིག འདོམས་སུ། ཛ། ཡན་ལག་བཞི་ལ། སྤོ་ཏ་རྦད་ནན། བཞི་བྲིམས།  གཟུངས་ཀྱི་ཕྱིར་རིམ་དུ། ཉོན་མོངས་པ་གཏི་མུག་གི་དབང་དུ་གྱུར་བའི་གནོད་བྱེད་དགྲ་བགེགས་ཐམས་ཅད་ཨེ་ཧུར་ཐུམ་ཛ་མ་ར་ཡ་རྦད་ནན། ཞེས་བྲིམས།  དེ་རྒྱབ་མུ་ཁྱུད་ཀྱི་འཁོར་ལོ་རྩིབས་དྲུག་ལ། ཨཱ་ཐ་རྣི་སུ་པྲི་དུ། དྲུག་བྲིས། དེའི་རྩིབས་མཆན་ལ་རིམ་བཞིན་དུ། ལྷ་ལས་གྱུར་བའི་དགྲ་བགེགས་གནོད་བྱེད་ཨེའ་ཧུར་ཐུམ་ཛ་མ་ར་ཡ་རྦད་ནན། དེ་བཞིན་དུ། ལྷ་མིན་ལས་གྱུར་བའི་དགྲ་བགེགས་གནོད་བྱེད་ཨེ་ཧུར་ཐུམ་ཛ་མ་ར་ཡ་རྦད་ནན། མི་ལས་གྱུར་བའི་དགྲ་བགེགས་གནོད་བྱེད་ཨེའ་ཧུར་ཐུམ་ཛ་མ་ར་ཡ་རྦད་ནན། བྱོལ་སོང་ལས་གྱུར་བའི་དགྲ་བགེགས་གནོད་སྦྱིན་ཨེའ་ཧུར་ཐུམ་ཛ་མ་ར་ཡ་རྦད་ནན། ཡི་དྭགས་ལས་གྱུར་བའི་དགྲ་བགེགས་གནོད་སྦྱིན་ཨེའ་ཧུར་ཐུམ་ཛ་མ་ར་ཡ་རྦད་ནན། དམྱལ་བ་ལས་གྱུར་བའི་དགྲ་བགེགས་གནོད་བྱཻད་ཨཱེ་ཧུར་ཐུམ་ཛ་མ་ར་ཡ་རྦད་ནན། ཞེས་བྲིམས།  དེ་རྒྱབ་མུ་ཁྱུད་ལ་འདུལ་གཟུངས་བཅུ་གསུམ་ནི། ཨེ་མ་ཧ་ཁྲོ་ཏ་ཀ་ར་ཨེ་ས་མ་ཡ་ནན། ཀ་ར་ཀ་ར་ཨེ་ས་མ་ཡ་ནན། ཀི་རི་ཀི་རི་ཨེའ་ས་མ་ཡ་ནན། ཀུ་རུ་ཀུ་རུ་ཨེ་ས་མ་ཡ་ནན། ཙ་ར་ཙ་ར་ཨེ་ས་མ་ཡ་ནན། ཙི་རི་ཙི་རི་ཨེ་ས་མ་ཡ་ནན། ཙུ་རུ་ཙུ་རུ་ཨེ་ས་མ་ཡ་ནན། ས་ར་ས་ར་ཨེ་ས་མ་ཡ་ནན། སི་རི་སི་རི་ཨེ་ས་མ་ཡ་ནན། སུ་རུ་སུ་རུ་ཨེ་ས་མ་ཡ་ནན། ལམ་ལམ་ཨེ་ས་མ་ཡ་ནན། རམ་རམ་ཨེ་ས་མ་ཡ་ནན། མཾ་མཾ་ཨེ་ས་མ་ཡ་ནན། བྲུམ་བྲུམ་ཨེ་ས་མ་ཡ་ནན། ཞེས་སྔགས་གོང་འོག་རྣམས་དང༌། གནས་ཡིག་ཀུན་ཡིག་མགོ་ཕྱིར་བསྟན་ལ་ཚག་མེད་དུ་བྲི་བར་བྱའོ། །
ཡང་གཅིག་ལ་དེ་བཞིན་ཞེ་སྡང་སྦྲུལ་གྱི་ལྟེ་བར་མུ་ཁྱུད་གོང་ལྟར་བསྐོར། སྔགས་ལ། གཏི་མུག་གི་དབང་དུ་གྱུར་བའི་དགྲ་བགེགས་གནོད་བྱཻད་ཨཱེ་ཧུར་ཐུམ་ཛ་མ་ར་ཡ་རྦད་ནན།  ཞེས་པའི་དོད་དུ། ཉོན་མོངས་པ་ཞེ་སྡང་གི་དབང་དུ་གྱུར་བའི་དགྲ་བགེགས་གནོད་བྱཻད་ཨཱེ་ཧུར་ཐུམ་ཛ་མ་ར་ཡ་རྦད་ནན། ཞེས་ཁ་བསྒྱུར་མ་གཏོགས་སྔོན་མ་ཇི་བཞིན་བྲིས། ཡང་གཅིག་ལ། འདོད་ཆགས་བྱའི་ལྟེ་བར། ཉོན་མོངས་འདོད་ཆགས་ཀྱི་དབང་དུ་གྱུར་བའི་དགྲ་བགེགས་གནོད་བྱཻད་ཨཱེ་ཧུར་ཐུམ་ཛ་མ་ར་ཡ་རྦད་ནན། ཞེས་ཁ་བསྒྱུར་ཤེས་པར་མཛོད། དེ་ལྟར་བྲིས་གྲུབ་ནས་གཟུངས་གཞུག་ཏུ་འཇོག་ཁར་གོང་གི་བུམ་གཏེར་དང་འཁོར་ལོ་རྣམས་ཀྱི་ཆེད་དུ། རྣམ་རྒྱལ་དཀྱིལ་འཁོར་ཞལ་ཕྱེས་པའི་འཇུག་ཏུ། གསེར་སྐྱེམས་བཏང་ལ་ལིང་ཁྲུས་ལེགས་པར་བྱས་ནས། ལྷ་ཆེན་གཅེན་ལྷའི་སྒོས་བསྒྲུབས་སམ་བསྐུལ་བ་དང༌། གཡུང་དྲུང་བསྟན་པ་སྐྱོང་བའི་དམ་ཅན་སྲུང་མ་རྣམས་སྤྱི་ལྟར་བསྐུལ་ལ་གཡུང་དྲུང་བསྟན་པ་སྤྱི་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ལ་དམིགས་ནས་འགུག་གཞུག་ལྷ་དབྱེ་སོགས། སྟོད་ལས་སྤྱི་ལྟར་བྱས་ལ་གཅེན་ལྷའི་གཟུངས་བཟློས་ལ་ཐུན་གྱིས་བྲབ། འོག་ཏུ་གཏི་མུག་ཕག་དང་དེའི་སྟེང་ཞེ་སྡང་སྦྲུལ་དང༌། འདོད་ཆགས་བྱ་རྣམས་གན་རྐྱལ་དུ་ལྟེབ་ལ་ཚོན་སྐུད་སྔོན་དམར་གྱིས་རྒྱ་གྲམ་དུ་བཅིང་ལ་བསྡོམས་མོ། །
གཞན་ཡང་ས་གནད་ཀྱི་མཆོད་རྟེན་ཆེན་པོ་ལ། དེའི་རྟེན་དུ་གནོད་བྱེད་ཀྱི་གྲི་མདུང་ལ་སོགས་མཚོན་ཆ་སྣ་ཚོགས་དང༌། རི་རབ་ཏུ། བང་མཛོད་ལ་མཁོ་བའི་རིན་པོ་ཆེའི་སྣོད་ལ་སོགས་སྣོད་སྤྱད་སྣ་ཚོགས་པའི་ནང་དུ་བརླན་རིགས་མིན་པའི་ཟས་བཅུད་འབྲུ་སྣས་བཀང་བ་དང༌། དར་ཟབ་གོས་དར་ཁྲབ་རྨོག་གྲི་མདུང་ལ་སོགས་པ། མདོར་ན་ཁུང་མི་གཙང་བ་དང་གདོན་ཅན་མིན་པའི་ནོར་རྫས་ཕུན་སུམ་ཚོགས་པར་བསགས་སོ། དེ་ལྟར་ཡོ་བྱད་རྣམས་ཚང་པར་འཛོམས་ནས། སྐུ་བརྙན་དང༌། མཆོད་རྟེན་གང་ཡིན་ཀྱང༌། ཕྱི་ནང་གཉིས་ཀར་གཙང་དག་བྱས་བདར་ལེགས་པར་བྱ། བུག་པ་དང་སྲུབ་མཚམས་གང་ཡོད་སྤྱིན་འདམ་དང༌། སྤྲ་ཚིལ་སོགས་ཀྱིས་ལེགས་པར་བཀག་ལ། གཟའ་སྐར་ཚེས་གྲངས་ཕུན་སུམ་ཚོགས་པའི་ཉིན་པར་གཟུངས་གཞུག་གི་གནད་དོན་ཕྱིན་ཅི་མ་ལོག་པར་ཕྱག་ལེན་ཡོད་པའི་མཁན་པོ་དང༌། དེ་ཡི་རོགས་བྱེད་དུ་རིགས་རྒྱུད་བཟང་ལ་ཤེས་རབ་དང་ལྡན་པའི་གང་ཟག་གཉིས་གསུམ་གང་ཡོད་དང་བཅས་པས། ཤ་ཆང་སྒོག་བཙོང་ལ་སོགས། འཇིག་རྟེན་དཔལ་མགོན་མི་དགྱེས་པའི་ཁ་ཟས་རྣམས་སྤངས་ནས། ཁྲུས་དང་གཙང་སྦྲ་ལེགས་པར་བྱས་ལ། བཀྲ་ཤིས་ཤིང་དགེ་བའི་སྙིང་པོ་ཅི་རིགས་ངག་ཏུ་བརྗོད་དེ་རྟེན་གྱི་ནང་དུ། བཟང་དྲུག་ལ་སོགས་སྨན་སྤོས་དྲི་བཟང་གི་ཕྱེ་མ་ཆུ་གཙང་དང༌། འོ་མ་སོགས་དང་སྦྱར་ཏེ། སྲབ་འཐུག་མེད་པའི་ཀོ་བ་ཙམ་ཁྱབ་པར་བྱུག་ལ། དྲི་མི་ཡལ་བའི་ཆེད་དུ་གྲིབ་སྐམ་བྱ་བ་སོགས་གནད་ཀྱི་རྫོངས་འཕྲང་ལས་གསུངས་བཞིན་ལག་ལེན་གནད་དུ་ཁེལ་བར་བྱའོ། དེ་ནི་སྟ་བོན་གྱི་རིམ་པ་བསྟན་པའོ། །
ྋ གཉིས་པ་གཟུང་གཞུག་འབུལ་ཚུལ་དངོས་ལ། རྟེན་ཆུང་བའི་གཟུངས་གཞུག་འབུལ་ཐབས་དང༌། རྟེན་འབྲིང་བའི་གཟུངས་གཞུག་འབུལ་ཐབས་དང༌། རྟེན་ཆེ་བའི་གཟུངས་གཞུག་འབུལ་ཐབས་དང༌། ཞར་འབྱུང་ཕྲན་ཚག་གི་གནད་དོན་དང་གཟུངས་གཞུག་འབུལ་ཚུལ་ལོ། །
དང་པོ་ནི་མཁས་པ་ལ་ལས་སྐུ་བརྙན་གྱི་གཟུངས་གཞུག་དང༌། མཆོད་རྟེན་གྱི་གཟུངས་གཞུག་འབུལ་ཐབས་ལྷན་དུ་བཤད་དེ། སྐུའི་གསང་བ་ཡན་ལ་འཛབ་ཆེན་བཅུ་གཉིས་ཚང་དགོས་པའི་རིགས་འདྲེས་ནས། མཆོད་རྟེན་ལའང་མགུལ་ཆུ་ཡན་ལ་འཛབ་ཆེན་བཅུ་གཉིས་ཀྱི་རྫོགས་པར་བྱེད་པ་ནི།  ཁོ་བོས་ཤིན་ཏུ་མི་འཐད་པར་བསམ་སྟེ། སྤྱིར་འཛབ་ཆེན་བཅུ་གཉིས་ནི་གཟུངས་གཞུག་གི་སྙིང་པོ་ཀུན་གྱི་གཙོ་བོ་ཡིན་པས། སྐུ་བརྙན་གྱི་གཙུག་གཏོར་ནས་སྐྱིལ་ཀྲུང་བར་དང༌། མཆོད་རྟེན་གྱི་ཏོག་ནས་རྨེང་གཞིའི་བར་ཏེ། རྟེན་གྱི་ཞབས་ཚང་མར་ཁྱབ་དགོས་པ་རིག་པས་གྲུབ་པ་དང༌། ལུང་གི་སྒོ་ནས་ཀྱང་གྲུབ་སྟེ། མཆོད་རྟེན་གྱི་གཞུང་ཆེན་ལས། བོན་ཉིད་ཀྱི་དབྱིངས་ལ་སྐྱེ་འགག་མེད་པ་དང༌། གཉིས་སུ་མེད་པར་བྱ་བའི་ཕྱིར། ཡང་སྙིང་འདུས་པ་བརྒྱ་རྩ་བརྒྱད་བཟླས་ལ་རྨེང་གཞིར་བཞག་གོ། ཞེས་སོགས་དོན་དང་སྦྱར་ཏེ་གསལ་བར་གསུངས་བའི་ཕྱིར། དེས་ན་ཕྱི་རབས་པ་རྣམས་ཀྱང༌། ལུང་རིག་རྣམ་དག་དང་འབྲེལ་ཞིང༌། སྔོན་གྱི་མཁས་མཆོག་བྲུ་ཞུ་སྤ་རྨེའུ་དང༌། རྗེ་རིན་པོ་ཆེ་ལ་སོགས་པས་ཕྱག་ལེན་འཁྲུལ་མེད་མཛད་པ་དེ་ཡི་རྗེས་སུ་འབྲེང་ན་ལེགས་སམ་སྙམ།  རིང་ལུགས་ལ་རྟེན་ཆུང་ངུ་ཚོན་གང་ཙམ་ལ། ཨ་ཨཱོཾ་ཧྃའུ་རཾ་ཛ། ལྔའམ་དེ་ལས་དཔག་པའི་རྟེན་སོར་ལྔ་ཙམ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྙིང་པོ་དང༌། རྩ་བར་གནོད་སྦྱིན་གྱིས་སྤྱི་འཛབ་དང་གཞི་བརྟན་པའི་སྙིང་པོ་རྫས་བྱིན་རྟེན་སྣ་ཚོགས་དང༌། བུམ་རྫས་ཉེར་ལྔ་སྨན་འབྲུ་མེ་ཏོག་སྣ་ཚོགས་བླུག་ལ་ཞབས་བསྡམ་མོ། རྟེན་དེ་ལས་དཔག་པའི་གཟུངས་གཞུག་རྒྱས་འབྲིང་བསྡུས་གསུམ་ཀུན་ལ་སྤྱི་རྒྱུག་འཛབ་ཆེན་བཅུ་གཉིས་འབུལ་དགོས་ཏེ།  དེ་ཡང་སྐུ་བརྙན་དང༌། མཆོད་རྟེན་དང་སྦྱར་ཏེ་བཤད་པ་ནི། ྋདབུ་ཡི་གཙུག་གཏོར་དང་ཏོག་ལ། རྫས་དེ་བཞིན་གཤེགས་པའི་རིང་སྲེལ་དར་སྣ་ལྔས་དྲིལ་བ་དང༌། ཞི་བའི་ལྷ་འཛབ་དང༌། དཔྲལ་བའི་དབྱིངས་རུམ་དང༌། ྋཆར་ཁེབ་ལ། རྫས་འཕན་དར་སྣ་ལྔ་དང༌། དབང་ཆེན་སྤྱི་འཛབ། སྙན་ཀྱུས་གཡས་གཡོན་དང༌། བྱ་རུ་གཡས་གཡོན་ལ། རྫས་དར་དཀར་དམར་དང་ཡབ་ཡུམ་སྦྲེལ་འཛབ། ཤངས་དང་སྟོབས་འཁོར་ལ། རྫས་ཉུངས་དཀར་དང་ཁྲོ་བོའི་བསྭོ་འཛབ། ྋམགུལ་དང་སྲོག་ཤིང་ལ། རྫས་འབྲུ་ལྔ་དང་ཐར་བ་བརྒྱད་འཛབ། ྋམགྲིན་པའི་སྨད་དང་བྲེ་ལ། རྫས་ཉུངས་ནག་དང་ངན་སོང་སྒོ་གཅོད་ཀྱི་འཛབ།  ྋཐུགས་ཀའི་དང་གོང་དང་བུམ་པའི་དཀྱིལ་དུ། རྫས་རིན་ཆེན་སྣ་ལྔ་དང༌། ཨ་འཛབ་དྲུག་འགྱུར། ཐུགས་ཁ་དང་མགུལ་ཆུ་ལ། རྫས་སྙིང་པོ་ལྔ་དང་ཨོའྃ་འཛབ་དགུ་བསྐོར། ཐུགས་ཁའི་ཞབས་དང་བང་རིམ་ལ། རྫས་འབྲས་བུ་ལྔ་དང་གསལ་བ་དགུ་འཛབ། ྋལྟེ་བ་དང་བང་རིམ་ལ། རྫས་གསེར་ཞུན་མ་དང་བསྐྱེད་པ་ཀུན་འབྱུང་གི་འཛབ། ལྟེ་འོག་དང་ཁྲི་འཕང་བཞི་པ་ལ། རྫས་སྨན་ལྔ་དང་སྨན་འཛབ་ཁོར་བུ་ཆུང༌། སྐྱིལ་ཀྲུང་རྨེང་གཞི་ཡི་སྟེང་དུ། རྫས་ཤེལ་ལ་གཡུང་དྲུང་བྲིས་པ་དང་ཡང་སྙིང་འདུས་པའི་འཛབ་དེ་རྣམས་གཞུག་གོ།
ྋ    རྟེན་མཐོ་གང་ནས་ཁྲུ་གང་བར་ལ་གཟུངས་འཇུག་བསྡུས་པ་འབུལ་ཚུལ་ནི། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡི་སྙིང་པོ་འཇུག་ལུགས་ནི། སྙིང་པོ་གཞན་རྣམས་ཀྱི་དབུ་རུ་འཛབ་ཆེན་འབུལ་ལུགས་གོང་ལྟར་ལ། རྫས་དང་བཅས་པ་འཛོམ་བར་བྱ་ཞིང༌། གཞན་རྣམས་རིམ་བཞིན་འབུལ་ཚུལ་ནི། གཙུག་གཏོར་དང་ཏོག་ལ་དབྱིངས་དང་ཡེ་ཤེས་རྩེར་ཆིབས་པའི་སྙིང་པོ། འབྲས་བུ་བོན་ཉིད་དུ་བྱིན་གྱིས་བརླབས་པའི་སྙིང་པོ། བོན་སྐུར་བྱིན་གྱིས་བརླབས་པའི་སྙིང་པོ། བླ་མེད་ཡུམ་གྱི་སྙིང་པོ་རྣམས་དང༌། ྋདཔྲལ་བའི་དབྱིངས་རུམ་དང་ཆར་ཁེབས་ལ། འགྱུར་མེད་སྐུའི་སྙིང་པོ་དང༌། ཐུགས་རྗེ་ཆེན་པོ་བྱིན་གྱིས་བརླབས་པའི་སྙིང་པོ། སྙན་དཀྱུས་དང་བྱ་རུ་ལ་ཐབས་ཤེས་སུ་བྱིན་གྱིས་བརླབས་པའི་སྙིང་པོ། ཐོག་མེད་ཡེ་ཤེས་སུ་བྱིན་གྱིས་བརླབས་པའི་སྙིང་པོ། ཤངས་ནས་ཞལ་གྱི་བར་དང༌། སྟོབས་འཁོར་ལ། སྟོབས་བཅུ་གསུམ་བྱིན་གྱིས་བརླབས་པའི་སྙིང་པོ། སྐུ་བརྙན་སྤྲུལ་བའི་སྐུ་ཡིན་ན་འདུལ་བ་རྒྱུད་ཕྱག་ལྟར་དང༌། རྫོགས་སྐུ་ཡིན་ན་སྤྱི་སྤུངས་ཀྱི་བརྒྱུད་པ་དང༌། བོན་སྐུ་ལ་བླ་མེད་སྙན་རྒྱུད་ཀྱི་བརྒྱུད་པ་རྣམས། གཟུངས་གཞུག་འབྲིང་པོའི་སྐབས་སུ་བཤད་པ་ལྟར་རམ། ྋཡང་ན་སྐུ་བརྙན་གང་ཡིན་དེའི་སྒྲུབ་ཐབས་ཀྱི་བརྒྱུད་པ་གཞུག་ཀྱང་རུང་ངོ། མཆོད་རྟེན་ཡིན་ན་ཕྱི་ནང་གསང་བའི་བརྒྱུད་རིམ་ཉུང་བསྡུས་དང༌། གཞན་ཡང་སྐྱབས་གནས་ཀུན་འདུས་པའི་ངོ་བོ་བླ་མ་རིག་འཛིན་འདུས་པའི་སྙིང་པོ་བཅས། མ་ཤོང་ན་མདུང་དྲིལ་བྱས་ཀྱང་རུང་ངོ། མགུར་དང་སྲོག་ཤིང་ལ་ཐར་བའི་ལམ་བརྒྱད་དུ་བྱིན་གྱིས་བརླབས་པའི་སྙིང་པོ། མགྲིན་པ་དང་བྲེ་ལ་འགག་མེད་གསུང་གི་སྙིང་པོ་དང༌། གཤེན་རབ་ལམ་བཞིར་བྱིན་གྱིས་བརླབས་པའི་སྙིང་པོ། ཐུགས་ཀའི་དང་གོང་དང་བུམ་སྟོད་ལ། རྣམ་དག་རྩ་བའི་སྙིང་པོ་དང༌། བདེ་བར་གཤེགས་པ་སྟོང་རྩ་བརྒྱད་ཀྱི་འཛབ། ཐུགས་ཀ་དང་བུམ་པའི་དཀྱིལ་དུ་མི་འཁྲུལ་ཐུགས་ཀྱི་སྙིང་པོ། བོན་ཉིད་ཀྱི་དབྱིངས་ཆེན་པོར་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། རྣམ་རྒྱལ་རྩ་བའི་བསྙེན་འཛབ་གཟུངས་གསུམ་དང༌། སྐུ་བརྙན་ཡིན་ན་ལྷ་གང་ཡིན་དེའི་སྒྲུབ་ཐབས་ཀྱི་སྙིང་པོ་དང༌། མཆོད་རྟེན་ལ་རང་གི་ཡི་དམ་ལྷག་པའི་ལྷ་མཆོག་གང་ཡིན་དེའི་སྙིང་པོ་རྣམས་དང༌། ཞི་རྒྱས་དབང་དྲག་མཐར་ཕྱིན་རྒྱུན་དང་བཅས་པའི་སྤྱི་འཛབ་དང༌། དེའི་འཇུག་ཏུ་གསོན་གཤིན་གང་ལ་དམིགས་པའི་མིང་དང་འཕྲིན་ཞུ་སྨོན་ཚིག་རྣམས་དང༌། གོང་དུ་བཤད་པའི་ཚ་ཚ་རྣམས་འདིར་གཞུག ལྟེ་བ་དང༌། བུམ་གཤམ་ནས་མགུལ་ཆུའི་བར་དུ། ལེགས་འབྱུང་ཡོན་ཏན་ཀྱི་སྙིང་པོ། ཏིང་འཛིན་ཡན་ལག་ཏུ་བྱིན་གྱིས་བརླབས་པའི་སྙིང་པོ། རྒྱུ་འབྲས་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་སྙིང་པོ། འཆི་མེད་ཕྱྭ་ཚེའི་སྙིང་པོ་རྣམས་གཞུག གསང་གནས་དང་བང་རིམ་ལ་ལྷུན་གྲུབ་འཕྲིན་ལས་ཀྱི་སྙིང་པོ། ངན་སོང་དོང་སྤྲུག་གི་སྙིང་པོ། འགྲོ་དྲུག་སྒྲིབ་སྦྱོང་གི་སྙིང་པོ་དང༌། བང་རིམ་བཞི་བར་ཤེས་བཅུར་བྱིན་གྱིས་བརླབས་པའི་སྙིང་པོ། གསུམ་པར་རྫུལ་འཕྲུལ་རྐང་པ་བཞིར་བྱིན་གྱིས་བརླབས་པའི་སྙིང་པོ། གཉིས་པར་དྲན་པར་ཉེ་བར་བཞག་པ་བཞིར་བྱིན་གྱིས་བརླབས་པའི་སྙིང་པོ། དང་པོར་དགེ་བཅུར་བྱིན་གྱིས་བརླབས་པའི་སྙིང་པོ་རྣམས་གཞུག དེ་འོག་སྐུ་བརྙན་ལ་ཞབས་བསྡོམ་དང༌། མཆོད་རྟེན་གྱི་གདོང་ཆེན་གྱི་ཐད་ནས། མཚམས་དར་གྱིས་བཀག་ལ་གོང་འོག་མི་འདྲེས་པར་བྱའོ། པད་གདན་གྱི་སྟོད་དང་རི་རབ་ཀྱི་སྟོད་ཆར། སྐུ་ལྔར་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། བོན་སྐྱོང་གཙོ་བོ་མ་བདུད་བཙན་གསུམ་རྒྱལ་པོ་བཅས་སོགས་དང༌། ཁྱད་པར་སྐུ་བརྙན་ལ་ལྷ་སྒོ་དེའི་སྲུང་མ་དང་བཅས་པའི་སྙིང་པོའམ། འབོད་སྔགས་གང་རིགས་དང༌། གཅེན་ལྷ་གཙོ་འཁོར་ལྔའི་གཟུངས་དང་འདོད་གསོལ་སྨོན་ཚིག་རྣམས་དང༌། དེའི་ཤར་དུ་ལྷ་ཆེན་ཚངས་པ་འབུམ་ཁྲི་དང་ས་བདག་གཙང་ཀུན་ཁྱབ་པ་གཙོ་འཁོར་ཀྱི་གཟུངས། བྱང་དུ་འདོད་པ་དགུ་འགྱུར་དང་མ་ཧ་ཀ་ར་གཙོ་འཁོར། ནུབ་ཏུ་གཙུག་ན་རིན་ཆེན་དང་འོད་འབར་རྒྱལ་མོ་གཙོ་འཁོར། ལྷོ་རུ་ཐང་བཟང་རིང་སྐྱེས་དང་ཀླུ་དབང་འཇོག་པོ་གཙོ་འཁོར་བཅས་པའི་སྙིང་པོ་རྣམས་དང༌། དེའི་འོག་ཏུ་བཀྲ་ཤིས་རྟགས་བརྒྱད་དང༌། རིན་ཆེན་ནོར་བདུན་གྱི་འཁོར་ལོ་བསྡུས་པ་དང༌། དེའི་ཞབས་སུ་གནོད་སྦྱིན་གྱི་གཏེར་རྫས་གོང་དུ་བཤད་པ་རྣམས་གོས་དར་རམ། རས་ཀྱི་ཐུམ་ལ་བླུག་པ་དང༌། དེའི་འོག་ཏུ་གནོད་སྦྱིན་གྱི་འཁོར་ལོ་བསྡུས་པ་སྟེང་འོག་མ་འཛོལ་བར་གཞུག ཁྲི་འཕང་བཞི་པའི་སྟོད་ཆར་ཡུམ་བཞིར། བྱིན་གྱིས་བརླབས་པའི་སྙིང་པོ་དང༌། གཞི་བརྟན་པའི་སྙིང་པོ་བཀྲ་ཤིས་ཚིག་བཤད་གཅིག་ཙམ་དང༌། དེའི་སྨད་ཆ་ལ་ས་ཡི་དཀྱིལ་འཁོར་གྱི་སྙིང་པོ་དང༌། ལྷ་དང་ལྷ་མིན་མི་གསུམ་སྦྱོང་འདྲེན་ཀྱི་སྙིང་པོ། ཁྲི་འཕང་གསུམ་པ་ལ་ཆུ་ཡི་དཀྱིལ་འཁོར་གྱི་སྙིང་པོ་དང༌། བྱོལ་སོང་སྦྱོང་འདྲེན་གྱི་སྙིང་པོ། ཁྲི་འཕང་གཉིས་པ་ལ་མེ་ཡི་དཀྱིལ་འཁོར་གྱི་སྙིང་པོ་དང༌། ཡི་དྭགས་སྦྱོང་འདྲེན་གྱི་སྙིང་པོ། ཁྲི་འཕང་དང་པོ་ལ་རླུང་གི་དཀྱིལ་འཁོར་གྱི་སྙིང་པོ་དང༌། དམྱལ་བ་སྦྱོང་འདྲེན་གྱི་སྙིང་པོ། རྨེང་གཞིའི་སྟོད་དུ་གཞི་བོན་ཉིད་དུ་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། ནམ་མཁའི་དཀྱིལ་འཁོར་གྱི་སྙིང་པོ་རྣམས་བཞུག་སྟེ་ཞབས་བསྡམས་ཀྱིས་ལེགས་པར་བཅད་ལ། སྲུབ་མཚམས་སུ་བླུག་མ་ཡིན་ན་ལ་ཆའམ་འབེར་གང་རིགས་དང༌། ཤིང་ལ་བཅོས་པ་ཡིན་ན། སྤང་ཐལ་དང་གར་སྤྱིན་བསྲེས་པ་དང༌། རྡོ་ཞོ་ལ་སོགས་པས་སྲུབ་བཙང་ལ་ལེགས་པར་བསྡམ་མོ། དེ་ནི་གཟུངས་གཞུག་བསྡུས་པ་འབུལ་བའི་ཚུལ་བསྟན་པའོ། །
ྋ  གཉིས་པ་ནི། རྟེན་ཁྲུ་དོ་ནས་ཕྱེད་བཞིའི་བར་མཚམས་ལ་གཟུངས་གཞུག་འབྲིང་པོ་འབུལ་དགོས་ཏེ། དེ་ཡང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྙིང་པོ་ནི། གོང་དུ་བཤད་པ་ལྟར། སྐུ་བརྙན་གྱི་གནས་ལྔ་དང༌། མཆོད་རྟེན་ཀྱི་ཆར་ཁེབ། བྲེ་བུམ་དཀྱིལ་མགུལ་ཆུ་བང་རིམ་རྣམས་ཀྱི་ཐད་དུ་དྲིལ་པ་དང༌། འཛབ་ཆེན་བཅུ་གཉིས་རྫས་དང་བཅས་པ་ཡང་སྔར་བཤད་པ་བཞིན་དུ། སྐུ་བརྙན་གྱི་གསང་གནས་ཡན་དང༌། མཆོད་རྟེན་གྱི་རྨེང་གཞི་ཡན་ལ་ཁྱབ་པར་འཇོག་པ་ནི། ལུང་དང་བླ་མའི་ཕྱག་ལེན་གྱིས་ཟིན་པས་དེ་ལྟར་བྱ་ཞིང༌། དེའི་སྟེང་དུ་བསྣན་རྒྱུ་ནི། བྱ་ཁྲི་ལ་དབྱིངས་དང་ཡེ་ཤེས་རྩེར་ཆིབས་པའིསྙིང་པོ་དང༌། ཐེག་པ་ཆེན་པོ་ཡབ་ཀྱི་སྙིང་པོ་རྣམས་དར་དཀར་པོས་དྲིལ་ལ་གཞུག གཙུག་གཏོར་ཏོག་ལ་བོན་སྐུར་བྱིན་གྱིས་བརླབས་པའི་སྙིང་པོ། ཨུད་དུ་འབར་བ་ཏོག་གི་གཟུངས། འབྲས་བུ་བོན་ཉིད་དུ་བྱིན་གྱིས་བརླབས་པའི་སྙིང་པོ་རྣམས་དར་དཀར་པོས་དྲིལ། དཔྲལ་བའི་དབྱིངས་རུམ་དང་ཆར་ཁེབ་ལ། འགྱུར་མེད་སྐུ་ཡི་སྙིང་པོ་དང༌། ཐུགས་རྗེ་ཆེན་པོ་བཞིར་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། ཁྱུང་གསས་སངས་རྒྱས་ཀྱི་གཟུངས་དང༌། དེའི་བཀྲ་ཤིས་རྣམས་དར་དཀར་པོས་དྲིལ། སྙན་དཀྱུས་དང་བྱ་རུ་གཡས་གཡོན་ལ། ཐབས་ཤེས་རབ་ཏུ་བྱིན་གྱིས་བརླབས་པའི་སྙིང་པོ་དར་དཀར་གྱིས་དྲིལ། སྙན་ཤལ་དང་དར་དཔྱང་གཡས་གཡོན་ལ་ཐོགས་པ་མེད་པའི་ཡེ་ཤེས་ལྔར་བྱིན་གྱིས་བརླབས་པའི་སྙིང་པོ་དར་དཀར་པོས་དྲིལ། སྙན་དང་དར་དཔྱང་རྣམས་ལ་གཟུངས་མ་ཤོང་ཚེ། དབུ་དང་ཆར་ཁེབས་ལ་བཞག་ཀྱང་རུང་ངོ། སྨིན་མཚམས་ནས་ཞལ་གྱི་བར་དང༌། སྟོབས་འཁོར་ལ་སྟོབས་བཅུ་གསུམ་དུ་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། བླ་མེད་རྫོགས་པ་ཆེན་པོའི་བརྒྱུས་པ་དང༌། བླ་མ་རིག་འཛིན་འདུས་པའི་གཟུངས། སྲོག་ཤིང་མགུར་ལ་ཐར་བའི་ལམ་བརྒྱད་དུ་བྱིན་གྱིས་བརླབས་པའི་སྙིང་པོ་དེ་རྣམས་དར་སེར་པོས་དྲིལ། མགྲིན་པ་དང་བྲེ་ལ་འགག་མེད་གསུང་གི་སྙིང་པོ་དང༌། གཤེན་རབ་ལམ་བཞིར་བྱིན་གྱིས་བརླབས་པའི་སྙིང་པོ། ཨ་ལི་ཀ་ལི། འབྲུག་གསས་རྣམས་གཉིས་ཀྱི་གཟུངས་དང༌། དེའི་བཀྲ་ཤིས་རྣམས་དར་དམར་པོས་དྲིལ། ཐུགས་ཀའི་དང་གོང་དང་བུམ་སྟོད་ལ་མངོན་པར་མཛོད་ཀྱི་བརྒྱུད་པ་དང༌། རྣམ་དག་མདོ་འབུམ་གྱི་གཟུངས་དང༌། བདེ་བར་གཤེགས་པ་སྟོང་རྩ་བརྒྱད་ཀྱི་སྙིང་པོ་རྣམས་སྨན་ཅེས་༼མན་རྩིས་༽དྲིལ༌། ཐུགས་ཀ་དང་བུམ་པའི་དཀྱིལ་དུ་འཁྲུལ་མེད་ཐུགས་ཀྱི་སྙིང་པོ་དང༌། དབྱིངས་ཆེན་པོར་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། རྣམ་རྒྱལ་རྩ་བའི་བསྙེན་འཛབ་གཟུངས་གསུམ་དང༌། སྐུ་བརྙན་ལ་ལྷ་གང་བཞེངས་པ་དེའི་སྒྲུབ་ཐབས་ཀྱི་བརྒྱུད་རིམ་དང་བསྙེན་འཛབ་རྣམས་དང༌། མཆོད་རྟེན་ལ་རང་གི་ཡི་དམ་ལྷག་པའི་ལྷ་མཆོག་གང་ཡིན་གྱི་བརྒྱུད་རིམ་དང་སྙིང་པོ། གཞན་ཡང་མཐར་ཕྱིན་རྒྱུན་གྱི་གཟུངས་དང༌། རྣམ་རྒྱལ་གཙོ་བོའི་བཀྲ་ཤིས་བཅས། ྋ སྐུ་བརྙན་ལ་ལྷ་གང་ཡིན་དེའི་སྐུ་མདོག་དང༌། ྋ མཆོད་རྟེན་ལ་ལྷག་པའི་ལྷ་༼ཡི་༽སྐུ་མདོག་དང་མཐུན་པའི་དར་རམ། ཡང་ན་དར་སྣ་ལྔས་དྲིལ། དེའི་ཤར་དུ་ཕྱི་རྒྱུད་རྣམ་དག་འདུལ་ཁྲིམས་ཀྱི་བརྒྱུད་པ་དང༌། ཐུགས་ཉིད་ཞི་བའི་གཟུངས་དར་དཀར་པོས་དྲིལ། བྱང་དུ་ཕྱི་རྒྱུད་རྒྱས་པ་འབུམ་ལྔའི་བརྒྱུད་པ་དང༌། ངོ་མཚར་རྒྱས་པའི་གཟུངས་དར་ལྗང་ཁུས་དྲིལ། ནུབ་ཏུ་ཞང་ཞུང་བོན་སྐོར་གྱི་གཙོ་བོ་སྤྱི་སྤུངས་སྒྲགས་པ་སྐོར་གསུམ་གྱི་བརྒྱུད་པ་དང༌། བྱིན་བརླབས་དབང་གི་གཟུངས་དར་དམར་པོས་དྲིལ། ལྷོ་རུ་རྒྱ་གར་བོན་སྐོར་གྱི་གཙོ་བོ་དབལ་ཕུར་སྡེ་སྐོར་དོན་གསུམ་གྱི་བརྒྱུད་པ་དང༌། མཐུ་སྟོབས་དྲག་པོའི་གཟུངས་དར་སྔོན་པོས་དྲིལ། འདི་རྣམས་ཀྱི་ཤམ་བུར་གསོན་གཤིན་གང་ལ་དམིགས་པའི་མིང་དང་ཞི་རྒྱས་དབང་དྲག་གི་འདོད་གསོལ་སྨོན་ཚིག་རྣམས་གཞུག་གོ། གོང་དུ་བཤད་པའི་ཚ་ཚ་རྣམས་འདིར་བཞག་དགོས་སོ། །
ྋ  ཐུགས་ཁའི་འོག་དང་བུམ་གཤམ་ལ། དབུས་སུ་ཤེས་རབ་བློ་གྲོས་འཕེལ་བའི་གཟུངས་དར་སེར་པོས་དྲིལ། དེའི་ཤར་དུ་གཡུང་དྲུང་གཙང་མའི་གཟུངས་དང༌། བྱང་དུ་འཆི་མེད་ཚེ་ཡི་གཟུངས། ནུབ་ཏུ་མ་རྒྱུད་མཁའ་འགྲོའི་གཟུངས་དང༌། ལྷོ་རུ་བདུད་བརྩི་སྨན་གྱི་གཟུངས་རྣམས་དར་ཕྱོགས་མདོག་གིས་དྲིལ། ལྟེ་བ་དང་མགུལ་ཆུ་ལ་ལེགས་འབྱུང་ཡོན་ཏན་ཀྱི་སྙིང་པོ་དང༌། ཏིང་འཛིན་ཡན་ལག་ཏུ་བྱིན་གྱིས་བརླབས་པའི་སྙིང་པོ༌། རྒྱུ་འབྲས་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་སྙིང་པོ། མཐར་ཕྱིན་རྒྱུན་གྱི་གཟུངས་ལས་བྱུང་བའི་དཔལ་བཞི་ཡོན་ཏན་རྒྱ་མཚོ་ཡི་གཟུངས་དང༌། སྐུ་བརྙན་གྱི་བརླ་གཉིས་དང༌། མཆོད་རྟེན་མགུལ་ཆུའི་གཡས་གཡོན་ལ། སེང་གསས་རྣམ་གཉིས་ཀྱི་གཟུངས་དང༌། དེའི་བཀྲ་ཤིས་རྣམས་དར་སེར་པོས་དྲིལ། གསང་གནས་དང་བང་རིམ་བཞི་པ་ལ་ལྷུན་གྲུབ་འཕྲིན་ལས་ཀྱི་སྙིང་པོ་དང༌། ཤེས་བཅུར་བྱིན་གྱིས་བརླབས་པའི་སྙིང་པོ་དང་ དེ་འོག་བང་རིམ་གསུམ་པར་རྫུལ་འཕྲུལ་གྱི་རྐང་པ་བཞིར་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། དེ་འོག་བང་རིམ་གཉིས་པར་དྲན་པ་ཉེ་བར་བཞག་པ་བཞིར་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། དེ་འོག་བང་རིམ་དང་པོར་དགེ་བཅུར་བྱིན་གྱིས་བརླབས་པའི་སྙིང་པོ་དང༌།  བཟླས་ཆོག་རིན་ཆེན་སྒྲོན་མའི་སྙིང་པོ་སྒྲིབ་སྦྱོང་གི་ཤམ་བུ་དང་བཅས་པ་དང༌། ངན་སོང་དོང་སྤྲུག་གི་སྙིང་པོ་སྒྲིབ་སྦྱོང་ཤམ་བུར་བཅས་པའི་གཟུངས་དང༌། འཁོར་བ་དོང་སྤྲུག་རིགས་དྲུག་སྒྲིབ་སྦྱོང་གི་གཟུངས། སྐུ་བརྙན་གྱི་སྐྱིལ་ཀྲུང་དང་མཆོད་རྟེན་གྱི་བང་རིམ་གྱི། ཤར་དུ་ཕོ་སྦྱོང་རིན་ཆེན་འཕྲེང་བ། བྱང་དུ་ཀུན་རིག་སྒྲོན་མའི་མདོ་ཆོག ནུབ་ཏུ་མོ་སྦྱོང་པད་མ་མུན་སེལ། ལྷོ་རུ་བཟླས་ཆོག་རིན་ཆེན་སྒྲོན་མ། དབུས་སུ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའམ། བདེར་གཤེགས་སྟོང་གི་མཚན་ཕྱག་སྟེ། སྦྱོང་རྒྱུད་ཀྱི་གཙོ་བོ་ལྔའི་དཀྱིལ་འཁོར་ཆོ་གའམ། མཚན་ཕྱག་གང་རིགས་ཀྱི་གླེགས་བམ་རྣམས་ཕྱི་ནས་ཀླག་པའི་ཚུལ་དུ་གཞུག །
དེ་ལྟར་མ་འགྲུབ་ན་གོང་གི་སྒྲིབ་སྦྱོང་ཤམ་དུ་བཻདྷུརཡ་འོད་དམ་པའི་གཟུངས་ལས་བྱུང་བའི་བདེ་བར་གཤེགས་པའི་ཐུགས་འཛབ་སྟོང་རྩ་གཅིག་པ་དར་དཀར་པོས་དྲིལ། སྐུ་བརྙན་གྱི་རྗེ་ངར་གཡས་དང༌། མཆོད་རྟེན་གྱི་བང་རིམ་ཤར་དུ་ཟོ་བོ་དབུ་དགུ། རྗེ་ངར་གཡོན་དང༌། བང་རིམ་བྱང་དུ་གཟེ་མ་དབུ་དགུ། ཕྱག་ངར་གཡོན་དང༌། བང་རིམ་ནུབ་ཏུ་རུ་ཅོ་དབུ་དགུ། ཕྱག་ངར་གཡས་དང༌། བང་རིམ་ལྷོ་རུ་རོམ་པོ་དབུ་དགུ་བཞིའི་གཟུངས་དང་བཀྲ་ཤིས་རྣམས་དར་ཕྱོགས་མདོག་གིས་དྲིལ། དེ་འོག་སྐུ་བརྙན་གྱི་ཞབས་སམ། མཆོད་རྟེན་གྱི་གདོང་ཆེན་ཐད་ནས་ཞབས་བསྡམ་མམ། མཚམས་དར་གྱིས་བཀག དེ་འོག་སྐུ་བརྙན་གྱི་པད་གདན་དང༌། རི་རབ་སྟོད་ཆར་ཙན་དན་ནམ་ཤུག་པའི་སྲོག་ཤིང་ཐུང་ངུ་ཞིག་གི་སྟོད་དུ། སྐུ་ལྔར་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། གཡུང་དྲུང་བོན་བསྟན་སྐྱོང་པའི་སྲུང་མ་རྣམས་ཀྱི་སྙིང་པོ་འབོད་སྔགས་སྤྱི་དང༌། ཁྱད་པར་སྐུ་བརྙན་ལ་ལྷ་སྒོ་གང་ཡིན་གྱི་སྒེར་གྱི་སྲུང་མ་རྣམས་དར་མཐིང་ཁས་དྲིལ། དེའི་སྨད་དུ་ཕྱི་རྒྱུད་དཔལ་མགོན་བདུན་ཅུ་རྩ་གཉིས་ཀྱི་སྙིང་པོ་དར་དཀར་པོས་དྲིལ། དེའི་ཞབས་སུ་རྟགས་བརྒྱད་ནོར་བདུན་གྱི་ཁྱི་རི་རྒྱས་འབྲིང་གང་ཤོང་གི་འོག་ཏུ་རྣམ་རྒྱལ་དཔལ་མགོན་གྱི་བུམ་པ་གཅིག་གམ་ལྔ་གང་ཡོད་ཕྱོགས་མདོག་དང་མཐུན་པར་མ་ནོར་བར་བཀོད། དེའི་ཞབས་སུ་གནོད་སྦྱིན་ཕོ་མོའི་འཁོར་ལོ་རྒྱས་འབྲིང་གང་ཤོང་སྟེང་འོག་མ་འཛོལ་བར་གཞུག གཏེར་བུམ་གྱི་བར་སྟོང་པ་རྣམས་སུ་གནོད་སྦྱིན་གྱི་གཏེར་རྫས་དར་རས་ཀྱི་ཐུམས་པོར་བླུགས་པ་རྣམས་ཀྱིས་ཁེངས་བཀང་བའི་ཞབས་སུ་ནས་མཚམས་དར་གྱིས་བཅད། དེའི་འོག་ཁྲི་འཕང་བཞི་པའི་སྟོད་ཆར་འབྱུང་བའི་ཡུམ་བཞིར་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། སྨོན་ལམ་ཐམས་ཅད་འགྲུབ་པའི་གཟུངས་དང༌། གཞི་བརྟན་པའི་སྙིང་པོ་དང༌། བཀྲ་ཤིས་ཚིག་ཕྲེང་གང་ལྕོགས་རྣམས་དཀར་པོའམ་མན་རྩིས་དྲིལ། སྨད་དུ་ས་ཡི་དཀྱིལ་འཁོར་གྱི་སྙིང་པོ་དང༌། རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་ལས་བྱུང་བའི་ལྷ་ལྷ་མིན་མི་གསུམ་སྦྱོང་འདྲེན་གྱི་སྙིང་པོ་དང་ཚིག་བཤད་དར་སཻར་པོས་དྲིལ། དེ་འོག་ཁྲི་འཕང་གསུམ་པར་ཆུའི་དཀྱིལ་འཁོར་གྱི་སྙིང་པོ་དང༌། བྱོལ་སོང་སྦྱོང་འདྲེན་གྱི་སྙིང་པོ་དང་ཚིག་བཤད་དར་སྔོན་པོས་དྲིལ།  དེ་འོག་ཁྲི་འཕང་གཉིས་པར་མེའི་དཀྱིལ་འཁོར་གྱི་སྙིང་པོ་དང༌། ཡི་དྭགས་སྦྱོང་འདྲེན་ཀྱི་སྙིང་པོ་དང་ཚིག་བཤད་དར་སེར་པོས་དྲིལ། དེ་འོག་ཁྲི་འཕང་དང་པོར་རླུང་གི་དཀྱིལ་འཁོར་གྱི་སྙིང་པོ་དང༌། དམྱལ་བ་སྦྱོང་འདྲེན་གྱི་སྙིང་པོ་དང་ཚིག་བཤད་དར་ལྗང་ཁུས་དྲིལ། དེ་འོག་རྨེང་གཞི་ཡི་སྟོད་དུ་ནམ་མཁའི་དཀྱིལ་འཁོར་གྱི་སྙིང་པོ་དང༌། གཞི་བོན་ཉིད་དུ་བྱིན་གྱི་བརླབས་པའི་སྙིང་པོ་རྣམས་དར་དཀར་པོས་དྲིལ། དེ་ལྟར་སྨད་ཀྱི་གཟུངས་གཞུག་རྣམས་ཕྱི་རིམ་ཤུག་ཤུན་དང་སྨན་སྤོས་ཀྱི་ཕྱེ་མ་རྣམས་བཀང་ལ་ཞབས་བསྡམ་ལེགས་པར་བཅད། དེ་ནི་གཟུངས་གཞུག་འབྲིང་པོ་འབུལ་བའི་ཚུལ་ལོ། །
ྋ གསུམ་པ་གཙུག་ལག་ཁང་གི་དབུས་ཀྱི་རྟེན་ཁྲུ་ལྔ་ཡན་བསྒུལ་བསྐྱོད་མེད་པའི། ས་གནད་ཀྱི་མཆོད་རྟེན་ཆེན་པོ་ལ་གཟུངས་གཞུག་མས་ནས་ཡས་རིམ་དུ་འབུལ་དགོས་ཏེ། དང་པོ་ཞབས་བསྡམ་གཞི་རྨེང་གི་སྨད་དུ། སྔོན་འགྲོའི་སྐབས་སུ་བཤད་པ་ལྟར་གྱིས་དུག་གསུམ་རང་གཟུགས་ཀྱི་ལིང་ག་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ། མཚོན་ཆ་སྣ་ཚོགས་རྒྱ་གྲམ་དུ་མནན་ལ། རྣམ་པར་རྒྱལ་བའི་གཟུངས་སྡེ་ནས་བྱུང་བའི་གནན་སྔགས་གང་མང་དང༌། ཡི་དམ་གཞུང་ཆེན་ཁྲོ་ཕུར་ཞང་གསུམ་གང་རིགས་ཀྱི་བྲོ་བརྡུངས་བྱ། རྨེང་གཞི་ཡི་སྟོད་དུ་ནམ་མཁའི་དཀྱིལ་འཁོར་གྱི་སྙིང་པོ་དང༌། གཞི་བོན་ཉིད་དུ་བྱིན་གྱིས་བརླབས་པའི་སྙིང་པོ་དར་དཀར་པོས་དྲིལ། དེ་སྟེང་ཁྲི་འཕང་བཞི་ལ་རིམ་བཞིན་འབྱུང་བ་བཞི་ཡི་སྙིང་པོ་དང༌། རིགས་དྲུག་སྦྱོང་འདྲེན་གྱི་སྙིང་པོ་དང་ཚིག་བཤད་རྣམས་འབྲིང་པོ་ལྟར་བྱ་ཞིང༌། ཁྲི་འཕང་བཞི་པའི་སྟོད་ཆར་འབྱུང་བའི་ཡུམ་བཞིར་བྱིན་གྱིས་བརླབས་པ་དང༌། གཡུང་དྲུང་མཐའ་ཡས་ཀྱི་གཟུངས་དང་འདོད་གསོལ། བསྟན་པ་རབ་ཏུ་བརྟན་པའི་གཟུངས་དང་འདོད་གསོལ། སྨོན་ལམ་ཐམས་ཅད་འགྲུབ་པའི་གཟུངས་དང༌། བཀྲ་ཤིས་ཚིག་ཕྲེང་རྒྱས་པ་རྣམས་དར་མེན་ཙིའམ་དཀར་པོས་དྲིལ། དེ་རྣམས་ཀྱི་ཕྱི་རུ་ཤུག་ཤུན་བཟང་ཤིང་དྲི་བཟང་གི་ཕྱེ་མ་རྣམས་ཀྱིས་ལེགས་པར་བཀང་བའི་སྟེང་དུ། མཚམས་དར་གྱིས་བཅད་པའི་ཐོག་ཏུ། པད་གདན་དང་སྨད་ཆར། གནོད་སྦྱིན་འཁོར་ལོ་རྒྱས་པ་ཁ་སྦྱོར་བའི་སྟེང་དུ། རྣམ་རྒྱལ་མགོན་ཆེན་རྣམ་དགུ་འཁོར་དང་བཅས་པའི་བུམ་གཏེར་འཇོག་སྟེ། དེ་ཡང་དབུས་སུ་བསྟན་སྲུང་ལྷ་ལྔའི་བུམ་པ། ཤར་དུ་གསང་བ་ལག་ཆེན་གཙོ་འཁོར། བྱང་ཤར་དུ་ཡིད་བཞིན་རྒྱལ་བ་གཙོ་འཁོར། བྱང་དུ་ལྷ་དབང་རྒྱལ་བྱིན་གཙོ་འཁོར། བྱང་ནུབ་ཏུ་འདོད་པ་དགུ་འགྱུར་གཙོ་འཁོར། ནུབ་ཏུ་གཙུག་ན་རིན་ཆེན་གཙོ་འཁོར། ལྷོ་ནུབ་ཏུ་ཀླུ་རྒྱལ་འཇོག་པོ་གཙོ་འཁོར། ལྷོ་རུ་ཐང་བཟང་རིང་སྐྱེས་གཙོ་འཁོར། ལྷོ་ཤར་དུ་ཁ་ལ་འོད་འབར་གཙོ་འཁོར་བརྒྱད་ཀྱི་བུམ་པ་ཕྱོགས་མ་ནོར་བར་བཞག་པའི་སྟེང་དུ།  བཀྲ་ཤིས་རྟགས་བརྒྱད་དང་རིན་ཆེན་ནོར་བདུན་གྱི་ཁྱི་རི་རྒྱས་པ་ཁ་སྦྱོར་སྟེང་འོག་མ་འཛོལ་བར་བཞག །
གཏེར་བུམ་དེ་རྣམས་ཀྱི་ཕྱི་རོལ་ཕྱོགས་བཞིར་གསང་བ་ཐུགས་ཀྱི་བརྣག་པའི་ཟློག་གཟུངས་ཆ་རེ་རེ་ཤིང་སྐྱེར་བའི་སྲོག་ཤིང་ལ་དྲིལ་ནས་དར་མཐིང་ནག་གི་ན་བཟའ་གསོལ་ལ་གཞུག པད་གདན་དང་རི་རབ་ཀྱི་སྟོད་ཆར་གདོང་ཆེན་ལ། ཙན་དན་ནམ་ཤུག་པའི་སྲོག་ཤིང་ལ་སྟོད་དུ་སྐུ་ལྔར་བྱིན་གྱིས་རླབས་པའི་སྙིང་པོ་དང༌། སངས་རྒྱས་ཀྱི་སྤྱན་སྔར་གཡུང་དྲུང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་སྲུངས་མ་དམ་ཅན་རྣམས་ཀྱི་སྙིང་པོའམ་འབོད་སྔགས་དར་མཐིང་ནག་གིས་དྲིལ་ཞིང༌། སྨད་དུ་གཙང་རིགས་དཔལ་མགོན་བདུན་ཅུའི་གཟུངས་དར་དཀར་པོས་དྲིལ་ལ་གཞུག ཤར་དུ་གསལ་བའི་མར་མེ། བྱང་དུ་དྲི་ཞིམ་སྤོས་དྲི། ནུབ་ཏུ་བདུད་རྩི་ཚན་ཆབ། ལྷོ་རུ་རོ་ལྡན་ཞལ་ཟས། དབུས་སུ་མཛེས་པའི་དེ་མེ་ཏོག་རྣམས། དག་པ་རྣམ་དྲུག་གིས་བྱིན་གྱིས་བརླབས་ལ་བཤམས། དེ་ལྟར་གནོད་སྦྱིན་བང་མཛོད་དུ་གཏེར་རྫས་སྣ་ཚོགས་དང་འབྲུ་སྣ་རྩི་ཤིང་དར་རས་ཀྱི་ཐུམ་པོར་བླུགས་པས་ཁེངས་བར་བཀང་བའི་སྟེང༌། སྐུ་བརྙན་གྱི་ཞབས་སམ་མཆོད་རྟེན་གྱི་གདོང་ཆེན་ཐད་ནས་ཞབས་བསྡམ་མམ། མཚམས་དར་གྱིས་བཀག་དགོས་སྟེ། མཆོད་རྟེན་གཞུང་ཆེན་གྱི་སྨོན་ལམ་ལས། འདི་མན་ཆད་ཕུང་པོ་ལྔ་སོགས་འཁོར་བའི་བོན་དང༌། འདི་ཡན་དགེ་བཅུ་སོགས་རྣམ་བྱང་གི་བོན་དང་སྦྱར་ཏེ་གསུངས་པའི་ཕྱིར། ལག་ལེན་དེ་ལྟར་བྱའོ། དེ་སྟེང་སྐྱིལ་ཀྲུང་དང་བང་རིམ་དང་པོར། དགེ་བཅུར་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། བཟླས་ཆོག་མུན་སེལ་སྒྲོན་མའི་སྙིང་པོ་སྒྲིབ་སྦྱང་སྔགས་ཤམ་དང་བཅས་པ། ངན་སོང་དོང་སྤྲུག་སྒྲིབ་སྦྱོང་གི་སྔགས་ཤམ་དང་བཅས་པ། འཁོར་བ་ངན་སོང་དོང་སྤྲུག་རིགས་དྲུག་སྒྲིབ་སྦྱོང་གི་གཟུངས་དང༌། བདེ་བར་གཤེགས་པའི་ཐུགས་འཛབ་སྟོང་རྩ་གཅིག་པ་རྣམས་དར་དཀར་པོས་དྲིལ། གཞན་ཡང་སྐྱིལ་ཀྲུང་དང་བང་རིམ་དང་པོ་ནས་བཟུང་སྟེ་གཟུངས་རྣམས་ཀྱི་ཕྱི་རུ་མཐོ་བརྩེགས་སུ། སྦྱོང་རྒྱུད་དཀྱིལ་འཁོར་ལྔ་ལ་སོགས་པ་མདོ་འབུམ་རྒྱུད་གཟུངས་སྒྲུབ་ཐབས་མངོན་རྟོགས་དགོངས་འགྲེལ་ཏེ། མདོར་ན་བཟློག་བསད་མ་གཏོགས་པའི་བཀའ་རྟེན་གང་འཛོམས་རྣམས་ལ། སྨན་སྤོས་དྲི་བཟང་གི་ཕྱེ་མའི་འཕྲད་སྩལ། བཀླག་པའི་ཚུལ་དུ་དབུ་ཤོག་ཡར་སློག་ལ་གོས་དར་སེར་པོའི་ན་བཟའ་གསོལ་ནས། ཡིག་མཐའ་ཕྱི་རུ་ཡོང་བར་བྱས་ཏེ་གཞུག གལ་སྲིད་སྦྱོང་རྒྱུད་དཀྱིལ་འཁོར་ལྔའི་གླེགས་བམ་མ་གྲུབ་ན། དབུས་སུ་གཡུང་དྲུང་ལྟུང་བཤགས་དང༌། ཕྱོགས་བཞི་བཻདྷུརཡ་འོད་དུ་གཟུངས་ལས་བྱུང་བའི་འགྲོ་དྲུག་སྒྲིབ་སྦྱོང་གི་གཟུངས་ཕྱོགས་བཞིར་རེ་རེ་དར་དཀར་པོས་དྲིལ་ལ་གཞུག བང་རིམ་གཉིས་པར་དྲན་པ་ཉེ་བར་བཞག་པ་བཞི་དང༌། གསུམ་པར་རྫུལ་འཕྲུལ་རྐང་པ་བཞིར་བྱིན་གྱིས་བརླབས་པའི་སྙིང་པོ་དར་དཀར་པོས་དྲིལ་ལ་གཞུག གསང་གནས་དང་བང་རིམ་བཞི་པར་ལྷུན་གྲུབ་ཕྲིན་ལས་ཀྱི་སྙིང་པོ་དང༌། ཤེས་བཅུར་བྱིན་གྱིས་བརླབས་པའི་སྙིང་པོ་དར་དཀར་པོས་དྲིལ། གཞན་ཡང་སྦྱོང་རྒྱུད་གླེགས་བམ་རྣམས་ཀྱི་ཕྱི་རིམ་དུ་ཁྲོ་བཞིའི་གཟུངས་གཞུག་དགོས་ཏེ། དེ་ཡང་རྗེ་ངར་གཡས་དང་བང་རིམ་ཤར་དུ་ཟོ་བོ་དབུ་དགུ་ གཡོན་དང་བང་རིམ་བྱང་དུ་གཟེ་མ་དབུ་དགུ། ཕྱག་ངར་གཡོན་དང་བང་རིམ་ནུབ་ཏུ་རུ་ཅོ་དབུ་དགུ། གཡས་དང་བང་རིམ་ལྷོ་རུ་རོམ་པོ་དབུ་དགུ་དང་བཞིའི་གཟུངས་དང་བཀྲ་ཤིས་རྣམས་དར་ཕྱོགས་མདོག་གིས་དྲིལ། ལྟེ་བ་མགུལ་ཆུ་ལ་ལེགས་འབྱུང་ཡོན་ཏན་གྱི་སྙིང་པོ་དང༌། ཏིང་འཛིན་ཡན་ལག་ཏུ་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། རྒྱུ་འབྲས་གཉིས་མེད་དུ་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། དཔལ་བཞི་ཡོན་ཏན་རྒྱ་མཚོའི་གཟུངས་རྣམས་དར་སེར་པོས་དྲིལ། དེའི་གཡས་གཡོན་དུ་སེང་གསས་རྣམ་གཉིས་ཀྱི་གཟུངས་དང༌། དེའི་བཀྲ་ཤིས་བཅས་དར་སེར་པོས་དྲིལ་ལ་གཞུག སྐུ་བརྙན་ཡིན་ན་བརླ་གཉིས་ལ་བཞག་དགོས་སོ། །
ྋ ཐུགས་ཀའི་འོག་ཏུ། བུམ་གཤམ་ལ་དབུས་སུ་ཤེས་རབ་བློ་གྲོས་འཕེལ་བའི་གཟུངས་དར་སེར་པོས་དྲིལ། དེའི་ཤར་དུ་གཡུང་དྲུང་གཙང་མའི་གཟུངས་དང༌། བྱང་དུ་འཆི་མེད་ཚེ་ཡི་གཟུངས༌། ནུབ་ཏུ་མ་རྒྱུད་མཁའ་འགྲོའི་གཟུངས། ལྷོ་རུ་བདུད་རྩི་སྨན་གྱི་གཟུངས་དང་བཞིའི་ཕྱི་རུ། བཻདྷུརཡ་གཟུངས་རྫོང་རྒྱས་པའི་ནང་གཟུངས་ལས་བྱུང་བས་བསྲུངས་པའི་བསྙེན་པ་ཆ་བཞིར་བྲིས་པ་རེ་རེ་དྲིལ་ལ་དར་ཕྱོགས་མདོག་གིས་ན་བཟའ་གསོལ། ཐུགས་ཁ་དང་བུམ་པའི་དཀྱིལ་དུ་འཁྲུལ་མེད་ཐུགས་ཀྱི་སྙིང་པོ་དང༌། དབྱིངས་ཆེན་པོར་བྱིན་གྱིས་བརློབས་པའི་སྙིང་པོ་དང༌། ཁྱད་པར་དུ་སྐུ་བརྙན་ལ། ལྷ་གང་བཞེངས་དེའི་སྒྲུབ་ཐབས་ཀྱི་བརྒྱུད་རིམ་རྒྱས་པ་དང༌། དེའི་སྙིང་པོ་དང༌། མཆོད་རྟེན་ལ་རང་གི་ལྷག་པའི་ལྷ་མཆོག་དེའི་སྒྲུབ་ཐབས་ཀྱི་བརྒྱུད་རིམ་རྒྱས་པར་སྤེལ་བ་དང༌། དེའི་སྙིང་པོ་རྣམས་སྐབས་དང་སྦྱར་བ་དང༌། གཞན་ཡང་རྣམ་པར་རྒྱལ་བ་རྩ་བའི་བསྙེན་འཛབ་གཟུངས་གསུམ་དང་མཐར་ཕྱིན་རྒྱུན་གྱི་གཟུངས་དང༌། རྣམ་རྒྱལ་གཙོ་བོའི་བཀྲ་ཤིས་བཅས། དར་ལྷ་ཡི་སྐུ་མདོག་གམ་སྣ་ལྔས་དྲིལ། དེའི་ཤར་དུ་རྣམ་དག་འདུལ་ཁྲིམས་ཀྱི་བརྒྱུད་པ་རྒྱས་པར་སྤེལ་བ་དང༌། ཐུགས་ཉིད་ཞི་བའི་གཟུངས། བྱང་དུ་རྒྱས་པ་འབུམ་ལྔའི་རྒྱུད་པ་རྒྱས་པར་སྤེལ་བ་དང༌། ངོ་མཚར་རྒྱས་པའི་གཟུངས། ནུབ་ཏུ་སྤྱི་སྤུངས་སྐོར་གསུམ་གྱི་བརྒྱུད་པ་རྒྱས་པ་དང༌། བྱིན་བརླབས་དབང་གི་གཟུངས། ལྷོ་རུ་སྡེ་སྐོར་དོན་གསུམ་གྱི་བརྒྱུད་པ་རྒྱས་པ་སྤེལ་བ་དང༌། མཐུ་སྟོབས་དྲག་པོའི་གཟུངས་རྣམས་དར་ཕྱོགས་མདོག་གིས་དྲིལ། སྐབས་འདིར་གསོན་གཤིན་གང་ལ་དམིགས་པའི་མིང་དང༌། ཞི་རྒྱས་དབང་དྲག་གི་འདོད་གསོལ་སྨོན་ཚིག་དང༌། གདུང་རྟེན་སོགས་ཀྱི་ཚ་ཚ་ཡོད་པ་རྣམས་བུམ་གཤམ་ཡན་དུ་འཇུག་པར་བྱའོ། །
ྋ ཐུགས་ཀའི་དང་གོང་དང༌། བུམ་སྟོད་ལ་མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་རྒྱུད་པ་རྒྱས་པར་སྤེལ་བ་དང༌། རྣམ་དག་མདོ་འབུམ་གྱི་གཟུངས་དང༌། བདེར་བར་གཤེགས་པ་སྟོང་རྩ་བརྒྱད་གྱིས་སྙིང་པོ་རྣམས་མན་ཙེས་དྲིལ། མགྲིན་པ་དང་བྲེ་ལ་འགག་མེད་གསུང་གི་སྙིང་པོ་དང༌། གཤེན་རབ་ལམ་བཞིར་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། ཨ་ལི་ཀ་ལི་དང༌། ཡི་གེ་སྒྲའི་«༼གཟུངས་རྫོངས་རྒྱས་པའི་ནང༌།མཆན༽འཛབ་རིང་རྣམས་དར་དམར་པོས་དྲིལ། འ»བྲུག་གསས་རྣམ་གཉིས་ཀྱི་གཟུངས་དང་བཀྲ་ཤིས་ནི། སྐུ་བརྙན་གྱི་ཕྱག་དཔུང་གཉིས་ལ་འཇོག་ཞིང༌། མཆོད་རྟེན་ལ་བྲེའི་གཡས་གཡོན་གཉིས་སུ་འཇོག་པར་མཁས་དབང་གོང་མ་རྣམས་ཀྱིས་གསུངས་སོ། མགུར་གྱི་སྟོད་དང༌། སྲོག་ཤིང་ལ་ཐར་བའི་ལམ་བརྒྱད་དུ་བྱིན་གྱིས་རློབ་པའི་སྙིང་པོ་དང༌། བསྐལ་བཟང་«༼གཟུངས་རྫོངས་རྒྱས་པའི་ནང༌།མཆན།༽སངས་རྒྱས་སྟོང་གི་གསུང་བའི་ཡང་ས»ྙིང་གི་འཛབ་དང་སྒྲིབ་སྦྱོང༌། མངོན་སངས་རྒྱས་པའི་ཤམ་བསྒྱུར་རྣམས་དར་སེར་པོས་དྲིལ། ཤངས་ནས་ཞལ་གྱི་བར་སྟོབས་འཁོར་ལ། སྟོབས་བཅུ་གསུམ་དུ་བྱིན་གྱིས་རློབ་པའི་སྙིང་པོ་དང༌། བླ་མེད་རྫོགས་པ་ཆེན་པོའི་བརྒྱུད་པ་རྒྱས་པར་སྤེལ་བ་དང༌། བླ་མ་རིག་འཛིན་འདུས་པའི་གཟུངས་རྣམས་དར་སེར་པོས་དྲིལ། དཔྲལ་བའི་དབྱིངས་རུམ་དང༌། ཆར་ཁེབས་ཀྱི་སྟོད་དུ། འགྱུར་མེད་སྐུའི་སྙིང་པོ་དང༌། ཐུགས་རྗེ་ཆེན་པོ་བཞིར་བྱིན་གྱིས་རློབས་པའི་སྙིང་པོ་དང༌། ཁྱུང་གསས་སངས་རྒྱས་རྒྱལ་པོའི་གཟུངས་དང༌། དེའི་བཀྲ་ཤིས་རྣམས་དར་དཀར་པོས་དྲིལ། སྙན་ཤལ་གཉིས་དང་དར་དཔྱང་གཉིས་ལ། ཐོགས་པ་མེད་པའི་ཡེ་ཤེས་སུ་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། སྙན་དཀྱུས་གཡས་གཡོན་དང༌། བྱ་རུ་གཡོན་ལ་ཐབས་དང་ཤེས་རབ་ཏུ་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། གཡས་ལ་ཐབས་མཆོག་སྲིད་པའི་སྙིང་པོ་དང༌། གཡོན་ལ་ཤེས་རབ་གཤེན་གྱི་གཟུངས་རྣམས་དར་གཡས་དཀར་གཡོན་དམར་གྱིས་དྲིལ། གཙུག་གཏོར་ཏོག་ལ། བོན་གྱི་སྐུར་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། ཨུད་དུ་འབར་བ་ཏོག་གི་གཟུངས་དང༌། འབྲས་བུ་བོན་ཉིད་དུ་བྱིན་གྱིས་བརླབས་པའི་སྙིང་པོ་དང༌། བྱ་གྲི་ལ་དབྱིངས་ཡེ་ཤེས་རྩེར་ཆིབས་པའི་སྙིང་པོ་དང༌། ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོ་དང༌། ཤོང་ན་རྣམ་དག་པད་མ་ཡུམ་གྱི་སྙིང་པོའམ། དེ་མིན་དབྱིངས་ཀྱི་ཡུམ་ནི་ཡང་སྙིང་རྣམས་དར་དཀར་པོས་དྲིལ། དེ་ནི་གཟུངས་གཞུག་རྒྱས་པ་འབུལ་བའི་ཚུལ་བསྟན་པའོ། །
ྋ བཞི་པ་ལ་རྟེན་གསུམ་གཟུངས་གཞུག་གི་གནད་དོན་འཕྲོ་རྣམས་བཤད་པ་དང༌། ཕྲན་ཚག་གི་གཟུངས་གཞུག་འབུལ་ཚུལ་མདོ་ཙམ་བསྟན་པའོ། དང་པོ་ནི། དེ་ལྟར་གཟུངས་གཞུག་རྒྱས་འབྲིང་བསྡུས་གསུམ་ཀུན་ལ་སྤྱི་རྒྱུག་འཛབ་ཆེན་བཅུ་གཉིས་ཀྱི་འབུལ་ཐབས། སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་གཞན་རྣམསདང་ལྷན་དུ་བཤད་མ་བདེ་བས་གཟུངས་གཞུག་བསྡུས་པའི་དབུ་རུ་བཀོད་ཡོད་པ་ལྟར། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྙིང་པོའི་ཕྱི་དང༌། གཟུངས་གཞུག་གཞན་རྣམས་གྱི་མགོ་རུ་འཇོག་དགོས་པ་རིག་པས་དཔྱད་ལ་མ་ནོར་བར་བྱའོ། །གཞན་གཟུངས་གཞུག་རྒྱས་འབྲིང་སྐབས་རྒྱན་བཅུ་གསུམ་མེད་པའི་སྐུ་བརྙན་ཡིན་ན། དབུ་ལ་སྐུ་གཟུགས་རབ་གནས་ཀྱི་གཟུངས་དང༌། མགྲིན་པར་གསུང་རབ་འཛབ་རིང༌། ཐུགས་ཁར་མཆོད་རྟེན་གྱི་གཟུངས་རྣམས་གཞུག་ཅིང༌། རྫོགས་སྐུ་ཡིན་ན་སྐུ་གཟུགས་ཀྱི་གཟུངས་རྒྱན་སོ་སོར་ལ་འཇོག གཞན་གཉིས་གོང་དང་མཚུངས། མཆོད་རྟེན་ཆེན་པོ་ཡིན་ན། ཆར་ཁེབ་དང་སྟོབས་འཁོར་ལ་སྐུ་གཟུགས་ཀྱི་གཟུངས་དང༌། བྲེ་ལ་ཡི་གེ་འཛབ་རིང་གོང་ལྟར་དང༌། མཆོད་རྟེན་གྱི་སྙིང་པོ་རྣམས་གནས་སོ་སོར་འཇོག་པ་ནི་ལུང་དང་མཁས་གྲུབ་གོང་གི་ཕྱག་ལེན་གཉིས་ཀས་ཟིན་པའོ། །
དེ་ཡང་རྫོགས་པའི་སྐུ་ཞི་ཁྲོ་སྤྱི་ལ་རྒྱུག་པའི་རྒྱན་གྱི་གཟུངས་སྐུ་གཟུགས་རབ་ཏུ་གནས་པའི་འཕྲིན་ལས་ནས་བྱུང་བ་ནི། དབུ་རྒྱན་ལ། ཨཱོཾ་པུ་ཏ་ར་མར་ལ་གུ་དུན་ཉི་རི་བྷ་ར་དྲང་འདུ། རྒྱབ་ཡོལ་ལ། ཨོའཾ་མུན་ཏ་ར་ཕམ་ལིང་ཉི་རི་བྷ་ར་ཏྲང་འདུ། དབུ་གདུགས་ལ། ཨོའཾ་པུ་ཧ་ར་དུ་ཕང་ཉི་རི་བྷ་ར་ཏྲང་འདུ། སྙན་ཆ་ལ། ཨོའཾ་ར་ཙེ་ཙཀྲ་ཏིང་ཤོ་ཉི་རི་བྷ་ར་ཏྲང་འདུ། མགུལ་ཆུ་ལ། ཨོའཾ་དྲི་ཁང་དྲུང་མུ་ཉི་རི་བྷ་ར་ཏྲང་འདུ། དོ་ཤལ་ལ། ཨོའཾ་ཏིང་ཀ་མར་སང་སྣ་ཚིལ་ཉི་རི་བྷ་ར་ཏྲང་འདུ། དཔུང་རྒྱན་ལ། ཨོའཾ་དུར་བེ་ཚང་སླ་རི་མ་ར་ཉི་རི་བྷ་ར་ཏྲང་འདུ། ཕྱག་གདུབ་ལ། ཨོའཾ་ཁྲི་ཙ་ར་མར་ཏིང་དྲུང་མུ་ཨ་ཉི་རི་བྷ་ར་ཏྲང་འདུ། ཕྱག་མཚན་ལ། ཨོའཾ་ཁྲི་ཙེ་ར་མོ་ལྗི་ཆིམ་བྲུམ་གྲ་གྷི་ཉི་རི་བྷ་ར་ཏྲང་འདུ། ཤམ་ཐབས་ལ། ཨོའཾ་ཧྲིབ་ཏ་ལ་ཨེའ་ཕེ་རལ་ཤིན་ཤོན་ནི་ཉི་རི་བྷ་ར་ཏྲང་འདུ། ཆུན་འཕྱང་ལ། ཨོའཾ་སྐྱེལ་མིན་སད་མུར་ཏིང་ཤོན་མར་ཤོག་ནམ་ཉི་རི་བྷ་ར་ཏྲང་འདུ། ཞབས་གདུབ་ལ། ཨོའཾ་ཏ་ར་མི་ཏྲ་ཤི་ཤོན་ཉི་རི་བྷ་ར་ཏྲང་འདུ། གདན་ཁྲི་ལ། ཨོའཾ་ཚར་ཚང་སང་ཁོད་དེ་ཤོ་ཧ་སྟི་ཀུ་ཧྲང་ནི་ཉི་རི་བྷ་ར་ཏྲང་འདུ། ཅེས་གཞུག་གོ། །
དབང་པོའི་སྒོ་སོ་སོར་གཞུག་པའི་གཟུངས་ནི། དབུ་སྐྲ་ལ། ཨོའཾ་སད་དོ་ཀྲ་ཅོན་ཨུན་སིག་སྤུངས་སོ་ཐད་དོ་ས་ལེ་སང་ངེ་སཱཧཱ། སྤྱན་ལ། ཨོའཾ་སད་དོ་ཡེ་མིག་མར་གྲ་གེན་ནེ་ས་ལེ་སང་ངེ་ཡེ་སཱཧཱ། སྙན་ལ། ཨོའཾ་སད་དོ་ར་ཙེ་ཏིང་ཞི་ས་ལེ་སང་ངེ་ཡེ་སཱཧཱ། ཤངས་ལ། ཨོའཾ་སད་དོ་བི་ལྒ྄ཡུམ་ཧེ་ཟང་ས་ལེ་སང་ངེ་ཡེ་སཱཧཱ། ཚེམ་ལ། ཨོའཾ་སད་དོ་ཨུན་སྒོས་མར་ཟངས་ཧོ་ས་ལེ་སང་ངེ་སཱཧཱ། ལྗགས་ལ། ཨོའཾ་སད་དོ་ལེན་ལྐེ་ཤི་ཤོན་དར་རས་ཅི་ས་ལེ་སང་ངེ་སཱཧཱ། ཅེས་སོ་སོར་གཞུག་གོ།
སྐུ་བརྙན་ཤིན་ཏུ་ཆེ་བ་ལ་རྒྱན་བཅུ་གསུམ་དང༌། དབང་པོ་སྒོ་གསལ་རྣམས་ཀྱི་སྔགས་རེ་རེ་ལ་ཚིག་རེས་བརྒྱན་ནས་འབུལ་དགོས་ཏེ། ཚིག་བཤད་ཟུར་དུ་བཀོད་པ་ལྟར་རོ། །
གཞན་ཡང་གཟུངས་གཞུག་རྒྱས་འབྲིང་གི་སྐབས་སུ། སྐུ་བརྙན་ཤིན་ཏུ་ཆེ་བ་ལ་ཟ་དྲུག་གམ་ན་དྲུག་གི་རྒྱན་གྱིས་བརྒྱན་ཚེ་གཟུངས་གཞུག་རེ་རེ་བཞིན་སྲོག་ཤིང་ཆུང་ངུ་ལ། ཨ་ཨཱོཾ་ཧྃའུ། གསུམ་ལ་རང་རང་གི་སྙིང་པོ་དྲིལ་ཏེ། དེ་སྟེང་ཟ་དྲུག་གི་ཁྱུང་འབྲུག་སེང་གེ་རྣམས་ཐུགས་ཀྱི་ས་བོན་གྱི་ཤམ་དུ་རང་རང་གི་བསྙེན་འཛབ་གཟུངས་དང༌། རྒྱན་དྲུག་ཁྲོས་པའི་དྲག་སྔགས་གཟུངས་དང་བཀྲ་ཤིས་རྣམས་དར་སེར་པོས་དྲིལ་ལ་གཞུག་པའོ། །
དེ་ལྟར་རྒྱན་དྲུག་སྤྲུལ་བའི་དྲག་གཟུངས་ནི། ཁྱུང་ལ། ཨཱ་མུ་ཁྱུང་པྲ་ཕུད་གྷ་རུ་ར། ཞུང་ནེ་ཞུང་ནེ། ཀ་ར་ཀ་ར། ཧབ་བྱ་ཧབ་བྱ། ཧེབ་བྱོ་ཧེབ་བྱོ། ཆུམ་ཡ་ཆུམ་ཡ། དྲག་ཐུར་ཤེ་ཐུན་ཧུར་ཐུམ། ཛ་ལེ་ཛ་ལེ་ཧྃའུ་ཕཊ༔
ྋའབྲུག་གཉིས་ལ།    ཨོའཾ་མུ་ཡེ་གླང་ཆེན་ཨུན་འུར་ཡ། རི་དོ་རི་དོ། བི་ར་བི་ར། གྷུ་ར་གྷུ་ར། ཨུ་ཡོ་ཨུ་ཡོ། ཆོམ་ཏི་ཆོམ་ཏི། མུ་ཡེ་མུ་ནི་མུ་ཨུན། འུར་ཆུམ་འུར་ཆུམ་ཧྃའུའ་ཕཊ༔
ྋསེང་གེ་གཉིས་ལ།    ཧྃའུ་མུ་ནི་ཤེ་ཐུན་ཨོད་རྒྱུང་སྤུངས། རུ་ཏྲ་རུ་ཏྲ༌། སྤུ་ཏ་སྤུ་ཏ། ཛྭོ་ལ་ཛྭོ་ལ། སྟམ་བྷ་སྟམ་བྷ།་ ཆོམ་ནི་ཆོམ་ནི། ཨ་གྱུ་དྲག་ཤན་རྦད་ཐུན། ལམ་ཤར་ལམ་ཤར་ཧྃའུ་ཕཌ༔ ཅེས་སོ། །
ྋགདུལ་བྱ་སྡེ་གསུམ་གྱི། །ཆུ་སྲིན་གཉིས་ལ།   ཨོའཾ་ཏིང་རག་དུ་ཏྲི་ཝེར་རོ། ཨ་པར་ཤེ་ཐུན་ཛ་ཛ། སྩལ་སྩལ་ཧྲིང་ཧྲིང༌། པུ་རད་ཁུ་ཡེ་རད་ན་བྲུམ་འདུ། ཅེས་སོ། །
ྋགཡུང་འབྲུག་ཞལ་གྱི་ཀླུ་གཉིས་ལ། ཨཱོ་མུར་ཟང་མུ་ན་ཝེར་རོ། ཕུ་ཙེ་ཕུ་ཤད་ཏེ་ཙོ་ཀུ་རུ་འུབ་འུབ་འདུས་འདུས་བྲུམ་བྲུམ། ཅེས་དང༌། །
ྋསེང་གེའི་ཞལ་གྱི་བྲམ་ཟེ་གཉིས་ལ། ཨེ་ཡག་ཤ་པ་ཏྲ་ཝེར་རོ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ་པི་ཏི་པྲ་མོཏི་ཙེ་ཡེ་སཱཧཱ། ཅེས་རང་རང་གི་ཐུགས་ཁར་བཞག་གོ། དེ་ལྟར་རྒྱན་སོ་སོར་གཟུངས་གཞུག་འཇོག་ཚེ་སྐུ་བརྙན་གཙོ་བོའི་ཕྱག་ཞབས་ཀྱི་མཐིལ་བཞི་ལ། ཁྲོ་བཞིའི་དྲག་སྔགས་གཟུངས་ཆེན་གྱི་ལེའུ་དང་པོ་ནས་བྱུང་བ་ལྟར་གཞུག་དགོས་ཏེ།
ྋཞབས་མཐིལ་གཡས་སུ་ཟོ་བོ་དབུ་དགུ་ཡི་དྲག་གཟུངས་ནི། བསོྭ་གར་ཤེལ་ཤམ་ལམ་ཁམ་རམ་ཧེ་སད། ཀྲ་རམ་ཀྲ་རམ༌། ཀྲི་རམ་ཀྲི་རམ༌། ཀྲུ་རམ་ཀྲུ་རམ། ཀྲ་ཏྲ་ཀྲ་ཏྲ། ཀྲི་ཏྲི་ཀྲི་ཏྲི། ཀྲུ་ཏྲུ་ཀྲུ་ཏྲུ། ཀྲ་ཧྲ་ཀྲ་ཧྲ། ཀྲི་ཧྲི་ཀྲི་ཧྲི། ཀྲུ་ཧྲུ་ཀྲུ་ཧྲུ། ཉེ་ལོ་ཡོ་ནི། གྱེར་ཞི་ཏོ་ནོ། དྲུང་མུ་ཝང་ངོ༌། རག་ག྄ཤཝེར་རོ། ཝེར་དྲི།  སུ་ཏྲི་སུ་ཏྲི། ཀྲོ་ཏ་ཀྲོ་ཏ། དྷ་རུ་དྷ་རུ། བྷིན་དྷ་བྷིན་དྷ། ཧམ་ཤམ་དུ་ན། ས་མ་ཡ། ཧྲི་ཧྲི་ཧྲིམ། ཏྲི་ཏྲི་དྲིག་དྲི། ལམ་ལམ་ཧྃའུ་ཧྃའུ་ཕཌ་ཕཌ༔
ྋཞབས་མཐིལ་གཡོན་དུ་གཟེ་མ་དབུ་དགུའི་དྲག་གཟུངས་ནི། བསོྭ་རྒྱུང་ཤེལ་དྲུང་དུམ་གྱེར་ཡང་ལི་སད། ཁྲ་རམ་ཁྲ་རམ། ཁྲི་རམ་ཁྲི་རམ། ཁྲུ་རམ་ཁྲུ་རམ། ཁྲ་ཏྲ་ཁྲ་ཏྲ། ཁྲི་ཏྲི་ཁྲི་ཏྲི། ཁྲུ་ཏྲུ་ཁྲུ་ཏྲུ། ཁྲ་ཧྲ་ཁྲ་ཧྲ། ཁྲི་ཧྲི་ཁྲི་ཧྲི། ཁྲུ་ཧྲུ་ཁྲུ་ཧྲུ། སྤུངས་སོ་ཤེལ་ནི། ཁ་རི་གླང་ངོ། ཀྱི་རི་སེག་རི། ཙ་ར་ཡགཤ༌། ཡགཤ་པ་ཤང་པ་ཤང༌། ཧ་རི་ཧ་རི། ཏི་ལི་ཏི་ལི། ཧབ་སོ་ཧབ་སོ། འབུ་ཏོ་ཐ་ཚན་མ་ར་ཡ། རྦད་རྦད་རི་རི། ཡྃ་ཡྃ་ཤག་ཤག་དུམ་དུམ་ཧྃའུ་ཧཱུྃ་ཕཌ་ཕཌ༔
ྋཕྱག་མཐིལ་གཡོན་དུ་རུ་ཅོ་དབུ་དགུའི་དྲག་གཟུངས་ནི། བསོྭ་ཐོ་ཤེལ་ཡ་ཧེ་ནུར་ལམ་ཚངས་སད། ཏར་ར་ཏར་ར།  ཏིར་རི་ཏིར་རི། ཏུར་རུ་ཏུར་རུ། ཏར་ཡ་ཏར་ཡ། ཏིར་ཡ་ཏིར་ཡ། ཏུར་ཡ་ཏུར་ཡ། ཏ་ཌ་ཏ་ཌ། ཏི་ཌི་ཏི་ཌི། ཏུ་ཌུ་ཏུ་ཌུ། ཧ་ལ་རམ་ནི་ཀུན་ཏི་འུས་སོ། ཚང་རམ་ནེ་རི། ན་ཤ་མུར་ན་མུར་ཕེ། ཕུ་ལི་ཕུ་ལི། ཙ་ལི་ཙ་ལེ། ཧེ་ཏ་ཧེ་ཏ། ཀམ་ཀ་ཀམ་ཀ། པྲ་ཤ་ཀ་རུ་དུམ་པ་ལེ། ཤན་ཤན་ལི་ལི། རམ་རམ་དུམ་དུམ། སྤུ་སྤུ་ཧྃའུ་ཧྃའུ་ཕཌ་ཕཌ༔
ྋཕྱག་མཐིལ་གཡས་སུ་རོམ་པོ་དབུ་དགུའི་དྲག་གཟུངས་ནི། བསོྭ་གྱེར་ཤེལ་ཁྲི་རམ་ཕེ་མ་ཧོ་སད། དར་ར་དར་ར། དིར་རི་དིར་རི། དུར་རུ་དུར་རུ། ད་ཧ་ད་ཧ། དི་ཧི་དི་ཧི། དུ་ཧུ་དུ་ཧུ། དར་ཛ་དར་ཛ།  དིར་ཛ་དིར་ཛ།  དུར་ཛུ་དུར་ཛུ།  ཆ་ལ་འདར་ཤག ཞུང་འུར་རམ་མོ། པུ་རད་ཁམ་བམ། ཨེ་ཤིན་ཡ་མ་ཡ་ནི། དུ་ཡ་དུ་ཡ། པ་ཙ་པ་ཙ། ཁོད་དོ་ཁོད་དོ། ཤེལ་ལོ་ཤེལ་ལོ། རཀ྄ཤ་ཧུར་ཐུམ་རི་ལི་ཡ། ཨེ་ཨེ་ཞི་ཞི་ཛ་ཛ་ཡ་ཡ། བྷ྄ཡོ་བྷ྄ཡི་ཧྃའུ་ཧཱུྃ་ཕཌ་ཕཌ༔ ཅེས་གཞུག་གོ། །
ྋདྲུག་གིས་བརྒྱན་ཚེ། གཟུངས་གཞུག་ལ། སྙིང་པོ་དང་གཟུངས་གཉིས་རེ་ཡོད་པའི། སྤྱི་རྒྱུག་གི་སྙིང་པོ་ནི། ཨོའྃ་མུ་ཡེ་ཁྲི་ཏན་ཁྱུང་ཡེ་ལམ་སྤྲོས། པ་ཤང་ཁྲི་ཀར་ཤ་ར་ན་ཏྲ། སད་དོ་ཧ་སྟི་ས་མ་ཡ་བ་ཧོ། ཅེས་ཀུན་ལ་འགྲེས་ཤིང་གཟུངས་སོ་སོར་ཡོད་པ།
ྋགཡས་ཀྱི་གླང་ཆེན་ཁྱབ་པ་དབང་ཆེན་ཡིན་ཏེ། གཟུངས་ནི། ཨོའྃ་ན་མ་བྷུད་དྷ་ས་མུན་ཏ་སད་གྱེར་སྤུངས་སོ་ཧྲུན་ནོ། སསྦ་ས་སྟི་སྐྱེ་སླས་ཝེར་རོ་གུ་ཡ་ཙི་ཏ་ས་མ་རད་ན་སི་ཏི་བྲུམ་འདུ་སཱཧཱ།
ྋགཡོན་གྱི་གླང་ཆེན་ལྷ་མོ་བརྟན་མ་ཡིན་ཏེ། གཟུངས་ནི། ཨོའཾ་ན་མ་བྷུད་དྷ་ས་མུན་ཏ་གྱེར་སྤུངས་སོ་ཧྲུན་ནོ། ལོ་ཀ་པ་ཏྲི་པ་དྲ་ནི། འགུ་ཡ་ཙིརྟ་ས་མ་ཡ་ཧྃའུ་ཛ། རད་ན་སི་ཏི་བྲུམ་འདུ་སཱཧཱ།
ྋགཡས་ཀྱི་ལྷ་སྲས་མ་ཧ་དེ་བ་ཡིན་ཏེ། ཨོའྃ་ན་མ་བྷུད་དྷ་ས་མུན་ཏ་སད་གྱེར་སྤུངས་སོ་ཧྲུན་ནོ། སད་དོ་ན་མ་ཝེར་རོ་ཡེ། འགུ་ཡ་ཙིཏ་ས་མ་ཡ་ཧྃའུ་ཛ། རད་ན་སི་ཏི་བྲུཾ་འདུ་སཱཧཱ།
ྋགཡོན་གྱི་ལྷ་སྲས་དཔའ་འབར་ཆེན་པོ་ཡིན་ཏེ། ཨོའྃ་ན་མ་བྷུད་དྷ་ས་མུན་ཏ་སད་གྱེར་སྤུངས་སོ་ཧྲུན་ནོ། མ་ཧ་སད་དོ་འགུ་ཡ་ཙིརྟ་ས་མ་ཡ་ཧཱུྃ་ཛ། རད་ན་སི་ཏི་བྲུམ་འདུ་སཱཧཱ།
ྋགཡས་ཀྱི་ཤ་ར་ན་རླུང་ལྷ་རི་དྭགས་འཛིན་ཏེ། ཨོའྃ་ན་མ་བྷུད་དྷ་ས་མུན་ཏ་སད་གྱེར་སྤུངས་སོ་ཧྲུན་ནོ། ན་ཡི་ར་ཛ་པ་དྲ་ནི། འགུ་ཡ་ཙྀ་རྟ་ས་མ་ཡ་ཧཱུྃ་ཛ། རད་ན་སི་ཏི་བྲུམ་འདུ་སཱཧཱ།
ྋགཡོན་གྱི་ཤ་ར་ན་མེ་ལྷ་དྲང་སྲོང་ཆེན་པོ་ཏེ། ཨོའྃ་ན་མ་བྷུད་དྷ་ས་མུན་ཏ་སད་གྱེར་སྤུངས་སོ་ཧྲུན་ནོ། ཨ་ནེ་ར་ཛ་པ་དྲ་ནི། འགུ་ཡ་ཙིརྟ་ས་མ་ཡ་ཧཱུྃ་ཛ། རད་ན་སི་ཏི་བྲུམ་འདུ་སཱཧཱ།
ྋགཡས་ཀྱི་མི་ཆུང་བསྐོས་རྗེ་དྲང་དཀར་ཏེ། ཨཱོྃ་ན་མ་བྷུད་དྷ་ས་མུན་ཏ་སད་གྱེར་སྤུངས་སོ་ཧྲུན་ནོ། ཨ་པ་མ་ར། འགུ་ཡ་ཙིརྟ་ས་མ་ཡ་ཧཱུཾ་ཛ། རད་ན་སི་ཏི་བྲུམ་འདུ་སཱཧཱ།
ྋགཡོན་ཀྱི་མི་ཆུང་ཕྱྭ་རྗེ་རིང་དཀར་ཏེ། ཨོའྃ་ན་མ་བྷུད་དྷ་ས་མུན་ཏ་སད་གྱེར་སྤུངས་སོ་ཧྲུན་ནོ། ཨ་ཏྲི་ཨུ་དྲ། འགུ་ཡ་ཙིརྟ་ས་མ་ཡ་ཧྃའུ་ཛ། རད་ན་སི་ཏི་བྲུམ་འདུ་སཱཧཱ།
ྋགཡས་ཀྱི་ཤང་ཤང་ཚང་པ་ཆེན་པོ་སྟེ།  ཨོའྃ་ན་མ་བྷུད་དྷ་ས་མུན་ཏ་སད་གྱེར་སྤུངས་སོ་ཧྲུན་ནོ། སད་ཝེར་ལོ་སྔ་ཝེར་རོ། འགུ་ཡ་ཙིརྟ་ས་མ་ཡ་ཧྃའུ་ཛ། རད་ན་སི་ཏི་བྲུམ་འདུ་སཱཧཱ།
ྋགཡོན་གྱི་ཚང་པ་མི་མགོན་ཏེ། ཨོའྃ་ན་མ་བྷུད་དྷ་ས་མུན་ཏ་སད་གྱེར་སྤུངས་སོ་ཧྲུན་ནོ། སད་ལ་ན་མ་ཝི་ཅུ་ཡེ། འགུ་ཡ་ཙིརྟ་ས་མ་ཡ་ཧྃའུ་ཛ། རད་ན་སི་ཏི་བྲུམ་འདུ་སཱཧཱ།
ྋདབུའི་ཁྱུང་ནི་སྲིད་རྗེ་འབྲང་དཀར་ཏེ། ཨོའྃ་ན་མ་བྷུད་དྷ་ས་མུན་ཏ་སད་གྱེར་སྤུངས་སོ་ཧྲུན་ནོ། བ་རི་ཏ་ཀ་འགུ་ཡ་ཙིརྟ་ས་མ་ཡ་ཧྃའུ་ཛ། རད་ན་སི་ཏི་བྲུམ་འདུ་སཱཧཱ། ཅེས་ཐུགས་ཀྱི་སྙིང་པོའི་ཡི་ཤམ་དུ་དྲིལ་ལ་དར་སེར་པོའི་ན་བཟའ་གསོལ་ཏེ་རང་རང་གི་ཐུགས་ཁར་འཇུག་གོ། །
ྋསྐུ་བརྙན་དྲག་པོའི་སྐུ་བརྒྱན་གྱི་གཟུངས་གཞུག་ནི། སྤྱི་སྤུངས་རབ་གནས་ཀྱི་རྩ་སྡོམ་ལས་གསུངས་པ་ལྟར་བྱ་སྟེ།  ཁྲོ་བོའི་རྒྱན་དྲུག་ནི། ཐོད་སྐམ་རིན་ཆེན་དབུ་རྒྱན་ལ།  བསོྭ་ཨོའྃ་སད་དོ་ཨུ་སིད་ཅིང་ཏིང་ཤོ་ཉི་རི་བྷ་ར་དྲང་འདུ།
ྋཞིང་ཆེན་བདུད་ཀྱི་གཡང་གཞི་ལ། བསོྭ་ཨོའྃ་གེ་དུ་ཞི་ཞི་ཕམ་ལིང་ཉི་རི་བྷ་ར་ཏྲང་འདུ།
ྋསྐུ་སྨད་སྟག་གི་ཤམ་ཐབས་ལ། བསོྭ་ཨོའྃ་མར་མར་ཤོག་ལ་ཧེ་ཕམ་རལ་ཉི་རི་བྷ་ར་ཏྲང་འདུ།
ྋསྦྲུལ་གྱི་མགུལ་ཆུ་སྐེ་རགས་ལ། བསྭོ་ཨོའྃ་མུར་པ་སྐེད་ཅོག་རལ་ཤེ་ཤི་ཤོན་ཉི་རི་བྷ་ར་ཏྲང་འདུ།
ྋཐོད་རློན་དོ་ཤལ་ལ། བསོྭ་ཨོའྃ་ནེ་པུ་ཧེ་ནེ་པུ་ཅིང་ཉི་རི་བྷ་ར་ཏྲང་འདུ།
ྋཐལ་ཆེན་ཚོམ་བུ་ལ། བསོྭ་ཨོའྃ་ཏིང་ཚོས་སགས་སེ་ཉི་རི་བྷ་ར་ཏྲང་འདུ།
ྋགླང་ཆེན་ཀོ་རློན་དང་ཁྲོ་མོའི་དར་དཀར་སྟོད་གཡོག་ལ། བསོྭ་ཨོའྃ་རྐོ་རློང་ཤིམ་རེ་ཚར་གྱོན་ནི་ཉི་རི་བྷ་ར་ཏྲང་འདུ།
ྋརིན་ཆེན་རུས་པའི་རྒྱན་རྣམས་ལ། བསོྭ་ཨོའྃ་དྲུང་མུ་ར་ནི་པད་མ་ཁིར་ཉི་རི་བྷ་ར་ཏྲང་འདུ།
ྋགཟའ་ཆེན་ཉི་ཟླའི་སྙན་ཆ་ལ། བསོྭ་ཨོའྃ་ཉི་སླི་ཛེ་ཝེག་དུ་མུན་ཉི་རི་བྷ་ར་ཏྲང་འདུ།
ྋཕྱག་མཚན་གཡས་གཡོན་ལ།  བསོྭ་ཨོའྃ་ཝེར་ནེ་ཙཀྲ་ཤ་འབལ་ཉི་རི་བྷ་ར་ཏྲང་འདུ། བསོྭ་ཨོའྃ་ཝེར་ཧྲིམ་མུར་ཞག་ཏལ་ཟང་སྣི་རྩེ་ཉི་རི་བྷ་ར་ཏྲང་འདུ།
ྋགཞན་ཡང་རྒྱབ་ཡོལ་མེ་རི་ལ། སྤྲུལ་བའི་འོད་ཟེར་མདུན་དུ་བྱིན་གྱིས་བརློབས་པ། བསོྭ་ཨཱོྃ་ཨ་ཧ་ར་མུ་ཡེ་ཨོའྃ་ཨ་ཉི་རི་བྷ་ར་ཏྲང་འདུ།
ྋགདན་ཁྲི་ཉི་ཟླ་པད་མ་དང༌། དུག་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་པ་ནི། ནེ་ར་མང་མང་ནི་ཧྃའུ་འདུ། གྱ་ནོམ་ཨུ་དུག་ཧྃའུ་འདུ། ཏིང་ཞུང་དྲུང་རྦད་ཧྃའུ་འདུ།
ྋདེ་ནས་རྔམ་པའི་གར་དགུ་དང་ལྡན་པར་བྱིན་གྱིས་བརླབས་པ་ལ། ཞལ་གདངས་པར་བྱིན་གྱིས་རློབ་པ། བསོྭ་ཨོའྃ་ཨེ་གྱད་མུ་ཡེ་ཉི་རི་བྷ་ར་ཏྲང་འདུ།
ྋཚེམས་གཙིགས་པ་ལ། བསྭོ་ཨཱོཾ་ཨུན་རྒོད་མར་ཟངས་ཧྲོང་ཉི་རི་བྷ་ར་ཏྲང་འདུ།
ྋལྗགས་འདྲེལ་བར། བསྭོ་ཨཱོཾ་ལེན་སྐྱེ་ད་ར་ཅི་ཉི་རི་བྷ་ར་ཏྲང་འདུ།
ྋསྙན་ཀྲོང་བར། བསྭོ་ཨཱོཾ་ར་ཙེ་སྡིང་ཧོ་ཉི་རི་བྷ་ར་ཏྲང་འདུ།
ྋཤངས་གཉེར་བར། བསྭོ་ཨཱོཾ་ལྒ྄ཡུམ་རི་ཧྲོ་ཟང་ནི་ཉི་རི་བྷ་རཏྲང་འདུ།
ྋསྤྱན་བཟློག་པར། བསྭོ་ཨཱོཾ་ཡེ་མིག་དམར་གྲ་ལེན་ཉི་རི་བྷ་ར་ཏྲང་འདུ།
ྋཕྱག་གདེང་བར། བསྭོ་ཨཱོཾ་ཧྲུན་ཤེན་ཤེ་ཐུན་ར་ནི་ཉི་རི་བྷ་ར་ཏྲང་འདུ།
ྋདབུ་ཡིད་ཙམ་གཡོ་བར། བསྭོ་ཨཱོཾ་སད་ཨ་སྤུངས་སོ་ཐད་དོ་ཉི་རི་བྷ་ར་ཏྲང་འདུ།
ྋཞབས་སྐྱང་བསྐུམ་དུ། བསོྭ་ཨཱོཾ་ཞོང་ངར་གཡས་སྟབ་རད་ན་ཁིར་ཉི་རི་བྷ་ར་དྲང་འདུ། ཅེས་སོ་སོར་མ་ནོར་བར་གཞུག་པར་གསུངས་པའི་ལུང་ཁུང་ཐུབ་དེ་རྣམས་ཀྱི་རྗེས་སུ་འབྲིང་ན་ལེགས་པ། གཞན་ཡང་ཡི་དམ་དྲག་པོའི་སྐུ་བརྙན་ཤིན་དུ་ཆེ་བ་ཡིན་ན། གཟུངས་གཞུག་རྒྱས་པ་ལྟར་ལ། ལྷག་པར་སྐུའི་གནས་སོ་སོར་གཟུངས་གཞུག་འབུལ་དགོས་ཏེ། དེ་ཡང་གསང་བ་སྔགས་ཀྱི་བོན་ཐམ་ཅད་མདོར་བསྡུས་ན། གསས་མཁར་གསང་བ་སྒོ་དགུ་ལ་མ་འདུས་པ་གཅིག་ཀྱང་མེད་ལ། དེ་དག་ཀུན་གྱི་གཙོ་བོ་རིན་ཆེན་སྤྱི་ལས་སྤུངས་པའི་གསས་མཁར་ཡིན་པ་མདོ་ལས་གསུངས་པ་དང༌། གསང་སྔགས་གནད་ཀྱི་རྫོངས་འཕྲང་ཆེན་མོ་ལས་ཀྱང༌། གསང་སྔགས་ཁྲོ་བོ་ཐམས་ཅད་ཀྱི་སྙིང་པོ་ཧ་ལ་རམ་ཐུན་ཅན་འདི་ལ་མ་འདུས་པ་མེད་དོ། ཞེས་གསུངས་པའི་ལུང་ཁུང་ཐུབ་དེ་རྣམས་གཙོར་བཞག་ལ། ཐུགས་དཀར་ལྷ་རང་རང་གི་འཛབ་ཀྱི་དབུ་རུ། དབང་ཆེན་ཁྲོ་བོའི་སྤྱི་འཛབ་དང༌། ཁྲོ་བོའི་རྒྱལ་པོ་མཁའ་འགྱིང་ཁ་ཡབ་ཡུམ་གྱི་སྙིང་པོ་དང༌། དེའི་ཕྱོགས་བཞིར་གསས་ཆེན་ཡབ་ཡུམ་བརྒྱད་ཀྱི་སྙིང་པོ་དང༌། དེ་བཞིན་དུ་དབུ་ལ་དབལ་གསས་ཡབ་ཡུམ། མགྲིན་པར་ལྷ་རྒོད་ཡབ་ཡུམ། སྤྱན་ལ་མཐོང་གསས་ཡབ་ཡུམ། སྙན་ལ་སྙན་ལྷ་ཡབ་ཡུམ། ཤངས་ལ་ཤངས་ལྷ་ཡབ་ཡུམ། ལྗགས་ལ་མགུར་ལྷ་ཡབ་ཡུམ། སྐུ་སྟོད་ལ་ཚིག་ལྷ་ཡབ་ཡུམ། མགྲིན་པར་གནམ་གྲགས་ཡབ་ཡུམ། ཐུགས་ཁའི་གཡས་སུ་གནས་འཛིན་ཡབ་ཡུམ། གཡོན་དུ་མ་པང་ཡབ་ཡུམ། སྤྱི་གཙུག་ཏུ་སྐྱིན་འདང་ཡབ་ཡུམ། ཕྱག་ལ་དབལ་གྱི་རྒྱལ་པོ་ཡབ་ཡུམ། ལྟེ་བ་ན་ཁྲོ་རྔམ་ཧ་ལ་ཡབ་ཡུམ། ཞབས་ལ་སྟག་འགྲོས་རྒྱལ་པོ་ཡབ་ཡུམ། གསང་བར་དབལ་མོ་གྱད་དམག་རྣམས་ཀྱི་སྙིང་པོ། ཕྱག་ཞབས་མཐིལ་བཞིར་རྒྱལ་ཆེན་སྡེ་བཞིའི་སྙིང་པོ་དྲིལ་ལ་གཞུག་གོ ཡང་གཙུག་ལག་ཁང་གི་དབུས་ཀྱི་རྟེན་ཤིན་ཏུ་ཆེ་བའམ། སངས་རྒྱས་བསྟན་པ་ལ་ཕན་ངེས་པའི་ས་གནད་མཆོད་རྟེན་ཆེན་པོ་དང༌། ཁྱད་པར་གསོལ་མཆོད་རྒྱུན་མི་བཅད་པའི་སྒྲུབ་ཁང་གི་སྲུང་མ་དང༌། སྡེ་བརྒྱད་ཀྱི་གོང་གནོན་དུ་བཞེངས་པའི་ཡི་དམ་ལྷའི་སྐུ་བརྙན་རྣམས་ལ། པད་གདན་དང་གདོང་ཆེན་སྟོད་ཀྱི་བོན་སྐྱོང་གི་གཟུངས་གཞུག་རྣམས་ཀྱི་སྟེང་དུ། གསང་སྔགས་རྫོངས་འཕྲང་གནད་ཀྱི་ལྡེ་མིག་ལས་འབྱུང་པའི་དྲེགས་པ་ཟིལ་གནོན་གྱི་འཁོར་ལོ། ཡབ་འཁོར་དང་ཡུམ་འཁོར་ཁ་སྦྱོར་བའི་བར་དུ། ལྷ་སྲིན་སྡེ་བརྒྱད་དབང་བསྡུད་འཁོར་ལོ་ལྟེབ་བའི་འབྲི་ཚུལ་ཟབ་རྒྱ་ཅན་ཟུར་དུ་བཀོད་པ་ལྟར་བཅའ་སྟེ་གཞུག་ན་ལེགས་པར་སྣང་སྟེ། དེ་ནི་སྲུང་མ་དང་དྲེགས་པའི་ཚོགས་ཀུན་དབང་དུ་འདུས་ཤིང་ལས་ལ་འཁོར་བ་དང༌། ཕ་རོལ་གྱི་བྱད་དང་སྡེ་བརྒྱད་ཀྱི་ཟ་ཁ་དར་བ་སོགས། མདོར་ན་མི་མཐུན་པའི་ཚོགས་ཀྱིས་མི་ཚུགས་ཤིང༌། དགེ་བའི་སྡོང་གྲོགས་བྱེད་པར་འགྱུར། ཞཻས་གསུངས་པ་ལྟར་ལག་ཏུ་བླང་བར་བྱ་ཞིང༌། དེ་མིན་འཇིག་རྟེན་དྲེགས་པའི་འཁོར་ལོ་འགའ་ཞིག་གཞུག་སྲོལ་འདུག་པ་ནི། དྲེགས་པ་དེའི་སྐུ་བརྙན་ཡིན་ན་མ་གཏོགས། སྤྱི་ལ་འཇུག་ཏུ་མི་རུང་བས་དོར་བའི་གནས་སོ། །
ྋ གཉིས་པ་ཕྲན་ཚག་གི་གཟུངས་གཞུག་འབུལ་ཚུལ་མདོ་ཙམ་བསྟན་པ་ནི། བོན་སྐྱོང་རྣམས་ཀྱི་གཙོ་མོ་ཡེ་ཤེས་ལྷ་མཆོག་སྲིད་པའི་རྒྱལ་མོའི་སྐུ་བརྙན་ཡིན་ན། སྐྱིལ་ཀྲུང་ཡན་གྱི་གཟུངས་གཞུག་རྒྱས་འབྲིང་བསྡུས་པ་གང་ལྕོགས།  དྲག་པོའི་སྐུ་བརྙན་སྤྱི་ལྟར་འབུལ་དགོས་ཏེ། དེ་ཡང་ཐུགས་ཁར་ལྷ་རང་རང་གི་སྙིང་པོ་འཇུག་པའི་སྐབས་སུ་སྐུ་གསུམ་ཁྲོ་རྒྱལ་གྱི་སྙིང་པོ་དང༌། སྲིད་རྒྱལ་སྙིང་པོ་དང༌། སྲིད་རྒྱལ་རྩ་བའི་བསྙེན་པ་དང༌། འབོད་སྔགས་རྣམས་གྲངས་མང་དང༌། བརྟན་བཞུགས་དང་འཕྲིན་བཅོལ་རྣམས་གཞུག ལྟེ་བར་རྒྱུད་ལས་གསུངས་པ་ལྟར་གྱི་རྟེན་འཁོར་དང་རྟེན་རྫས་རྣམས་སློང་ཐབས་སུ་སྲོག་ཤིང་གི་མདུན་དུ་གཙུག གསང་བར་སྲིད་རྒྱལ་གྱི་ཚེ་སྒྲུབ་སོགས། རྦད་བསད་མ་གཏོགས་ལས་ཚོགས་གང་ཡོད་ཀྱི་སྙིང་པོ་དང་བསྐུལ་པ་རྒྱས་བསྡུས་གང་ཤོང་རྣམས་གཞུག་མ་གཏོགས་གཞན་གོང་ལྟར་བྱ་ཞིང༌། རི་རབ་ཀྱི་གཟུངས་རྣམས་དྲིལ་ལ་འཇོག ཁྲི་འཕང་གི་བཀྲ་ཤིས་རྣམས་དང༌། འབྱུང་ལྔའི་བསྙེན་པ་རྣམས་ཁྲག་མཚོ་དང་གདན་ཁྲི་ལ་གཞུག་དགོས་སོ། དེ་མིན་བཀའ་སྐྱོང་པོམ་ར་བདུད་བཙན་ཡུམ་སྲས་སྒྲ་བླ་མ་རྒྱལ་སྨན་གྱི་སྐུ་བརྙན་ལ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྙིང་པོ་དང༌། འཛབ་ཆེན་བཅུ་གཉིས་བཅས་སྐུ་བརྙན་སྤྱི་ལྟར་སོ་སོར་མ་ནོར་བྱས་ལ་དྲིལ།  དེ་སྟེང་སྤྱི་བོར་ཀུན་དུ་བཟང་པོ་དང༌། དབལ་གསས་ཡབ་ཡུམ་གྱྀ་སྙིང་པོ། མགྲིན་པར་ལྷ་རྒོད་ཡབ་ཡུམ་གྱི་སྙིང་པོ། ཐུགས་ཀར་བོན་སྐྱོང་གང་ཡིན་དེའི་སྒྲུབ་ཐབས་ཀྱི་བརྒྱུད་རིམ་གཙོ་མཆོག་མཁའ་འགྱིང་ཡབ་ཡུམ་སོགས་ཁྲོ་རྒྱལ་བརྒྱད་བཅུ་གྱ་དྲུག་གི་སྙིང་པོ་ཚང་མ་རྣམས་ན་བཟའ་སྐུ་བརྙན་སྤྱི་ལྟར་དར་དཀར་དམར་མཐིང་གསུམ་གྱིས་དྲིལ། སྲོག་ཤིང་གི་གནས་ཡིག་ཧཱུྃ་གི་འོག་ཏུ། བོན་སྐྱོང་གང་ཡིན་དེའི་སྲོག་ཡིག་གསེར་རམ། སྐུ་མདོག་དང་མཐུན་པའི་ཚོན་གྱིས་བྲིས་པའི་ཕྱི་རུ། བོན་སྐྱོང་དེའི་སྙིང་པོའི་འབོད་སྔགས་གྲངས་མང་གི་མཐར་འདོད་གསོལ་ནི། དཔེར་ན། ྋ བོམ་ར་ལྟ་བུ་ལ། བསྟན་སྲུང་རྨ་ཆེན་བོམ་ར་རྗེ། །གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས། །ཐུགས་མཆོག་གཞན་དུ་མ་གཡེལ་ལ། །རང་གཟུགས་སྐུ་རྟེན་འདིར་བཞུགས་ནས། །སྒྲུབ་གཤེན་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་བསོད་དཔལ་འབྱོར་སྙན་གྲགས་དང༌། །བོན་གྱི་བསྟན་པ་རྒྱས་པར་སྤེལ། །མི་མཐུན་བར་ཆོད་སྐྱེན་རྣམས་བཟློག །གཞན་ཡང་གང་བཅོལ་འཕྲིན་ལས་རྣམས། །ཐོགས་མེད་མྱུར་དུ་འགྲུབ་པར་མཛོད། །ཞེས་པ་ལྟ་བུ་རིགས་འགྲེས་ཤེས་པར་བྱ་ལ་དར་རང་མདོག་གིས་དྲིལ། ལྟེ་བར་སྲོག་འཁོར་དང་བླ་རྡོ་རྟེན་རྫས་འཇོག་འོས་པ་རྣམས་ཞལ་མདུན་དུ་བསྟན་ཏེ་སློང་ཐབས་སུ་སྲོག་ཤིང་གི་ཤར་དུ་གཙུག གསང་བར་རང་གི་ཚེ་སྒྲུབ་སོགས་རྦད་བསད་མ་ཡིན་ལས་ཚོགས་གང་ཡོད་ཀྱི་སྙིང་པོ་དང༌། བསྐུལ་པ་རྒྱས་འབྲིང་བསྡུས་པ་གང་ཤོང་རྣམས་དར་སྔོན་པོས་དྲིལ། ཞོན་པའམ་གདན་ཁྲི་ལ་གཞི་བརྟན་པའི་རྙིང་པོ་དང༌། དོན་ཐམས་ཅད་འགྲུབ་པའི་སྙིང་པོ་དང༌། བཀྲ་ཤིས་ཚིག་ཕྲེང་རྣམས་དར་དཀར་པོས་དྲིལ་ལ་གཞུག གཞན་ཡང་དྲག་པོའི་ཆས་རྒྱན་རྣམས་ཀྱི་སྙིང་པོ་རྒྱན་སོ་སོར་འཇོག་དགོས་པ་ཤེས་པར་མཛོད། །
ྋ གཞན་ཡང་བོན་སྐྱོང་གི་རྟེན་རྫས་རྔ་ཐུག་གི་གཟུངས་གཞུག་ལ་སྲོག་ཤིང་གི་གནས་གསུམ་དུ། ཨ་ཨཱོཾ་ཧཱུཾ། གསུམ་བྲིས།
ཨ་ཡི་ཕྱི་རུ། ཨ་མུ་ཁྱུང་པྲ་ཕུད་བང་ང་ཉི་རི་བྷ་ར་དྲང་འདུ།  རིག་འཛིན་འདུས་པའི་རྩ་བསྙེན་དང༌། ས་ལེ་འོད་རྣམས་དར་དཀར་པོས་དྲིལ།
ཨོཾའ་གྱི་ཕྱི་རུ། ཨཱོཾ་མུ་ནེ་གླང་ཆེན་བང་ང་ཉི་རི་བྷ་ར་དྲང་འདུ།  ཁྲོ་བོའི་སྤྱི་འཛབ་དང༌། སྐུ་གསུམ་ཁྲོ་རྒྱལ་ཡབ་ཡུམ་གྱི་སྙིང་པོ། སྲིད་རྒྱལ་རྩ་བའི་བསྙེན་པ་རྣམས་དར་དམར་པོས་དྲིལ།
ཧཱུཾ་གི་ཕྱི་རུ། ཧཱུཾ་མུ་ཡེ་ཤེ་ཐུན་བང་ང་ཉི་རི་བྷ་ར་དྲང་འདུ། དང་བོན་སྐྱོང་གང་ཡིན་དེའི་སྙིང་པོའམ་འབོད་སྔགས་གྲངས་མང་དང༌། གཞན་ཡང་བསད་སྔགས་མ་གཏོགས་པའི་ལས་ཚོགས་གང་ཡོད་ཀྱི་སྙིང་པོ་དང༌། འདོད་གསོལ་བརྟེན་བཞུགས་ནི་གོང་ལྟར། རང་གཟུགས་སྐུ་རྟེན་ཞེས་པའི་དོད་དུ། ཐུགས་རྟེན་རྫས་མཆོག་འདིར་གཞུག་ལ། ཞེས་ཁ་བསྒྱུར་རོ། དེའི་ཕྱི་རུ་གཞི་བརྟན་པའི་སྙིང་པོ་དང༌། བཀྲ་ཤིས་ཚིག་གི་བཅད་ཙམ་དར་སྐུ་མདོག་དང་མཐུན་པས་དྲིལ་བར་བྱའོ། །
ཡང་གཙུག་ལག་ཁང་དུ་གཙུག་རྒྱུའི་འགན་འཇི་ར་ཡིན་ན། སྲོག་ཤིང་དང་གཟུངས་འཇུག་དང༌། རིང་སྲེལ་སོགས་གཟུངས་རྫས་རྣམས་མཆོད་རྟེན་ལྟར་བྱ་སྟེ། མཆོད་རྟེན་གྱི་ཏོག་ནས་སྲོག་ཤིང་བར་དང༌། འགན་འཇི་རའི་ཏོག་ནས་རྟོག་ལྡན་ཡན་དང་སྦྱར། དེ་བཞིན་དུ། བྲེ་སྐེ་ཡན་སྦྱར། བུམ་པ་དང༌། བུམ་ལྟོ། པད་སྤུངས་གོང་མ། རི་རབ་དང༌། དྲིལ་གཟུགས་ཁྲི་འཕང་དང༌། པད་སྤུངས་འོག་མ། རྨེང་གཞི་དང༌། ས་འཛིན་རྣམས་སྦྱར་ཏེ། གནན་པ་མ་གཏོགས་པའི་གཟུངས་རྒྱས་འབྲིང་བསྡུས་པ་ཆེ་ཆུང་དང་སྦྱར་ཏེ་འབུལ། ཁྱད་པར་པད་སྤུངས་གོང་མར་དཔལ་བཞི་ཡོན་ཏན་རྒྱ་མཚོའི་གཟུངས། འདོད་གསོལ་བཅས་རྒྱས་བསྡུས་གང་ཡིན་ཀྱང་ངེས་པར་གཞུག གཞན་ཡང་ཤོང་ན་བུམ་པར་སྲུངས་བའི་འཁོར་ལོ་དང༌། དྲིལ་གཟུགས་ཀྱི་མཐའ་བཟློག་པའི་འཁོར་ལོ་རྣམས་འཇུག་ན་ལེགས་པར་སྙམས་སོ། །
གནས་ཁང་རྩེའི་གསེར་གྱི་རྒྱལ་མཚན་དང་འཁོར་ལོ་རྣམས་ཀྱི་གཟུངས་གཞུག་གི། སྲོག་ཤིང་གི་གནས་ལྔར། ཨ་ཨཱོཾ་ཧཱུཾ་རཾ་ཛ། ལྔ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྙིང་པོས་དྲིལ་བའི་སྙིང་པོའི་གཤམ་དུ། ཞི་བའི་ལྷ་འཛབ། དབང་ཆེན་སྤྱི་འཛབ། ཡབ་ཡུམ་སྦྲེལ་འཛབ། ཁྲོ་བོའི་བསོའ་འཛབ། བླ་མ་རིག་འཛིན་གྱི་སྤྱི་འཛབ་རྣམས་དང༌། གསུང་གི་སྙིང་པོའི་གཤམ་དུ། ཐར་པ་བརྒྱད་འཛབ། ངན་སོང་སྒོ་གཅོད། མ་བ་མ་དེ། བདེར་གཤེགས་སྟོང་འཛབ། ཐུགས་ཀྱི་སྙིང་པོའི་གཤམ་དུ། ཨ་འཛབ་དྲུག་འགྱུར། ཨཱོཾ་འཛབ་དགུ་སྐོར། གསལ་བ་དགུ་འཛབ། རྣམ་རྒྱལ་རྩ་བའི་བསྙེན་འཛབ་དང༌། གཟུངས་ཀྱི་ཡི་གེ་བརྒྱ་རྩ་དང༌། རིགས་བཞི་སངས་པོ་ལྔ་དང༌། ཡེ་དབང་རིགས་ལྔའི་སྤྱི་འཛབ་དང༌། ཡོན་ཏན་གྱི་སྙིང་པོའི་གཤམ་དུ། བསྐྱེད་པ་ཀུན་འབྱུང་གི་འཛབ། སྨན་འཛབ་ཁོར་བུ་ཆུང༌། མདོ་དྲི་མེད་ལས་བྱུང་བའི་འགྲོ་དྲུག་སྒྲིབ་སྦྱོང་གི་གཟུངས་དང༌། བཟླས་ཆོག་གཉིས་ཀྱི་སྙིང་པོ་སྒྲིབ་སྦྱོང་གི་གཤམ་བུ་དང་བཅས་པ་དང༌། གཡུང་དྲུང་མཐའ་རྒྱས་ཀྱི་གཟུངས་དང༌། འཕྲིན་ལས་སྙིང་པོའི་གཤམ་དུ། ཡང་སྙིང་འདུས་འཛབ་དང༌། གནོད་སྦྱིན་སྤྱི་ཡི་གཟུངས་དང༌། གཞི་བརྟན་པའི་སྙིང་པོ་དང༌། བཀྲ་ཤིས་ཚིག་བཅད་རྣམས་དར་དཀར་དམར་སེར་གསུམ་གྱིས་དྲིལ་བར་བྱའོ། གལ་སྲིད་གནས་སོ་སོར་འཇོག་ཐབས་མ་བདེ་ན། ཏོག་གི་ནང་དུ་འཛབ་ཆེན་བཅུ་གཉིས་དང༌། གཞན་ཡང་སྙིང་པོ་གོང་དུ་བཤད་པ་རྣམས་ཀྱིས་དྲིལ་བར་བྱའོ། དེ་ལྟར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པའི་ཕན་ཡོན་ཀྱང༌། རྒྱས་པར་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་དང༌། ལྷོ་གཏེར་རབ་གནས་བསྐོར་གསུམ་གྱི་གཞུང་ཆེན། དྲི་མེད་གཟི་བརྗིད་རབ་དུ་འབར་བའི་མདོ་རྒྱུད་སོགས་ལ་གསལ་པ་ལྟར་ཡིད་ཆེས་བྱ་ཞིང༌། དེ་མིན་གཙུག་ལག་ཁང་གི་འགན་འཇི་ར། རྒྱལ་མཚན་འཁོར་ལོ་རྣམས་ལ་ཡང་འདི་ལྟར་གྱི་གཟུངས་གཞུག་ཚད་དང་ལྡན་པར་བྱས་ཚེ། ཆེ་ཆུང་དེ་ཙམ་དང་མཉམ་པའི་མཆོད་རྟེན་རེ་བཞེངས་པ་དང་ཕན་ཡོན་མཚུངས་བར་ངེས་ཏེ། དེ་ཡང་རྒྱལ་བའི་བཀའ་ཚད་མ་དང༌། བླ་མ་གོང་མའི་ལུང་ཚད་མ་དང། ཁོ་བོ་རང་གི་རིག་པའི་ཚད་མ་དང་གསུམ་གྱིས་སྒྲུབ་ཚུལ་ཡོད་ཀྱང་རེ་ཞིག་ཡིག་ཚོགས་ཉུང་༼མང་༽ཕྱིར་མ་སྤྲོས། དེ་ལྟར་གཟུངས་གཞུག་གི་བྱ་བཞག་འདི་རྣམས། རྒྱལ་བའི་བཀའ་ལས་གསུངས་པ་རྣམས་གཙོ་བོར་བཏོན་ནོ། དེར་མ་གསལ་བ་རྣམས་མཁས་གྲུབ་གོང་མ་རྣམས་ཀྱི་ཕྱག་ལེན་གཞིར་བྱས། ཁོ་བོ་རང་གི་དཔྱད་གསུམ་གྱིས་རིག་པས་གྲུབ་པའི་དགོས་གལ་ཆེ་བ་རྣམས་ཀྱིས་ཁ་བསྐང་སྟེ།  ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག་ཞེས་བྱ་བ་བཀོད་པའོ། སྨྲས་པ། རྒྱལ་བའི་བསྟན་པ་རིན་ཆེན་གྲངས་མའི་དབུས། །རྟེན་གྱི་གཟུངས་གཞུག་དགོས་འབྱུང་གཏེར་གྱི་མཛོད། དོན་གཉིས་མཐར་ཕྱིན་འདོད་པས་ལེགས་སྤྱོད་ཕྱིར། །ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག་འདི། །རང་ཉིད་རྟོགས་པའི་ཤེས་རབ་མི་ཆེ་ཡང༌། །རང་བསྟན་ཞྭ་དཀར་འཆང་དང་གཞན་བསྟན་སྤྱིའི། །རང་གྲོལ་མཁས་དབང་ཞབས་པད་རིང་བསྙེགས་ནས། །རང་གཞན་འགྲོ་ལ་ཕན་ཕྱིར་བརྩེ་བས་བཀོད། །དེ་ཉིད་གཤེན་བསྟན་རིན་ཆེན་འབྱུང་གནས་ནས། །ཡང་བཅུད་སྐྱེ་འགྲོའི་གསོས་སུ་ལེགས་དྲངས་མོད། །འོན་ཀྱང་ཉིང་འཁྲུལ་རླབས་ཀྱིས་རྙོག་སྲིད་ན། མཆོག་གསུམ་ཀླུ་དབང་ཚོགས་ལ་བཟོད་པར་གསོལ། །འདི་བགྱིས་དགེ་བའི་ཆུ་འཛིན་རབ་དཀྲིགས་པས། །འཁྲུལ་བྲལ་གཡུང་དྲུང་བསྟན་པའི་ཨུརྤལ་ལས། །རིས་བྲལ་ནོར་འཛིན་ཁྱོན་ཀུན་ལེགས་ཁྱབ་སྟེ། །རྫོགས་ལྡན་གསར་པའི་དགའ་སྟོན་རྒྱས་བྱེད་ཤོག །དེ་ལ་བརྟེན་ནས་སྐྱེ་དགུ་བུང་བའི་ཚོགས། །མི་མཐུན་རྒུད་པའི་བཀྲེས་པ་རབ་འཇོམས་ནས། །མཐར་ཐུག་གཏན་བདེ་རྙེད་པའི་སྤྲོ་དབྱངས་ཀྱིས། །ས་གསུམ་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག ། །།
«    ཅེས་རྟེན་གྱི་གཟུངས་ག»ཞུག་འབུལ་བའི་ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་འདི་ཡང༌། སུམ་ལྡན་དགེ་བཤེས་ཆེན་པོ་དྲང་སྲོང་བཟོད་པ་རྒྱལ་མཚན་དེ་ཉིད་ཀྱིས་ལྷ་རྫས་དྲི་མ་མེད་པས་རྟེན་འབྲེལ་འཚམས་སྦྱར་ཏེ་ཡང་ཡང་བཀའ་ཡིས་བསྐུལ་བ་དང༌། ཉེ་བར་ཚ་རོང་དགེ་བསོད་ནམས་གཡུང་དྲུང་སོགས་ཀྱིས་བསྐུལ་བ་ལ་བརྟེན་ནས། མཁན་མིང་སྒོ་རིགས་པ་ཉི་མ་བསྟན་འཛིན་དབང་རྒྱལ་དུ་འབོད་པས་ལྕགས་ཕོ་བྱི་ལོ་ལ་སྨན་རིའི་བླ་བྲང་གི་གཟིམ་ཁྱིམ་དུ། གཡུང་དྲུང་མཐོང་གསལ་གསར་སྤྲོ་བགྱིས་པ་དང༌། ཆབས་གཅིག་ཏུ་སྦྱར་བ་དགེ་དེས་མཉམ་མེད་བླ་མའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུ་རུ་གྱུར་ཅིག ། །།
ཐ་ཚན་མུ་ཙུག་སྨར་རོ།།
«   ྋ རྟེན་གྱི་གཟུངས་ག»ཞུག་འབུལ་བའི་ལག་ལེན། གཟུངས་རྫོངས་རྒྱན་གྱི་ཚིག་བཤད། དུག་གསུམ་གནན་གཟིར། འབུམ་བྱེད་གཡུང་དྲུང་བསྟན་པ་རྒྱས་པའི་པད་ཚལ་དང་བཅས་པའི་བསྐོར་གྱི་བརྒྱུད་རིམ། དབྱིངས་ཀྱི་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ཀྱི་ཀློང་ནས། ཡེ་ཤེས་ཀྱི་ལྷ་ཆེན་གཤེན་ལྷ་འོད་དཀར་དང༌། ཐབས་མཆོག་སྲིད་པ་སངས་པོ་འབུམ་ཁྲི། སྟོན་མཆོག་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་སྟེ། ལྷ་གཤེན་སྲིད་པ་སངས་པོ་འབུམ་ཁྲི་ཐུགས་རྗེས་ཤར་ཏེ། བོན་སྒོ་དང་ཐེག་རྒྱུད་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང༌། མདོར་བསྡུས་ནས། སྤང་ལམ་གཙོ་བོར་སྟོན་པ་ཕྱི་རྒྱུད་ཀྱི་བོན་སྐོར་དང༌། བསྒྱུར་ལམ་གཙོ་བོར་སྟོན་པ་ནང་རྒྱུད་ཀྱི་བོན་སྐོར་དང༌། གྲོལ་ལམ་གཙོ་བོར་སྟོན་པ་ལ་གསང་རྒྱུད་ཀྱི་བོན་སྐོར་དང་གསུམ་ལ་འདུས་ཞིང༌། འདིར་དེ་དག་གི་ནང་ནས་རྟེན་གྱི་གཟུངས་གཞུག་ལ་གལ་གནད་ཆེ་བའི། གཟུངས་དང་འདོད་གསོལ་འདི་རྣམས། སྐུ་གསུམ་རྫོགས་པའི་སངས་རྒྱས། རྒྱལ་བ་དགོང་པའི་བརྒྱུད་པ། སེམས་དཔའ་ཏིང་འཛིན་གྱི་བརྒྱུད་པ། གྲུབ་ཐོབ་སྙན་ཁུང་གི་བརྒྱུད་པ། རྟོགས་ལྡན་ཉམས་ཀྱི་བརྒྱུད་པ། མཁས་པ་ལོ་པཎ་གྱི་བརྒྱུད་པ། མཁའ་འགྲོ་བརྡའི་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པ། བྱིན་བརླབས་དབང་གི་བརྒྱུད་པ་དྲིན་ཅན་རྩ་བ་བརྒྱུད་པའི་བླ་མ་ནས་རིམ་པར་བརྒྱུད་དེ། མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའམ། སྐམ་བླ་མ་རྣམ་རྒྱལ་ཚུལ་ཁྲིམས། དེའི་དྲུང་ནས་བདག་ལ་གནང་བ་ཡིན་ཞིང༌། དེ་ཉིད་ཀྱིས་བླ་མ་ཡིད་དམ་མཁའ་འགྲོ་ལ་བཀའ་ཡི་གནང་བ་ཞུས་པས། བསྟན་དང་འགྲོ་ལ་ཕན་པའི་རྟེན་འབྲེལ་བའི། ཉམས་སྣང་ཤིན་ཏུ་ལེགས་པར་ཤར་ནས། རྒྱུད་འཛིན་བྲུ་ཞུ་སྤ་རྨེའུ་དང་མཉམ་མེད་སྨན་རི་བའི་ཕྱག་ལེན་ཇི་ལྟ་བ་བཞིན་དུ་ལེགས་པར་བསྒྲིགས་པ་བདག་ལའོ།།  བཀྲ་ཤིས་སོ།།