གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྔ་རབས་བོན་རིག་པའི་ཉམས་ཞིབ།

hbl1དཔྱད་རྩོམ་འདིའི་རྩོམ་པ་པོ་མཁས་དབང་རི་ཀི་ཐུབ་བསྟན་མཆོག་ནི། སྤྱི་ཚོགས་དང་ཆོས་ལུགས་རིག་པའི་ཉམས་ཞིབ་ལ་ཐུགས་སྣང་ཅན་ཞིག་ཡིན་པ་དང་། ད་ལྟའི་ཆར་ཕིན་ཡུལ་ཧེལ་སིང་ཀིའི་མཐོ་རིམ་སློབ་གྲྭའི་རིག་གཞུང་སྡེ་ཚན་ནང་བོད་ཡིག་སློབ་ཁྲིད་གནང་བཞིན་ཡོད་པ་དང་། གཞན་ཡང་ཕིན་ཡུལ་ཧི་མ་ལ་ཡའི་ཉམས་ཞིབ་ལྷན་ཚོགས་ཀྱི་ཉམས་ཞིབ་དུས་དེབ་༼ཧི་མ་ལ་ཡན་ཌི་སི་ཀོ་ཝི་རི་༽ཞེས་པའི་རྩོམ་སྒྲིག་པ་གནང་བཞིན་ཡོད་པ་བཅས་སོ།

༡ སྔོན་འགྲོའི་གཏམ།
འགོ་བརྗོད་འདི་ལ་བལྟས་ན་མི་ཚོ་འི་སེམས་ལ་རྩོམ་འདིའི་ནང་ཆེ་སྔ་བའི་གནའ་རབས་བོད་ཀྱི་ལོ་རྒྱུས་འབྱུང་ཁུངས་ལས་དྲངས་པའི་བོན་གྱི་སྐོར་ལ་ཞིབ་འཇུག་དེ་སྔ་རྣ་བའི་ཐོས་མ་མྱོང་བ་ཞིག་ཀློག་རྒྱུ་མེད་དམ་སྙམས་པའི་རེ་དོགས་སྤེལ་མ་ཞིག་འབྱུང་སྲིད་ཀྱང༌། འདིར་དེ་ལྟ་བུའི་གནའ་རབས་གྱི་གཏམ་རྒན་ནི་གང་ཡང་ཤོད་རྒྱུ་མེད། འདིར་སྔ་རབས་ཞེས་པ་ནི་༡༨༨༠ཡས་མས་ནས་༡༩༤༧བར་ཀྱི་དུས་ཚིགས་ལ་གོ་རྒྱུ་དང་བོན་རིག་པའི་ཉམས་ཞིབ་ཅེས་པ་ནི་བོད་ཀྱི་བོན་པོའི་ཆོས་དང་རིག་གཞུང་ལ་ཕྱི་རྒྱལ་མི་རིགས་འདྲ་མིན་གྱིས་དོ་སྣང་བྱས་ཏེ་དེའི་སྐོར་ལ་ཉམས་ཞིབ་ཀྱི་རྩོམ་ཡིག་སྣ་ཚོགས་སྤེལ་བ་དེ་ཚོ་ལ་གོ་རྒྱུ་ཡིན། དེ་ཡང་ཕྱི་རྒྱལ་གྱི་མི་རིགས་ཞེས་པ་ནི་འདིར་གཙོ་ཆེར་དབྱིན་ཇིའི་མི་རིགས་དང་ཆ་འདྲ་བའི་ཕྱི་རྒྱལ་མི་རིགས་ཀྱི་ཉམས་ཞིབ་པ་ཚོར་གོ་རྒྱུ་ཡིན། དུས་ཚིག་ས་འདི་ལ་དམིགས་བསལ་གྱི་སྔ་རབས་ཞེས་བརྗོད་དགོས་པའི་རྒྱུ་མཚན་མཚན་ཉིད་དང་ལྡན་པ་ཞིག་ནི་མེད་ནའང་སྤྱི་ལོ་༢༠༠༥ཡི་ནང་ཛྷར་མན་གྱི་རྒྱལ་ས་བྷོན་ལ་རྒྱལ་སྤྱི་བོད་རིག་པའི་ཚོགས་འདུ་རྒྱས་འཛོམས་སྐབས་དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་གི་བོད་རིག་པའི་ཉམས་ཞིབ་པ་རྒན་གྲལ་ཚོའི་ཉམས་ཞིབ་ཀྱི་རྩོམ་ཡིག་དེ་ཚོ་ལ་བོད་རིག་པ་རྙིང་མ་ཞེས་འབོད་རྒྱུའི་སྲོལ་བྱུང་འདུག་ན་བོན་རིག་པའི་ཉམས་ཞིབ་གོང་གསལ་དུས་ཚིགས་ཀྱི་ཁོངས་སུ་གཏོགས་པ་དེ་ཚོ་ལའང་ཉམས་ཞིབ་སྔ་རབས་ཞེས་བརྗོད་འོས་སམ་སྙམས་པའི་བློ་ཞིག་བྱུང་བ་ལས་གཞན་རྒྱུ་མཚན་གང་ཡང་མེད།

དེས་ན་འདིར་གོང་གསལ་གྱི་དུས་ཚིགས་དེའི་ཁོངས་སུ་གཏོགས་པའི་བོན་རིགས་པའི་ཉམས་ཞིབ་ཀྱི་སྐོར་ལ་ཅུང་ཟད་གླེང་སློང་བྱ་རྒྱུ་ཡིན་ནའང་དང་པོ་གོང་གསལ་དུས་ཚིགས་དེའི་སྐབས་བོད་དང་འཛམ་གླིང་བྱིང་གི་གནས་སྟངས་སྐོར་སྤྱི་བཤད་རོབ་ཙམ་ཞིག་རྒྱབ་ལྗོངས་ཀྱི་ཚུལ་དུ་བརྗོད་ན་འདིར་གང་བཤད་པར་བྱ་བ་དེ་གོ་བདེ་བ་ཡོང་རྒྱུའི་དགེ་མཚན་དུ་ཡོང་ངེས་པར་སེམས། གོང་གསལ་གྱི་དུས་ཚིགས་དེ་ནི་རྒྱལ་སྤྱིའི་རྒྱལ་རབས་ནང་ཅུང་ཟད་ཚུབ་ཆ་ཅན་གྱི་དུས་རབས་ཤིག་ཡིན། འཛམ་གླིང་དམག་ཆེན་དང་གཉིས་གཉིས་ཀ་དུས་ཚིགས་དེའི་ནང་བྱུང་བ་མ་ཟད་དམར་པོའི་ལྟ་སྤྱོད་དབུ་བརྙེས་ནས་རྒྱལ་པོ་མང་པོས་དབང་ཐང་ཤོར་བ་དང་སྐུ་དྲག་མང་པོས་གཞིས་ཀ་ཤོར་བ་བླ་མ་མང་པོས་གདན་ས་ཤོར་བ་སོགས་བྱུང༌། ཡོ་རོབ་ཀྱི་རྒྱལ་ཁབ་ཛྷར་མི་ནིའི་ནང་ན་ཙི་ཞེས་གཡུང་དྲུང་གི་རི་མོ་ཟུར་ལང་དུ་བཀོད་པ་ཞིག་རྒྱལ་རྟགས་སུ་འཆང་བའི་དཔུང་ཚོགས་མངའ་ཐང་ཅན་ཞིག་བྱུང་ནས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་དབང་སྒྱུར་བྱས་པ་དང་རྒྱལ་ཁབ་དེ་ཚོའི་ནང་དུ་ཡོད་པའི་ཛྷིའུ་མི་རིགས་དེ་ཚོ་ལ་གོད་ཆག་བསམ་ཡུལ་ལས་འདས་པ་ཕབས་སྟེ་མི་འབོར་གྲངས་ལས་འདས་པ་ཞིག་བསམ་བཞིན་དུ་རྐྱེན་ལམ་དུ་བཏང་བའི་དུས་ངན་བསམ་ན་སྐྱི་གཡའ་བའི་དུས་རབས་དེ་ཡང་དེ་དུས་ཡིན་འདུག ལྷག་པར་དུ་ཡང་ཡོ་རོབ་ཀྱི་རྒྱལ་ཁབ་དུ་མས་རྒྱ་གར་དང་བྷར་མ་ཐའི་ལན་ཌི་སོགས་ཨེ་ཤི་ཡ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་མང་པོའི་ནང་བཙན་འཛུལ་གྱི་སྒོ་ནས་གཞིས་ཆགས་པ་དང་སྲིད་དབང་བཙན་ཕྲོགས་བྱས་པའི་སྒོ་ནས་རྒྱལ་ཁབ་བཙན་འཛིན་བྱས་པ། རྒྱུ་ནོར་ལོངས་སྤྱོད་དང་རང་བྱུང་དངོས་རྫས་ཀྱི་ཐད་ཚོང་འབྲེལ་སོགས་མིང་འདོགས་སྣ་ཚོགས་ཀྱི་སྒོ་ནས་བདག་གིར་བྱས་པ་སོགས་གདུག་རྩུབ་དང་གནར་གཅོད་ཀྱི་བྱ་བ་རྒྱ་ཁྱབ་དུ་ཡོད་བཞིན་པའི་དུས་སྐབས་ཤིག་ཀྱང་ཡིན་འདུག

དེས་ན་དེའི་སྐབས་རྒྱ་གར་ནི་དབྱིན་ཇིའི་མངའ་འོག་ཏུ་གནས་ཡོད་པ་དང་དེའི་དཔོན་རིགས་ཆེ་འབྲིང་ཆུང་གསུམ་ཕལ་ཆེ་བ་ནི་དབྱིན་ཇིའི་མི་རིགས་ཤ་སྟག་ལས་རྒྱ་གར་རང་གི་མི་རིགས་རང་གི་ལུང་པའི་དཔོན་ས་ཟིན་མཁན་ནི་ཤིན་ཏུ་ཉུང་ལ་ཇི་ལྟ་ཇི་སྙེད་དཔོན་གྲལ་དུ་སླེབས་པ་དེ་ཚོ་ལ་ཡང་ཐེར་སྟོན་གྱིས་དཔོན་རིགས་ནག་པོ་ཞེས་འབོད་སྲོལ་ཡོད་འདུག་ དེ་འདྲ་བའི་གནས་སྟངས་ཀྱི་འོག་ལའང་སྟབས་ལེགས་པ་ཞིག་ལ་དབྱིན་ཇིའི་དཔོན་རིགས་མང་པོས་རྒྱ་གར་གྱི་སྐད་རིགས་མི་འདྲ་བ་སྣ་ཚོགས་དང་དེ་བཞིན་དུ་ཧིན་དྷུ་དང་སངས་རྒྱས་ཆོས་ལུགས་སོགས་རྒྱ་གར་གྱི་ཆོས་དང་རིག་གཞུང་ལ་ཉམས་ཞིབ་ཀྱི་སྒོ་ནས་དཔྱད་པ་བྱེད་རྒྱུའི་དོ་སྣང་བྱས་པ་དང༌། ལྷག་པར་དུའང་རིག་པའི་གཞུང་ལུགས་ཁག་ལ་ཉམས་ཞིབ་བྱེད་རྒྱུའི་ཆེད་དེདག་གི་ནང་དོན་རྟོགས་རྒྱུར་སྨན་སླད་སྐད་ཡིག་དེ་དག་ལ་སྦྱོང་བསྡར་མཐར་ཕྱིན་པ་བྱེད་རྒྱུར་ལམ་ལྷོངས་ཆེན་པོ་ཐོབ་ནས་པཎ་ཌི་ཏའི་གོ་འཕང་ཐོབ་ཐུབ་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད་ཚོད་རེད། དེ་དང་ཆབ་གཅིག་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པའམ་ཡང་ན་ཁྱིམ་མཚེས་སུ་གནས་པའི་རྒྱལ་ཁབ་དང་ས་ཁུལ་དཔེར་ན་འབྲུག་འབྲས་ལྗོངས་ལ་དྭགས་ཁུ་ནུ་པི་ཏི་མོན་པ་སོགས་ཆོས་དང་རིག་གཞུང་ཀྱི་ཆ་ནས་བོད་རིགས་དང་ཕྱོགས་ཐམས་ཅད་ནས་མཚུངས་པའི་ཡུལ་མི་དེ་ཚོའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ལའང་དོ་སྣང་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད་འདུག་པ་མ་ཟད། དེ་དང་དུས་མཉམ་དུ་ཡུལ་ལུང་དེ་ཚོའི་ནང་ཡེ་ཤུ་ཆོས་ལུགས་ཀྱི་བླ་གྲྭ་ཕྱི་རྒྱལ་གྱི་མི་རིགས་ཡིན་པ་གང་ལ་གང་མཚམས་ཤིག་ནི་ཁོ་རང་ཚོའི་ཆོས་ལུགས་ཀྱི་བསྟན་པ་མ་དར་བའི་ཡུལ་མཐའ་ཁོབ་དེ་ཚོའི་ནང་ཡེ་ཤུའི་ཆོས་ཀྱི་སྒྲོན་མེ་སྤེལ་བའི་ངལ་བ་དང་ལེན་བྱས་པ་དང་ཆབས་ཅིག རང་གི་བྱ་བ་མཐར་ཕྱིན་ཡོང་བ་ལ་སྨན་པའི་ཐབས་སུ་ཡུལ་མི་དེ་ཚོའི་སྐད་ཡིག་དང་རིག་པའི་གཞུང་ལུགས་ཁག་ལ་དོ་སྣང་དང་སྦྱོང་བརྡར་གང་ལ་གང་མཚམས་མཐར་ཕྱིན་པ་བྱེད་ཐུབ་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད་འདུག་པ་དེ་ཚོ་ནི་དེ་དུས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་ཉམས་ཞིབ་ཀྱི་སྒོ་ནས་དོ་སྣང་བྱེད་མཁན་བྱུང་བ་ཐོག་མའི་གྲལ་ཡིན་པར་རྩིས་འཇོག་བྱེད་ན་མི་འགྲིགས་པ་མེད་པ་ལྟ་བུར་སྣང་ཡང༌། སྤྱིར་དེའི་སྐབས་དབྱིན་ཇི་དང་ཛྷར་མ་ནི་གཞན་ཡང་ཕ་རན་སི་སོགས་ཀྱི་གྲགས་ཅན་མཐོ་སློབ་ཁག་ནས་ཤར་ཕྱོགས་རིག་པའི་ཉམས་ཞིབ་ཀྱི་སློབ་གཉེར་ལེགས་པར་མཐར་གསོན་ཅིང་རྒྱ་དཀར་ནག་སོགས་ཨེ་ཤི་ཡའི་རྒྱལ་ཁབ་འདྲ་མིན་གྱི་སྐད་ཡིག་ལ་ཐོག་པ་མེད་པའི་སྒོ་ནས་འབྲི་ཀློག་འཕེར་མཁན་ཡང་མི་ཉུང་བ་ཞིག་ཡོད་འདུག་པ་དེ་ཚོ་ནི་ཕྱི་ནང་གི་ཤེས་བྱ་རིག་གནས་ལ་དགའ་ཞེན་ཅན་གྱི་བློ་གཟུ་བོར་གནས་པའི་མཁས་པ་ཤ་སྟག་ཡིན་པ་ནིསྨྲོས་ཅི་དགོས། དེ་ཚོའི་ཁྲོད་ཀྱི་མི་རེ་ཟུངཞིག་ནི་རྟེན་འབྲེལ་ལམ་ལས་དབང་གི་རྐྱེན་པས་བོད་ཀྱི་བོན་པོའི་གཞུང་ལུགས་ཀྱི་གླེག་བམ་དང་ལྷ་སྲུང་གི་སྐུ་བརྙན་འགའ་དང་ཡང་འཕྲད་ཡོད་པ་དེ་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་སྐུ་གསུང་ཐུགས་རྟེན་མིན་པ་ཤེས་མ་ཐག་དེ་ལས་གཞན་པའི་ཆོས་ལུགས་ཅི་འདྲ་བ་ཞིག་ཡོད་དམ་སྙམས་པའི་དོ་སྣང་ལྷག་པར་དུ་སྐྱེས་བའི་རྒྱུར་སོང་བ་ཡང་བྱུང་ཡོད་འདུག་པ་དེ་ནི་ཕྱི་རྒྱལ་མི་རིགས་ཀྱི་བོན་པོའི་སྐུ་གསུང་ཐུགས་རྟེན་དང་འཕྲད་པ་ཐོག་མ་དེ་ཡིན་པ་མ་ཟད་སྔ་རབས་བོན་རིག་པའི་ཉམས་ཞིབ་ཀྱི་སྒོ་ཡང་དེ་ནས་ཚུགས་པར་སྣང༌། འོན་ཀྱང་མེ་དེ་ཚོས་གོང་གསལ་མཐའ་མཚམས་ཀྱི་ཡུལ་ལུང་ཁག་ཏུ་གནས་ཆགས་པའི་བོད་རིགས་ཚོ་དང་མཉམ་འབྲེལ་གྱིས་ཉམས་ཞིབ་བྱས་པ་ལས་་དེ་དུས་ཤར་རེ་བོད་ཡུལ་དུ་ཕྱིན་ནས་ཉམས་ཞིབ་བྱེད་རྒྱུའི་གོ་སྐབས་སྟབས་བདེ་དེ་འདྲ་ནི་ཡོད་ཚོད་མི་འདུག་ལ་དེ་འདྲ་མེད་པ་དེ་ཡང་རང་འབྱུང་དང་རང་འབྱང་མ་ཡིན་པའི་རྒྱུ་རྐྱེན་མང་པོ་ཞིག་ལ་རྟེན་ནས་བྱུང་ཡོད་པ་ཡིན་འདུག་ སྤྱིར་དེའི་སྐབས་སུའང་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་རྒྱལ་ས་མང་ཆེ་བའི་ནང་མོ་ཊ་ཆེ་ཆུང་དཀར་ཁྲི་ནག་སྟོང་གི་གྲངས་དང་མཉམ་པ་ཙམ་གྱི་རྒྱ་ལམ་ཐམས་ཅད་ཁེངས་ཡོད་པ་མ་ཟད་རྒྱལ་ཁབ་དེ་ཚོའི་ནང་གནམ་ལ་གནམ་གྲུ་བྱ་ལྟར་འཕུར་བ་ས་ལ་རིལི་སྦྲུལ་ལྟར་འཁྱུག་བཞིན་པ་ཡིན་ནའང་བོད་གངས་ལྗོངས་ཀྱི་ཞིང་ལ་ནི་རྟ་དང་གཡག་ལ་རེ་བ་བཅོལ་ནས་འགྲིམ་འགྲུལ་བྱས་པ་ལས་ཐབས་ཤེས་གཞན་གང་ཡང་མེད་པའི་ཁར། རྒྱ་ལམ་དང་མགྲོན་ཁང་སོགས་འགྲིམ་འགྲུལ་ལ་སྨན་པའི་མཐུན་རྐྱེན་ཡང་ཕལ་ཆེར་རྩ་བ་ནས་མེད་པ་ཡིན་འདུག་ཟེར་ནའང་རྫུན་དུ་མི་འགྲོ་བའི་ངང་ཚུལ་ཞིག་ཡོད་འདུག དེས་ན་ཕྱི་རྒྱལ་ཉམས་ཞིབ་པ་དང་སྤྲོ་འཁྱམ་པ་སུ་འདྲ་ཞིག་ཡིན་རུང་བོད་ལ་འགྲོ་འདོད་ཡོད་ཀྱང་འགྲོ་སྟབས་མི་བདེ་བ་ནི་མངོན་གསལ་ལྟ་བུར་སྣང༌། གནས་བཏང་དེ་ལྟ་བུའི་འོག་ནས་ཀྱང་ཕྱི་རྒྱལ་བ་འགས་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་རྡོ་རྗེ་གླིང་དང་ཀ་ལོན་ཕུག་སོགས་སུ་གནས་ཆགས་པའི་བོད་རིགས་ཀྱི་ཁྲོད་ན་ཞིབ་འཇུག་བྱས་ནས་སྤེལ་བའི་བོན་རིག་པའི་ཉམས་ཞིབ་ཀྱི་དཔྱད་རྩོམ་དུམ་བུ་འགའ་ཞིག་རོ་ཡལ་ཨེ་ཤི་ཡ་ཊིག་ཉམས་ཞིབ་དུས་དེབ་དང་བྷང་གྷ་ལ་རོ་ཡལ་ཨེ་ཤི་ཡ་ཊིག་ཉམས་ཞིབ་དུས་དེབ་སོགས་དེའི་སྐབས་ཀྱི་གྲགས་ཅན་དུས་དེབ་འགའ་རེའི་ནང་པར་དུ་འཁོད་ཡོད་པ་དེ་ཚོ་ལ་ཕྱི་མིག་རེ་བལྟ་ན་ཡིད་འཕྲོག་པའི་གནད་དོན་འགའ་རེ་ཡང་མཐོང་རྒྱུ་ཡོད་པ་ནི་གདོན་མི་ཟ་བ་རེད།

ཡང་གོང་གསལ་གྱི་དུས་ཚིགས་དེའི་ནང་གི་ཅུང་ཟད་འཁྲུག་ཆ་ཅན་གྱི་གནད་དོན་གཞན་ཞིག་ནི་དེང་སང་འཛམ་གླིང་ཁྱོན་ཡོངས་ཀྱི་མཐོ་རིམ་སློབ་གྲ་ྭམང་པོའི་ནང་ཡོངས་སུ་གྲགས་པའི་སངས་རྒྱས་ཆོས་ལུགས་ཀྱི་ཉམས་ཞིབ་རིག་པ་དང་བོད་རིག་པའི་ཉམས་ཞིབ་ཅེས་པ་དེ་དག་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་སྟེ། བོད་གངས་ཅན་ཞིང་གི་བྱང་ཕྱོགས་སུ་གནས་ཆགས་པའི་ཏག་ལ་མ་ཀན་མྱ་ངམ་ཐང་ཆེན་གྱི་མཐའ་བསྐོར་གྲུ་ཙི་གཞུང་ལམ་བྱང་མ་དང་ལྷོ་མའི་གྲོང་དང་གྲོང་བརྡལ་སྤྱི་ལོ་བརྒྱ་ཕྲག་བརྒྱད་པའམ་དགུ་པ་ཙམ་གྱི་ནང་འབྱུང་འཁྲུགས་ཀྱི་དབང་གིས་བྱེ་མའི་འོག་ཏུ་གསོན་ནུབ་ཏུ་སོང་བའི་གནའ་ཤུལ་རྙིང་པ་མི་ལོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་དང་ལྡན་ཅིང་གསེར་དངུལ་སོགས་རིན་པོ་ཆེ་ལས་གྲུབ་པའི་མིའི་ཡོ་ཆས་སྣ་ཚོགས་དང༌། ལྷག་པར་སངས་རྒྱས་ཆོས་ལུགས་དང་མ་ནི་ཀི་ཆོས་ལུགས་གཞན་ཡང་ཡེ་ཤུའི་ཆོས་བརྒྱུད་ནེ་སི་ཊོ་རེན་སོགས་ཀྱི་ལྷ་ཆས་མཆོད་ཆས་སྐུ་གསུང་ཐུགས་རྟེན་སོགས་སྒྱུ་རྩལ་གྱི་ལག་རྗེས་བྲིས་མ་དང་བླུག་མ་བརྐོས་མ་པར་མ་བཅས་འཇིག་རྟེན་མི་ཡུལ་གཞན་ན་བརྙེད་དུ་མེད་ཅིང་རིན་ཐང་བྲལ་བ་གྲངས་ཀྱི་མི་ལང་བའི་དཀོར་མཛོད་ལྟ་བུར་གནས་ཡོད་པ་དེ་ཚོར་བྱ་རྒོད་ཤ་ལ་ཐིམ་པ་ལྟར་སུ་ཐོབ་ང་ཐོབ་ཀྱིས་སྔོག་བྲུས་དང་འོར་འདྲེན་བྱས་པ་དང༌། དེ་དང་ཕྱོགས་མཚུངས་གོང་གསལ་མྱ་ངམ་ཐང་ཆེན་གྱི་ཤར་ཕྱོགས་ཏུང་ཧོང་ཡུལ་གྱི་རི་ལྡེབས་སུ་གནས་ཆགས་པའི་སངས་རྒྱས་ཆོས་ལུགས་ཀྱི་་སྒྲུབ་ཕུག་ལྡེབས་རིས་བརྒྱན་པ་བརྒྱ་ཕྲག་ལས་བརྒལ་བ་དུས་རབས་བརྒྱད་པ་དང་དགུ་བ་ཡས་མས་སུ་རྒྱ་ཡིག་དང་བོད་ཡིག་ནང་བྲིས་པའི་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་བཅོས་སྣ་ཚོགས་དང་གཞན་ཡང་བོན་ལ་སོགས་པའི་ཆོས་དང་འཇིག་རྟེན་གྱི་སྐོར་ཡིག་ཆ་གྲངས་ལས་འདས་པ་གཏེར་དུ་སྦས་ཡོད་པ་དེ་ཚོར་ཧབ་ཐོབ་ཀྱིས་འོར་འདྲེན་བྱས་པ་དེ་རེད། འདིའི་སྐོར་རྒྱས་པ་ཤེས་འདོད་ན་པི་ཊར་ཧོབ་ཀི་རིག་གིས་༡༩༨༠ལོར་དབྱིན་སྐད་ནང་བྲིས་པའི་༼གྲུ་ཙི་གཞུང་ལམ་སྟེང་གི་བདུད་ཕྱི་རྒྱལ་བ་༽ཅེས་པ་དེ་དང་གཞན་ཡང་དེ་དང་བརྗོད་བྱ་གཅིག་པ་ཡིན་པའི་ཡིག་ཆ་ཁག་ཀློག་དགོས་པ་ལས། འདིར་གནད་དོན་འདི་སངས་རྒྱས་ཆོས་ལུགས་ཀྱི་ཉམས་ཞིག་རིག་པ་དང་བོད་རིག་པའི་ཉམས་ཞིབ་ཅེས་པར་ཐད་ཀར་འབྲེལ་བ་ཡོད་སྟངས་ཅི་འདྲ་ཡིན་མདོར་ཙམ་ཞིག་བརྗོད་རྒྱུ་ལས་དེའི་སྐོར་རྒྱས་བཤད་བྱ་རྒྱུར་དགོས་པ་ཆེར་མ་མཐོང༌། དེ་ཡང༡༨༨༩ལོར་གྲུ་ཙི་གཞུང་ལམ་བྱང་མའི་ནུབ་ཕྱོགས་སུ་གནས་ཆགས་པའི་ཀུ་ཆ་ཡུལ་གྱི་ས་གནས་ཡུལ་མི་ཁ་ཆེའི་ཆོས་ལུགས་པ་འགས་གནའ་ཤུལ་སྔོག་བྲུས་ཀྱིས་གསེར་ཆས་འཚོལ་སྐབས་ལྟས་དབང་གིས་ཤིང་རྟག་པའི་ལྤགས་པ་དང་ཤོག་སེར་སོགས་ཀྱི་སྟེང་བྲིས་པའི་ཡིག་ཆ་རྙིང་པ་ཕོན་ཆེ་ཞིག་བརྙེད་པ་ཁོ་ཚོས་ཀློག་ནི་མ་ཤེས། འོན་ཀྱང་དེ་ཚོ་ལ་རིན་ཐང་འདྲ་ཨེ་ཡོད་སྙམས་པའི་སྒོ་ནས་ཡུལ་དེའི་ཁ་ཆེའི་ཆོས་པ་གནས་ཆེན་མ་ཀའི་ཡུལ་ལ་གནས་མཇལ་དུ་འགྲོ་མྱོང་ཅན་ཧ་ཇི་གྷུ་ལམ་ཁ་ཌིར་ཞེས་པ་གཅིག་ཡོད་པ་དེའི་སར་སོང་བས་ཁོས་ཀྱང་ཀློག་འཕེར་བའི་ཡི་གི་ནི་གཅིག་ཀྱང་མེད་ནའང་ཁོས་ཡིག་ཆ་ཕོན་ཆེ་ཙམ་ཞིག་ཉོས། སྐབས་དེར་རྒྱ་གར་དམག་མྀའི་གསང་བའི་སྡེ་ཚན་གྱི་དམག་དཔོན་ཧ་མིལ་ཊོན་བྷོ་ཝེར་༡༨༥༨་་་༡༩༤༠ཞེས་པ་ཞིག་གསང་བའི་ལས་དོན་ཞིག་གིས་ཆེད་ཡུལ་དེར་གསང་ཉུལ་བྱེད་བཞིན་པ་དེས་ཧ་ཇི་གྷུ་ལམ་ཁ་ཌིར་གྱི་ལག་ཏུ་ཡོད་པའི་ཡིག་ཆ་དེ་ཚོ་མཐོང་མ་ཐག་ཁོས་ཤིང་རྟག་པའི་ལྤགས་པའི་སྟེང་དུ་བྲིས་པའི་ཡིག་ཆ་ཤོག་ལེབ་གྲངས་ལྔ་བཅུ་ང་གཅིག་ཉོས་ནས་རྒྱ་ཀ་ལི་ཀ་ཏར་བྷང་ག་ལའི་རོ་ཡལ་ཨེ་ཤི་ཡ་ཊིག་ཅེས་པའི་རིག་གཞུང་ཚོགས་པར་བསྐུར། དེར་ཤར་ཕྱོགས་རིག་པའི་ཉམས་ཞིབ་པ་སྐད་དང་ཡིག་རིགས་ལ་མཁས་པ་ཧོར་ན་ལེ་རུ་ཌོ་ལོབ་༡༨༤༧་་་༡༩༡༨ཀྱིས་ཡིག་ཆ་དེ་ཚོར་ཞིབ་འཇུག་བྱས་པས་དེ་ཚོ་ནི་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་ཡོད་པའི་ཡིག་ཆ་ལེགས་སྦྱར་གྱི་སྐད་ཚངས་པའི་ཡི་གེ་ཞེས་པའི་ཡིག་གཟུགས་སུ་བྲིས་པ་ཤ་སྟག་ཡིན་པ་དང་དེའི་ཁྲོད་དུ་ཡིག་ཆ་འགའ་ཞིག་ནི་འཇམ་གླིང་ནང་གི་ཡིག་ཆ་རྙིང་ཤོས་ཀྱི་གྲལ་ལ་སླེབས་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་ལྟར་ཁོས་དེ་ཚོའི་སྐོར་དཔྱད་རྩོམ་རབ་དང་རིམ་པ་བྷང་གྷ་ལའི་རོ་ཡལ་ཨེ་ཤི་ཡ་ཊིག་རིག་གཞུང་ཚོགས་པའི་ཉམས་ཞིབ་དུས་དེབ་ནང་པར་འདེབས་དང་འགྲེམས་སྤེལ་བྱས་མ་ཐག་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་ཏག་ལ་མ་ཀན་མྱ་ངམ་ཐང་ཆེན་གྱི་མཐའ་བསྐོར་གྱི་གནའ་ཤུལ་བྱེ་གསེབ་ཏུ་ནུབ་པ་དེ་ཚོའི་ནང་གནའ་བོའི་ཡིག་ཆ་སོགས་སྒྱུ་རྩལ་རིག་པའི་ལག་རྗེས་ཀྱི་དངོས་ཟོག་འཛམ་གླིང་ནང་རིན་ཐང་གཞལ་དུ་མེད་པ་དུ་མ་ཞིག་རྙེད་པ་ས་རྙེད་རྡོ་རྙེད་ཅེས་པ་ལྟར་སུ་ཐོབ་ང་ཐོབ་ཀྱིས་སྒྲུག་རྒྱུ་ཡོད་འདུག་ཅེས་ཁྱབ་གཏམ་སྟོན་ཀ་སྤང་ལ་མེ་ཤོར་བ་ལྟར་ཁྱབ་པས། དབྱིན་ཇིའི་སྣ་རྫས་རྟོག་ཞིབ་རིག་པའི་ཉམས་ཞིབ་པ་ཨོ་རེལ་སི་ཐེན་༡༨༦༢་་་༡༩༤༣། ཇར་མན་གྱི་རིགས་རུས་རིག་པའི་ཉམས་ཞིབ་པ་ཨལ་བྷར་ཊི་གྷུ་རུན་ཝེ་ཌེལ་༡༨༥༦་་་༡༩༣༥དང་ཤར་ཕྱོགས་རིག་པའི་ཉམས་ཞིབ་པ་སྐད་དང་ཡིག་རིགས་ལ་མཁས་པ་ཨལ་བྷར་ཊི་ཝོན་ལེ་ཀོག་༡༨༦༠་་་༡༩༣༠། ཕ་རན་སིའི་རྒྱ་ནག་རིག་པའི་ཉམས་ཞིབ་པ་པོལ་པེ་ལི་འོ་ཊི་༡༨༧༨་་་༡༩༤༥། ཨུ་རུ་སུའི་གནའ་ཤུལ་སྔོག་བྲུས་ཀྱི་བྱ་བ་ལ་མཁས་པ་བྷེ་རེ་སུའུ་སི། ཉི་ཧོང་སངས་རྒྱས་ཆོས་ལུགས་ཀྱི་གཙུག་ལག་ཁང་ཀོ་ཛུའི་ཨོ་ཊ་ནིའི་བཙུན་པ་ཛུའི་ཆོ་ཏ་ཆི་བྷ་ན་དང་ཨེ་ཛ་བྷུ་རོ་ནོ་མུ་ར། བྱང་ཨ་མི་རི་ཀའི་ཤར་ཕྱོགས་རིག་པའི་ཉམས་ཞིབ་པ་ལང་ཌོན་ཝག་ནར་༡༨༨༡་་་༡༩༥༥དང་ཧོ་ར་སི་ཇའི་ནེ་བཅས་སྔ་ཕྱི་རིམ་པར་སྟ་གོན་ཕུན་སུམ་ཚོགས་པ་དང་བཅས་ཏག་ལ་མ་ཀན་མྱ་ངམ་ཐང་ཆེན་དུ་སུ་མགྱོགས་ང་མགྱོགས་ཀྱི་འགྲན་སེམས་དང་བཅས་༡༩༠༠ནས་༡༩༢༣བར་ལག་སུ་སྔ་དང་དཔུང་སུ་རིང་གི་སྒོ་ནས་མིག་གི་གང་མཐོང་སྔོག་རྒྱུ་དང་ལག་ལ་གང་ཐོབ་སྡུད་གསོག་རྒྱབ་ཆོག་པའི་བསྐལ་བཟང་གི་དུས་ཡུན་བཅུ་ཕྲག་གཉིས་ལ་ཉེ་བ་ཞིག་བྱུང་འདུག་པ་དེའི་རིང་སྡུད་གསོག་ཐུབ་པའི་རྩོམ་རིག་སོགས་རྒྱུ་རྩལ་རིག་པའི་ལག་རྗེས་ལས་བྱུང་བའི་་དངོས་པོ་གྲངས་ལས་འདས་པ་ཙམ་ཡོད་པ་དེ་ཚོ་ནི་ད་ཆ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དང་ཕ་རན་སིའི་རྒྱལ་ས་པ་རི་སི་ཇར་མན་གྱི་རྒྱལ་ས་བྷེར་ལིན་ཨུ་རུ་སུའི་རྒྱལ་ས་པེ་ཡ་ཏ་རི་རྒྱ་གར་གྱི་རྒྱལ་ས་ཀ་ལི་ག་ཏ་སོགས་ཀྱི་དཀོར་མཛོད་འདྲ་མིན་ནང་དུ་ཉར་ཚགས་བྱེད་བཞིན་པ་རེད།་ དེ་ཡང་གོང་དུ་སྨྲས་པའི་ཁ་ཆེའི་ཆོས་ལུགས་པ་ཧ་ཇི་གྷུ་ལམ་ཁ་ཌིར་གྱི་ལག་ཏུ་ཡོད་པའི་ཡིག་ཆ་དུམ་བུ་གཅིག་བྷོ་ཝེར་ལ་བཙོངས་པ་དང་དེའི་ལྷག་མ་དེ་ཚོ་ཏག་ལ་མ་ཀན་གྱི་ནུབ་ཕྱོགས་ཡར་ཀན་ཌི་ཞེས་པའི་ཡུལ་དུ་ཡོད་པའི་ཁོ་རང་གི་གཅུང་པོ་དེ་ལ་བསྐུར་བ་དང་ཁོས་དེའི་ཕྱི་ལོར་ལ་དྭགས་སླེ་ལ་འཁྱེར་ནས་དེར་ཡེ་ཤུའི་ཆོས་བརྒྱུད་མོ་ར་ཝིའི་བཙུན་པ་ཝེ་བྷེར་ཞེས་པ་ཞིག་ཡུལ་དེར་ཡེ་ཤུའི་བསྟན་པ་སྤེལ་བའི་བྱ་བ་བྱེད་བཞིན་ཡོད་པ་ཁོས་ཡིག་ཆ་དེ་ནས་དུམ་བུ་ཞིག་ཉོས་ནས་ཀ་ལི་ཀ་ཏར་ཤར་ཕྱོགས་རིག་པའི་མཁས་པ་ཧོར་ན་ལེ་རུ་ཌོ་ལོབ་ལ་བསྐུར། ཡིག་ཆ་ལྷག་མ་དེ་ཚོ་༡༨༩༦ལོར་ཏག་ལ་མ་ཀན་གྱི་ཆེ་ནུབ་ཕྱོགས་སུ་ཡོད་པའི་གྲོང་བརྡལ་ཀ་ཤ་གྷར་དུ་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཛྷོར་ཛྷི་མ་ཀར་ཊི་ནིས་༡༨༦༧་་་༡༩༤༥ཉོས་ནས་ཀ་ལི་ཀ་ཏར་བསྐུར། དེས་ན་ཧ་ཇི་གྷུ་ལམ་ཁ་ཌིར་གྱི་ལག་ཏུ་ཡོད་པའི་ཡིག་ཆ་དེ་ཚོ་མི་ལོ་དྲུག་ཙམ་གྱི་རིང་ས་ཁྱམ་རྡོ་ཁྱམ་གྱི་དུམ་བུ་གསུམ་དུ་གྱེས་དགོས་བྱུང་ཡང་མཐར་རྒྱ་གར་གྱི་རྒྱལ་ས་ཀ་ལི་ཀ་ཏར་དབྱིན་ཇི་མཁས་དབངཧོར་ན་ལེ་རུ་ཌོ་ལོབ་ཀྱི་ལག་ཏུ་དེ་ཚོ་ཚང་མ་ཕྱོགས་གཅིག་ཏུ་སྡུད་ཐུབ་པ་བྱུང༌། ཡང་དེ་དང་དུས་མཉམ་ལ་སུའི་ཌེན་གྱི་ས་གཤིས་རིག་པ་དང་ས་བཀྲའི་རིག་པ་ལ་མཁས་པ་སི་ཝན་ཧི་ཌིང་༡༨༦༥་་་༡༩༥༢ཞེས་པ་དེས་ཏག་ལ་མ་ཀན་གྱི་ཤར་ཕྱོགས་ལོའོ་ལེན་ཡུལ་དུ་ཡོད་པའི་སངས་རྒྱས་ཆོས་ལུགས་ཀྱི་གཙུག་ལག་ཁང་དང་མཆོད་རྟེན་སོགས་གནའ་ཤུལ་དུ་མ་སྔོག་བྲུས་བྱས་པས་བརྒྱ་ཕྲག་གསུམ་པའི་སྐབས་ཀྱི་ཡིག་ཆ་རྙིང་པ་སོགས་སྒྱུ་རྩལ་གྱི་ལག་རྗེས་ལས་བྱུང་བའི་དངོས་པོ་ཤིན་ཏུ་མང་པོ་ཁོ་རང་གི་ཕ་ཡུལ་ལ་འོར་འདྲེན་བྱས་ཡོད་འདུག དེ་ལྟར་སྔོག་བྲུས་བྱས་པའི་ཡིག་ཆ་རྙིང་པ་དེ་ཚོ་ཕལ་མོ་ཆེ་ནི་ ལེགས་སྦྱར་གྱི་སྐད་ལ་བྲིས་པའི་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་བཅོས་སོགས་རྒྱ་གར་གྱི་རིག་གཞུང་ཉམས་ཞིབ་ལ་སྨན་པའི་རྒྱུ་ཆ་དེ་སྔ་མཐོང་མ་མྱོང་བ་མང་པོ་ལག་ཏུ་ཐེབ་པ་ལ་རྟེན་ནས་ཉམས་ཞིབ་དེ་རིགས་ཀྱི་ལོ་རྒྱུས་ནང་ལེའུ་གསར་ཞིག་སྒོ་འབྱེད་བྱེད་རྒྱུ་བྱུང་བ་ལྟ་བུ་ཞིག་བྱུང་ཡོད་ཚོད་རེད། འོན་ཀྱང་དེ་དང་དུས་མཉམ་དུ་ཅུང་ཟད་དགོད་ཤོར་བའི་གནས་ཚུལ་ཤིག་ཀྱང་བྱུང་ཡོད་འདུག་པ་དེ་ནི་༡༨༩༥ནས་༡༨༩༨བར་མི་ལོ་གསུམ་ཙམ་རིང་དེ་གའི་ཡུལ་མི་ཨི་སི་ལམ་ཨ་ཁུང་ཞེས་མི་དྲན་རྒྱུ་རྒོད་ལ་ལག་བདེ་བ་ཞིག་ཡོད་པ་ཁོས་གྱ་ཚོམ་དུ་རི་མོ་ཡིག་འབྲུ་འདྲ་བ་མང་པོ་ནག་པོ་འབྲུ་གཤེར་དུ་བསྒྲིགས་ནས་བྲིས་ཏེ་ཡིག་ཆ་རྫུན་མ་་བྱེ་འོག་ནས་བཏོན་པའི་ཡིག་ཆ་དེ་ཚོ་དང་ཕྱོགས་གང་ས་ནས་ཤིན་ཏུ་འདྲ་བ་མང་པོ་བཟོས་ཏེ་ཕྱི་རྒྱལ་བ་དངོས་རྙིང་འཚོལ་དུ་ཡོང་མཁན་དེ་ཚོ་ལ་ཕོན་ཆེ་བཙོངས་ཡོད་འདུག་པ་མ་ཟད་ཉམས་ཞིབ་པ་འགས་ཡིག་གཟུགས་རྫུན་མ་དེ་ལ་ད་ཕན་ཤེས་རྟོགས་མེད་པའི་ཡིག་གཟུགས་ཞེས་དོ་སྣང་བླ་ལྷག་ཏུ་སྐྱེ་བའི་གཞི་ལྟ་བུར་གྱུར་བ་ཡང་བྱུང་ཡོད་ཚོད་དེ་ལྟར་ཡང་རིང་མིན་༡༩༠༠ཙམ་ལ་ཨོ་རེལ་སི་ཐེན་གྱིས་ཁོས་རྫུན་རྐུབ་གཏོལ་ཐུབ་པ་བྱུང་ཡོད་འདུག

དེ་ནས་གོང་དུ་སྨྲས་པ་བཞིན་༡༩༠༠ནས་༡༩༢༣ཡས་མས་བར་ནུབ་ཕྱོགས་རྒྱལ་ཁབ་བདུན་ཙམ་གྱིས་ཏག་ལ་མ་ཀན་དང་དེའི་གཡས་གཡོན་དུ་གནའ་ཤུལ་སྔོག་བྲུས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་དེ་ཚོའི་ནང་ནས་ལམ་འགྲོ་ཆེ་ཤོས་ལྟ་བུ་ནི་ཨོ་རེལ་སི་ཐེན་དང་པོལ་པེ་ལི་འོ་ཊི་གཉིས་ལ་བྱུང་ཡོད་ཚོད་རེད། དེ་ཡང་ཨོ་རེལ་སི་ཐན་གྱིས་གནའ་ཤུལ་སྔོག་བྲུས་ཀྱི་ལས་འགུལ་ཐེངས་གཉིས་སྤེལ་ཡོད་པ་དང་ཐེང་དང་པོ་དེ་༡༩༠༠ནས་༡༩༠༡བར་ལོ་གཅིག་གི་རིང་གྲུ་ཙི་གཞུང་ལམ་ལྷོ་མའི་ལྷོ་ནུབ་མཚམས་སུ་གནས་ཆགས་པའི་ཡུལ་ཌན་ཌན་ཨུ་ལིག་དང་ཁ་ར་ཌོང་གཞན་ཡང་ར་ཝག་བཅས་ཡུལ་ཚོ་གསུམ་གྱི་ཉེ་བསྐོར་དུ་ཡོད་པའི་སངས་རྒྱུས་ཆོས་ལུགས་ཀྱི་གཙུག་ལག་ཁང་དང་མཆོད་རྟེན་སོགས་ཀྱི་གནའ་ཤུལ་རྙིེང་པ་མིག་གི་མཐོང་ཚད་སྔོག་བྲུས་བྱས་མཐར་ཡིག་ཆ་རྙིང་པ་དང་ལྷ་སྐུ་རྟེན་གསུམ་སོགས་རྟ་རྒྱབ་བརྒྱད་ལས་བརྒལ་བ་ཞིག་ཨུ་རུ་སུ་བརྒྱུད་དབྱིན་ཇི་ཡུལ་དུ་འོར་འདྲེན་བྱས་ཡོད་འདུག དེ་ནས་ལས་འགུལ་ཐེངས་གཉིས་པ་དེ་༡༩༠༧གྱི་ལོར་སྤེལ་ཡོད་པ་དང་ཐེངས་འདིའི་སྐབས་ཁོས་གང་བརྙེད་པ་དེ་ཚོས་ཕྱི་རྒྱལ་བ་ཤར་ཕྱོགས་རིག་པའི་ཉམས་ཞིབ་པ་སྤྱི་དང་ལྷག་པར་བོད་རིག་པའི་ཉམས་ཞིབ་པ་དང་སངས་རྒྱས་ཆོས་ལུགས་ཀྱི་ཉམས་ཞིབ་པ་ཚོའི་འཁོར་ར་འཁོར་ཡུག་གི་ནང་ལ་གནམ་ས་གཡོ་བ་ཙམ་གྱི་སྙན་གྲགས་ཀྱང་བྱུང་ཡོད་ཚོད་རེད། སྐབས་འདིར་ཁོས་ཏག་ལ་མ་ཀན་གྱི་ཤར་ཕྱོགས་ཏུར་ཕན་དང་ལོ་ལེན་བཅས་ཀྱི་གན྄འ་ཤུལ་ཁག་སྔོག་བྲུས་བྱས་མཐར་ཏུང་ཧོང་དུ་སོང་ནས་དེར་ཡོད་པའི་བྲག་ཕུག་དཀོར་མཛོད་འདྲ་བ་ཡིག་ཆ་དང་ལྷ་སྐུ་རྟེན་གསུམ་གྱི་གང་བ་དེའི་དཀོར་གཉེར་རྒྱ་ནག་གི་བཙུན་པ་ཝང་ཟེར་བ་དེ་ལ་ཐབས་བཟང་ངན་བརྒྱ་དང་བྱུས་ཡག་སྡུག་སྟོང་གི་སྒོ་ནས་ངོ་ལེན་ཐབས་བྱས་པར་ལམ་ལྷོང་བྱུང་སྟེ་དབྱིན་ཇི་སྒོར་མོ་༡༣༠ལ་བོད་ཡིག་དང་རྒྱ་ཡིག་སོགས་ཀྱི་ཡིག་ཆ་སྙིང་པ་དོ་གྲངས་༢༤དང་ལྷ་སྐུ་རྟེན་གསུམ་སོགས་བྲིས་མ་དང་རྐོས་མ་དོ་གྲངས་ལྔ་བཅས་སྤུས་ཉོ་བྱས་ནས་དབྱིན་ཇིའི་དཀོར་མཛོད་ནང་དུ་བསྐྱེལ་ཐུབ་པ་བྱུང་ཡོད་འདུག དེ་ནི་དེང་སང་ཏུང་ཧོང་ཡིག་ཆ་ཨའི་ཨོ་ཨེལ་ཞེས་རླུང་ལྟར་གྲགས་པ་དེ་ཚོ་རེད། ཨོ་རེལ་སི་ཐེན་གྱི་ཉོས་ཤུལ་དུ་གང་ལྷག་པ་དེ་ཚོའི་ནང་ནས་སླར་ཡང་འདེམསསྒྲུག་མཐིལ་ཕྱིན་པ་བྱེད་མཁན་་པོལ་པེ་ལི་འོ་ཊི་གྱིས་༡༩༠༨གྱི་ལོར་ཏག་ལ་མ་ཀན་བྱང་བརྒྱུད་ཀྱི་གཞུང་ལམ་དེད་ནས་ཏུམ་ཆུག་དང་ཀུ་ཆ་དང་ཨུ་རུམ་ཆི་བརྒྱུད་དེ་ཏུང་ཧོང་ལ་སླེབས། ཁོས་དབྱིན་ཇི་སྒོར་མོ་༩༠ལ་ཡིག་ཆ་ལུད་ཕུང་འདྲ་བ་ཆེ་ཐག་ཆོད་གཉིས་སྤུས་ཉོ་བྱས་ཏེ་ཕ་རན་སིའི་རྒྱལ་ས་པ་རི་སིའི་དཀོར་མཛོད་ནང་དུ་བསྐྱེལ་ཐུབ་པ་བྱུང་ཡོད་འདུག དེ་ནི་དེང་སང་ཡོངས་སུ་གྲགས་པའི་ཏུང་ཧང་ཡིག་ཆ་པི་ཊི་འམ་པེ་ལི་འོ་ཊི་ཟེར་པ་དེ་ཚོ་རེད།་ ཡིག་ཆ་དེ་ཚོའི་ནང་བོད་ཡིག་དབུ་ཅན་དང་དབུ་མེད་གཉིས་ཀར་བྲིས་པའི་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་བཅོས་འདྲ་མིན་སྣ་ཚོགས་མང་པོ་ཡོད་པ་མ་ཟད་བོན་དང་ཞང་ཞུང་བོད་དང་རྒྱ་ནག་གཞན་ཡང་ཆོས་དང་འཇིག་རྟེན་སོགས་ཀྱི་ནང་དོན་དང་འབྲེལ་བ་ཡོད་པའི་ཡིག་ཆ་མི་ལོ་བརྒྱ་ཕྲག་མང་པོར་ཉམས་ཞིབ་བྱེད་ནའང་རྫོགས་ཨེ་ཐུབ་སྙམས་པ་ཙམ་ཞིག་ཡོད་ཚོད་རེད། དེ་དག་ནི་སངས་རྒྱས་ཆོས་ལུགས་དང་བོད་རིག་པའི་ཉམས་ཞིབ་ལ་སྨན་པའི་དཔྱད་གཞིའི་མ་ཡིག་ཤིན་ཏུ་གལ་ཆེ་བ་ཤ་སྟག་ཡིན་པ་མ་ཟད་དེ་དག་ལ་བརྟེན་ནས་ད་ཕན་ཉམས་ཞིབ་དེ་རིགས་ཀྱི་ལོ་རྒྱུས་ནང་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་ནི་འབྲེལ་ཡོད་ཚང་མས་ཤེས་གསལ་ལྟར་རེད།།

༢ དངོས་གཞིའི་དོན།
དེང་རབས་ཀྱི་ཤར་ཕྱོགས་རིག་པའི་ཉམས་ཞིབ་པ་ཏག་ལ་མ་ཀན་སོགས་དབུས་ཨེ་ཤི་ཡ་ཡི་སྐོར་ལ་ས་རྒྱུས་ཆེ་ཞིང་དེ་དག་གི་ལོ་རྒྱུས་ལ་མཁས་པ་ཀི་རི་སི་ཊོབ་བྷའུ་མར་གྱིས།

སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་སོགས་གང་སྤྱིའི་ཐད་གནས་ཚུལ་མཐིལ་ཕྱིན་པ་ཞིག་ཧ་གོ་བ་ལ་བོན་ཞེས་པ་འདི་གང་ཡིན་ལེགས་པར་ཤེས་དགོས་པ་ནི་ཧ་ཅང་གལ་ཆེ།

ཞེས་སྨྲས་ཡོད་པ་འདི་ནི་ཤིན་ཏུ་ནས་དོན་དུ་གནས་པའི་གནད་དོན་་ཞིག་ཡིན་པ་ལ་ཐེ་ཚོམ་མི་དགོས་པ་ཞིག་མིན་ནམ་སྙམས། འོན་ཀྱང་གོང་དུ་སྨྲས་པའི་དུས་ཚིགས་དེའི་ནང་གི་བོན་རིག་པའི་ཉམས་ཞིབ་ཀྱི་རྩོམ་ཡིག་དེ་ཚོ་རང་གི་དམིགས་ཡུལ་དོན་འཁྱོལ་གྱི་ཐད་ཇི་ཙམ་ལམ་ལྷོངས་ཐོབ་པ་བྱུང་ཡོད་དེ་ནི་མཐའ་གཅིག་ཏུ་འདི་ལྟ་བུ་ཞིག་རེད་ཅེས་བཤད་དཀའ་བའིགནད་དོན་ཞིག་ཏུ་མངོན། དེ་ནི་དེའི་སྐབས་ཉམས་ཞིབ་པ་ཚོ་ཐད་ཀར་བོད་ཡུལ་དུ་ཕྱིན་ནས་བོན་གྱི་བླ་གྲྭ་སོགས་མི་སྣ་མཁས་ཅན་གང་ན་སུ་ཡོད་ལ་འབྲེལ་བ་བྱས་ནས་ཉམས་ཞིབ་བྱེད་རྒྱུར་འགྲོ་ལམ་སོགས་ཀྱིསརྐྱེན་པས་སྟབས་བདེ་མེད་པས་ལན་པར་སེམས། དེ་ཡང་ཧོ་ལེན་ཌི་ནས་ཡིན་པའི་ཤར་ཕྱོགས་རིག་པའི་ཉམས་ཞིབ་པ་ཛྷོན་ཝན་མ་ནེན་༡༩༧༧་་་༡༩༤༣གྱིས།

སྤྱིར་སྟངས་བཤད་སྲོལ་ལ་གྷུམ་སོགས་རྡོ་རྗེ་གླིང་གི་གཡས་གཡོན་གྱི་ས་གནས་ཁག་ལ་་བོད་ཀྱི་གནའ་བོའྀ་ཆོས་ལུགས་བོན་གྱི་བཙུན་པ་ནི་ཤིན་ཏུ་ནས་མཐོང་རྒྱུ་དཀོན་པོ་ཡིན་པ་དང་གང་མཐོང་རྒྱུ་ཡོད་པ་དེ་ཚོ་ཡང་བོན་གྱི་ཆོ་ག་ཕྱག་ལེན་ཆུང་ཙག་དེ་འདྲ་ཕྲན་བུ་རེ་ཤེས་པ་ཙམ་ལས་མཁས་པ་ཕུལ་དུ་ཕྱིན་པ་དེ་འདྲ་ནི་མིན་པ་དང་དངོས་གནས་དྲང་གནས་ཀྱི་བཙུན་པ་མཁས་པ་དེ་ཚོ་ནི་བོད་དུ་ཡོད་པའི་བོན་པོའི་བསྟི་གནས་དེ་ཚོའི་ནང་ཡོད་པ་ཡིན་འདུག

ཅེས་བཤད་ཡོད་པ་འདི་ནས་གོ་ཐུབ་པ་ཞིག་རེད་འདུག་སེམས། འོན་ཀྱང་གནས་སྟངས་དེ་འདྲ་བའི་འོག་ནས་ཀྱང་བོན་གྱི་སྐོར་ལ་ཉམས་ཞིབ་བྱས་ནས་དཔྱད་རྩོམ་སྤེལ་མཁན་གང་ལ་གང་མཚམས་བྱུང་ཡོད་འདུག་པ་དེ་ཚོའི་གྲལ་ནས་གང་རང་གི་མཐོང་ཡུལ་དུ་གྱུར་བ་དེ་དག་ལ་གཞི་བཅོལ་ནས་གླེང་མོལ་མདོར་ཙམ་ཞིག་བྱ་རྒྱུའི་བསམ་བློ་ཞིག་བྱུང༌། འོན་ཀྱང་འདིར་གང་བྲིས་པའི་རྩོམ་ཐུང་འདི་ནི་བརྗོད་གཞི་འདིའི་ཐད་སྔོན་འགྲོའི་ཉམས་ཞིབ་ཀྱི་གཞི་འདིང་བ་ཙམ་ལས་ཉམས་ཞིབ་མཐིལ་ཕྱིན་གྱི་དཔྱད་རྩོམ་ཞིག་ཏུ་ངོས་འཛིན་བྱེད་མི་རུང་ཞེས་གསལ་འདེབས་བྱ་རྒྱུ་ཡིན།།

༢།༡ བོན་རིག་པའི་ཉམས་ཞིབ་ལ་སྔ་བ།
བོན་རིག་པའི་ཉམས་ཞིབ་ཀྱི་དཔྱད་རྩོམ་བྲིས་མཁན་གྱི་ནང་ནས་སྔོན་ཤོས་དེ་མཁས་པ་འདི་བྱ་བ་དེ་རེད་ཅེས་ཤོད་ཐུབ་པ་བྱ་རྒྱུའི་ཉམས་ཞིབ་གཏིང་ཟབ་པོ་ཞིག་ནི་ད་བར་བསྒྲུབས་མ་སོང་བས་དེ་ལྟར་ཁ་ཚོན་གཅོད་ནས་ཤོད་རྒྱུའི་སྤོབས་པ་ནི་མ་ཐོབ། འོན་ཀྱང་ཨུ་རུ་སུའི་བོད་རིག་པའི་ཉམས་ཞིབ་པ་སྐད་རིགས་ལ་མཁས་པ་ཕི་རན་ཛི་ཨན་ཊོན་ཤིབ་ནེར་༡༨༡༧་་་༡༨༧༩དང་བོད་ཀྱི་སྐད་རིག་ལ་མཁས་ཤིང་བོད་ཡུལ་དུའང་ལན་གཉིས་ཙམ་སླེབས་མྱོང་ཡོད་པའི་རྒྱ་གར་བྷང་གྷ་ལའི་མཁས་པ་ས་ར་ཏི་ཅན་ཌར་ཌ་་སི་༡༨༤༩་་་༡༩༡༧གཞན་ཡང་ཛྷར་མན་ནས་ཡིན་པའི་འགྲོ་བ་མིའི་རྣམ་གཞག་རིག་པའི་ཉམས་ཞིབ་པ་ལོའོ་ཕར་བྷེར་ཐོལ་ཌི་༡༨༧༤་་་༡༩༣༤དང་ཡེ་ཤུ་མོ་ར་ཝིའན་ཆོས་བརྒྱུད་ཀྱི་བཙུན་པ་བོད་སྐད་དང་ཧི་མ་ལ་ཡའི་ཡུལ་སྐད་འདྲ་མིན་ལ་མཁས་ཤིང་ལ་དྭགས་དང་དེའི་མཐའ་བསྐོར་གྱི་ཡུལ་ལུང་ཁག་ལ་ཡེ་ཤུའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བའི་སྣེ་ཁྲིད་པ་ཛྷར་མན་གྱི་མི་རིགས་ཨོ་གྷོ་སི་ཊི་ཧར་མན་ཕེ་རང་ཀི་༡༨༧༠་་་༡༩༣༠བཅས་ནི་བོན་གྱི་སྐོར་ལ་དེང་རབས་ཉམས་ཞིབ་ཚན་རིག་གི་ལག་ལེན་དང་མཐུན་པའི་སྒོ་ནས་ཉམས་ཞིབ་དཔྱད་རྩོམ་བྲིས་སྤེལ་བྱེད་མཁན་གྱི་ནང་ནས་ཆེ་སྔ་བའི་གྲལ་ཡིན་པ་ནི་མངོན་གསལ་ལྟ་བུ་རེད་འདུག ཡང་ཐིའོ་སོ་ཕིའི་གྲུབ་མཐའ་ལ་མཁས་ཤིང་ལེགས་སྦྱར་གྱི་སྐད་དང་བོད་ཀྱི་སྐད་གཞན་ཡང་རྒྱ་གར་ལ྄ྷོ་ཕྱོགས་ཀྱི་སྐད་རིགས་འདྲ་མིན་ལ་བྱང་ཆུབ་པ་ཧོ་ལེན་ཌིའི་མི་རིགས་ཡོ་ཧན་ཝན་མ་ནེན༡༨༧༧་་་༡༩༤༣ཟེར་བ་ཞིག་གིས་ཀྱང༡༩༢༢ལོར་༼བོན་གྱི་སྐུའདྲ་ཞིག་༽ཅེས་པའི་ཉམས་ཞིབ་ཀྱི་དཔྱད་རྩོམ་ཞིག་བྲིས་ནས་བྷང་གྷ་ལ་ཨེ་ཤི་ཡ་ཊིག་ཚོགས་པའི་ཉམས་ཞིབ་དུས་དེབ་ནང་པར་བསྐྲུན་་བྱས་འདུག་པ་དེ་ཡང་བོན་གྱི་ཉམས་ཞིབ་ལ་སྔ་བའི་གྲལ་ནས་ཡིན་པ་ནི་སྨྲོས་མེད་ཡིན་ཁར་རྩ་བའི་ཁོས་ཉམས་ཞིབ་ཀྱི་སྐོར་ལ་གཤམ་དུ་ཅུང་ཟད་ཞིག་ཟུར་དུ་བརྗོད་རྒྱུ་ཡིན།  ཡང་ཁོས་དཔྱད་རྩོམ་ནང་དུ་བཀོད་པ་ལྟར་ན། དབྱིན་ཇིའི་ཡུལ་ནས་ཡིན་པའི་རང་བྱུང་དངོས་ཁམས་རིག་པའི་ཉམས་ཞིབ་པ་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་ལོ་རྒྱུས་སོགས་ལ་བྱང་ཆུབ་པ་བྷི་རིའན་ཧོག་ཊོན་ཧོག་སོན་༡༨༠༠་་་༡༨༩༤ཞེས་པ་དེས་༡༨༦༡ལོར་རོ་ཡལ་ཨེ་ཤི་ཡ་ཊིག་ཚོགས་པའི་ཉམས་ཞིབ་དུས་དེབ་ནང་བོན་གྱི་ལྷ་སྐུ་ཁ་ཤེས་ཀྱི་སྐུ་བརྙན་པར་འདེབས་བྱས་ཡོད་པ་དང༌། ཡང་དེ་དང་ཕྱོགས་མཚུངས་ཛྷར་མན་གྱི་ཉམས་ཞིབ་པ་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་སྐོར་ལ་མཁས་པ་ཕུལ་དུ་ཕྱིན་པ་ཨེ་མིལ་ཤི་ལ་གྷིན་ཝེ་ཊི་༡༨༣༥་་་༡༩༠༤ཞེས་པ་དེས་༡༨༦༦ལོར་ཛྷར་མན་སྐད་ཀྱི་ནང་༼བོད་ཀྱི་བོན་པོ་ཆོས་བརྒྱུད་ཀྱི་སྐོར་༽ཞེས་པའི་དཔྱད་རྩོམ་ཞིག་ཝི་ཡ་ན་རྒྱལ་སའི་ཨར་བྷ་ཝ་རི་ཡ་ཚན་རིག་སློབ་རིག་སྡེ་ཚན་གྱི་དཔྱད་རྩོམ་ཕྱོགས་སྒྲིག་ཞིག་གི་་ནང་པར་བསྐྲུན་བྱས་ཡོད་ཚོད་ཀྱང་དེ་ནི་དེང་སང་ཆེ་དཔེ་རྒྱུན་དཀོན་རིགས་ཀྱི་གྲལ་དུ་སོང་བས་མཐོང་ཐུབ་པ་མ་བྱུང༌། དེ་བཞིན་ཕི་རན་ཛི་ཨན་ཊོན་ཤིབ་ནེར་གྱིས་༡༨༨༠ལོར་ཛྷར་མན་གྱི་སྐད་ནང་༼བོན་གྱི་མདོ་ཀླུ་འབུམ་གྱི་སྐོར༽ཞེས་པའི་ཉམས་ཞིབ་ཀྱི་དཔྱད་རྩོམ་ཞིག་ཨུ་རུ་སུ་གཞུང་གི་ཚན་རིག་སློབ་རིག་སྡེ་ཚན་གྱི་དུས་དེབ་ནང་པར་བསྐྲུན་བྱས་ཡོད་འདུག་པ་དེ་ཡང་དཔེ་རྒྱུན་དཀོན་པའི་རྐྱེན་གྱིས་མཐོང་ཐུབ་པ་མ་བྱུང༌། འོན་ཀྱང་རང་གི་མཐོང་མིན་ལ་མ་ལྟོས་པར་ད་ལྟ་བརྗོད་མ་ཐག་པའི་དཔྱད་རྩོམ་དེ་ཚོ་ནི་བོན་གྱི་སྐོར་ལ་ཕྱི་རྒྱལ་ཉམས་ཞིབ་པས་བྲིས་པའི་དཔྱད་རྩོམ་སྔ་ཤོས་དེ་ཚོ་མིན་ནམ་སྙམ།

དེ་ནས་ས་ར་ཏི་ཅན་ཌར་ཌ་་སི༡༨༨༡ལོར་༼བོད་ཀྱི་ཆོས་དང་ལོ་རྒྱུས་ཀྱི་ཉམས་ཞིབ་ལ་ཕྱར་གྲུ་མཉམ་འདེགས་༽ཞེས་པའི་དཔྱད་རྩོམ་ཞིག་བྲིས་ནས་བྷང་གྷ་ལ་ཨེ་ཤི་ཡ་ཊིག་ཚོགས་པའི་དུས་དེབ་ནང་པར་སྐྲུན་བྱས་འདུག་པ་དེའི་ནང་ཁོས་དང་འདོད་ཆེན་པོའི་སྒོ་ནས་རྩོམ་དེའི་འགོ་གཙུག་མ་ཐག་ཏུ་བོན་ཀྱི་སྐོར་ཚན་པ་གཉིས་བཞག་འདུག དེ་ནི་ཐུའུ་ཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཤེལ་གྱི་མེ་ལོང་གི་ལེའུ་གཉིས་པའི་སྡེ་ཚན་དགུ་པ་བོན་པོ་ཞེས་པའི་ཚན་པ་དའིེ་ནང་ནས་བོན་ཆོས་འཕེལ་རིམ་དང་ལྟ་གྲུབ་ཉམས་ལེན་བཅས་ཀྱི་སྐོར་ཆ་ཚང་དབྱིན་སྒྱར་བྱས་པ་ཞིག་དང་ཡང་ཡོངས་གྲགས་ན་རོ་བོན་ཆུང་དང་མི་ལ་རས་པ་གཉིས་སྟོད་གངས་རི་ལ་རྫུ་འཕྲུལ་འགྲན་པའི་ལོ་རྒྱུས་དེའི་དབྱིན་སྒྱུར་གཅིག་བཅས་རེད། དེ་རྗེས་༡༨༩༣ལོར་ཁོས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ལ་བསྟི་གནས་ཡོད་པའི་བྷུ་ཌི་སི་ཊི་ཊེཀ་སི་ཊི་ཚོགས་པའི་དུས་དེབ་ནང་༼བོན་གྱི་ཆོས་ལུགས་སྐོར་སྤྱི་བཤད་མདོར་བསྡུས་༽ཞེས་པ་ཞིག་དང་ཡང་༼བོན་གྱི་ལྷ་ཚོགས་ཀྱི་ནང་ནས་ལྷ་གཙོ་བོ་ཁག༽ཞེས་པ་གཅིག་བཅས་རྩོམ་ཁག་གཉིས་པར་སྐྲུན་བྱས་ཡོད་འདུག་ཀྱང་དེ་གཉིས་ནི་ད་ཆ་དཔེ་རྒྱུན་དཀོན་པའི་རྐྱེན་གྱིས་རང་གི་མིག་ལམ་དུ་གྱུར་བའི་གོ་སྐབས་མ་ཐོབ་པས་དེ་གཉིས་ཀྱི་ནང་དོན་ཇི་མ་ཇི་བཞིན་འདི་འདྲ་བ་ཞིག་རེད་ཅེས་འདིར་བཤད་ཐུབ་པ་ཞིག་མ་བྱུང་ཡང་གོང་གི་སྒྱུར་རྩོམ་ཚན་པ་གཉིས་པོ་དེས་དེའི་སྐབས་ཀྱི་ཀློག་པ་པོ་ཚོའི་སེམས་ཀྱི་ནང་བོན་གྱི་སྐོར་ལ་བསམ་ཚུལ་ཡ་མ་ཟུང་རེ་ཤར་རྒྱུར་ཕྱར་གྲུ་མཉམ་འདེགས་བྱུང་ཡོད་པ་ནི་སྨྲོས་མེད་དེ་ལྟར་ཡང་དངོས་འབྲེལ་བོན་པོ་ཚོས་སོ་སོའི་ལྟ་གྲུབ་ལ་ལོ་རྒྱུས་སོགས་ཀྱི་སྒོ་ནས་ལྟ་སྟངས་ཅི་འདྲ་ཞིག་ཡོད་དམ་སྙམས་པའི་དྲི་བ་དེའི་ལན་ཕྱིན་ཅི་མ་ལོག་པ་ཞིག་བློར་ཤར་བ་བྱ་རྒྱུར་ཕན་ཐོགས་ཇི་ཙམ་བྱུང་ཡོད་དེ་ནི་ཅུང་ཟད་བཤད་དཀའ་བའི་གནད་དོན་ཞིག་ཏུ་སྣང༌། འོན་ཀྱང་ཁོས་༡༩༠༡གམ་ཡང་ན་དེའི་སྔོན་ཙམ་ལ་རྒྱ་གར་རྡོ་རྗེ་གླིང་གི་པར་ཁང་ཞིག་ནས་ཡོངས་གྲགས་བོན་གྱི་ཆོས་འབྱུང་༼རྒྱལ་རབས་བོན་གྱི་འབྱུང་གནས་༽ཞེས་པ་དེ་པར་སྐྲུན་དང་འགྲེམས་སྤེལ་བྱས་ཡོད་ཚོད་དང་ཡང་༡༩༡༥ལོར་སླར་ཡང་ཀ་ལི་ཀ་ཏ་ནས་པར་སྐྲན་བྱས་འདུག་པ་དེས་བོན་གྱི་སྐོར་ཕྱིན་ཅི་མ་ལོག་པའི་གོ་རྟོགས་འཕེལ་བར་ཕྱར་གྲུ་མཉམ་འདེགས་མིང་དོན་མཚུངས་པ་ཞིག་བྱུང་ཡོད་པ་ནི་དངོས་འབྲེལ་རང་རེད།

དེ་དང་ཕྱོགས་མཚུངས་༡༩༠༡གི་ལོར་ལོའོ་ཕར་བྷེར་ཐོལ་ཌིས་གོང་གསལ་རྡོ་རྗེ་གླིང་ནས་པར་སྐྲུན་བྱས་པའི་༼རྒྱལ་རབས་བོན་གྱི་འབྱུང་གནས་༽དེའི་སྐོར་སྐྱར་ཞིབ་དང་འབྲེལ་བའི་གླེང་སློང་བྱས་པའི་རྩོམ་ཞིག་ཏོང་པའོ་ཞེས་པའི་དུས་དེབ་ནང་པར་སྐྲུན་བྱས་ཡོད་འདུག ཡང་༡༩༠༠ལོར་ཁོས་བོན་གྱི་བཤགས་གཞུང་ཚིག་བཅད་མ་དེ་འདྲའི་སྐོར་ལ་རྩོམ་ཞིག་བྲིས་ནས་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝི་འ་ནའི་ཚན་རིག་སློབ་རིག་སྡེ་ཚན་གྱི་དུས་དེབ་ནང་པར་སྐྲུན་བྱས་ཡོད་ཚོད་ཡང་རྩོམ་འདི་རང་གི་མངོན་སུམ་དུ་མ་མཐོང་བས་དེའི་ནང་དོན་ཇི་མ་ཇི་བཞིན་འདིར་བཤད་མི་ཐུབ༌། ཁོས་༡༨༨༩ལོར་བྲིས་པའི་༼ཀླུ་འབུམ་བསྡུས་པའི་སྙིང་པོ་༽ཞེས་པ་དེའི་ནང་ཀླུ་འབུམ་དཀར་པོ་དང་ནག་པོ་ཁྲ་བོ་བཅས་བོད་དཔེ་ཁག་གསུམ་པར་བསྐྲུན་བྱས་ཡོད་པ་དེ་ཚོ་དམིགས་བསལ་བོན་གྱི་ཡིག་ཆ་རེད་མི་འདུག་རུང་ཁོས་དཔེ་ཆ་དེ་དང་སྤྱིར་ཀླུ་འབུམ་དང་ཀླུའི་སྐོར་གླེང་སློང་རིང་ཙམ་ཞིག་བྲིས་འདུག་པ་དེའི་ནང་ཁོས་དེ་སྔ་ཕན་ཆད་བོན་གྱི་སྐོར་ཉམས་ཞིབ་ཀྱི་ལས་རྒྱ་ཆེ་ཆུང་ཇི་ཙམ་བྱུང་ཡོད་དེའི་སྐོར་ཀྱང་ཞིབ་ཕྲ་བྲིས་རྒྱུའི་དང་ལེན་ཀྱང་བྱས་འདུག དེ་ནས་༡༩༢༤ནས་༡༩༣༠ཐམ་པའི་བར་ལོ་ངོ་ལྔའི་ནང་ཨོ་གྷོ་སི་ཊི་ཧར་མན་ཕི་རང་ཀིས་༼གཟེར་མིག་ཞེས་པ་བོན་གྱི་དཔེ་ཆ་ཞིག་༽ཅེས་པའི་རྩོམ་ཕྲེང་ཁག་དྲུག་ཛྷར་མེན་གྱི་རྒྱལ་ས་ལེབ་ཇིག་དང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་བཅས་ནས་པར་འགྲེམས་བྱས་པའི་དུས་དེབ་ཨེ་ཤི་ཡ་མེ་ཛྷོར་ཅེས་པའི་པོད་ཕྲེང་དང་པོ་དང་གསུམ་པ་བཞི་པ་ལྔ་པ་དྲུག་པ་བཅས་ཀྱི་ནང་པར་འདེབས་བྱས་འདུག་པ་དེའི་ནང་གཟེར་མིག་ལེའུ་དང་པོ་ནས་ལྔ་པའི་བར་བོད་དབྱིན་ཤན་སྦྱར་དང་ལེའུ་དྲུག་པ་བོད་དཔེ་རྐྱང་པ་བཅས་འདུག དེ་དང་ཕྱོགས་མཚུངས་ཁོས་༡༩༢༢ནས་༡༩༢༧གྱི་ནང་ཚུད་ཛྷར་མེན་སྐད་ཀྱི་ནང་བོན་གྱི་སྐོར་ལ་དཔྱད་རྩོམ་ཁག་གསུམ་ཙམ་བྲིས་ནས་ཡེ་ཤུ་ཆོས་ཚོགས་ཀྱི་དུས་དེབ་འདྲ་མིན་ནང་པར་སྐྲུན་བྱས་ཡོད་འདུག ཁོང་ལ་ངེས་པར་དུའང་མདོ་གཟེར་མིག་ཆ་ཚང་དབྱིན་སྒྱུར་བྱ་རྒྱུའི་འཆར་གཞི་ཡོད་ནའང་ཚེ་མ་ཟིན་པའི་དབང་གིས་དེ་མུར་ལས་པ་མིན་ནམ་སྙམས། གང་ལྟར་ཡང་ཁོང་གིས་སྤེལ་བའི་སྒྱུར་རྩོམ་དེ་ནི་དེ་དུས་བོན་རིག་པའི་ཉམས་ཞིབ་ལ་སྨན་པའི་བྱ་བ་རླབས་ཆེན་ཞིག་ཡིན་པ་དང་དེ་ལྟར་ཡིན་པ་དེ་ཡང་བོན་རིག་པའི་ཉམས་ཞིབ་ཀྱི་ལོ་རྒྱུས་ནང་ངེས་པར་དུའང་དྲན་འོས་པ་ཞིག་རེད།

གཞན་ཡང་༡༩༣༠ཡས་མས་ནང་ཛྷོན་ཧུ་སུ་ཊོན་ཨེ་ཌི་གྷར་ཟེར་བ་ཞིག་གིས་༼བོན་པོའམ་བོད་ཀྱི་བླ་མའི་ཆོས་བརྒྱུད་ནག་པོའི་སྐོར་༽ཞེས་པའི་དཔྱད་རྩོམ་མདོར་བསྡུས་ཤིག་དང་ཡང་བོན་གྱི་གཟུང་སྔགས་མ་ཏྲིའི་སྐོར་ལ་དཔྱད་རྩོམ་ཁག་གཉིས་བྲིས་ནས་ནུབ་རྒྱ་ནག་ཉམས་ཞིབ་ཚོགས་པའི་དུས་དེབ་ནང་པར་སྐྲུན་བྱས་ཡོད་འདུག མཁས་པ་འདིའི་ལོ་རྒྱུས་ཞིག་ཨེ་རྙེད་བལྟས་ཀྱང་ལམ་ལྷོངས་མ་བྱུང་བས་ཁོ་སུ་ཡིན་གཏན་གཏན་ཞིག་འདིར་བཤད་མི་སྤོབས་ཀྱང་ཕལ་ཆེར་ཕྱི་རྒྱལ་གྱི་མི་རིགས་རྒྱ་ནག་ལ་ཡེ་ཤུའི་བསྟན་པ་སྤེལ་རྒྱུའི་བྱ་བའི་སྣེ་འཛིན་མཁན་ཞིག་མིན་ནམ་སྙམས་པ་ཞིག་བྱུང་ཡང་འདི་ནི་མཐའ་གཅིག་ཏུ་ཚོད་དཔག་ཁོ་ན་ཡིན་པས་ནོར་ཡོད་སྲིད། དེ་དང་ཕྱོགས་མཚུངས་རེ་ཝི་ཨ་ལོའིན་ཟེར་བ་ཞིག་གིས་༡༩༤༠ལོར་ཨ་མདོ་ཤར་ཁོག་ཟུང་ཕན་ཁུལ་དུ་ཡོད་པའི་བོན་པོ་མི་ཚོགས་ཀྱི་སྐོར་ལ་དཔྱད་རྩོམ་ཞིག་བྲིས་ནས་ཨེ་ཤི་ཡ་ཞེས་པའི་དུས་དེབ་ཞིག་གི་ནང་པར་སྐྲན་བྱས་ཡོད་འདུག  དེ་ནས་༡༩༤༧ལོར་ཨོ་སི་ཊི་རི་ཡ་ནས་ཡིན་པ་མི་རིགས་ཞིབ་འཇུག་རིག་པ་ལ་བྱང་ཆུབ་ཅིང་བོད་རིག་པ་ལ་མཁས་པ་རེ་ནེ་ཌེ་ནེ་བྷེ་སིག་ཝོ་ཇི་ཀོ་ཝི་ཛི་༡༩༢༣་་་༡༩༥༩ཟེར་བ་དེས་ཛྷར་མེན་སྐད་ཀྱི་ནང་༼བོད་ཀྱི་བོན་པའི་ཆོས་ལུགས་༽ཤེས་པའི་དཔྱད་རྩོམ་ཞིག་པར་སྐྲུན་བྱས་འདུག་པ་དེ་ནི་ཁོས་བོད་རིག་པའི་ཉམས་ཞིབ་ཀྱིས་དཔྱད་རྩོམ་ཐོག་མ་དེ་ཡིན་པར་མངོན༌། དེ་ནས་ཁོས་བོད་རིག་པའི་ཉམས་ཞིབ་མུ་མཐུད་ནས་བྱས་ཡོད་པ་དང་ཁོའི་བྱས་རྗེས་ཆེ་ཤོས་ཀྱི་ནང་ནས་གཅིག་ནི་༡༩༥༦ལོར་པར་སྐྲུན་བྱས་པའི་༼བོད་ཀྱི་ལྷ་པ་དང་ལྷ་འདྲེ་༽ཞེས་པའི་དེབ་བོན་གྱི་ཆོས་ལུགས་དང་སྤྱིར་བཏང་གི་འབྲེལ་བ་གཏིང་ཟབ་ཡོད་པ་མ་ཟད་དེའི་ནང་བོན་གྱི་སྐོར་ལ་ཚན་པ་ཆེ་ཐག་ཆོད་གཅིག་ཀྱང་ཡོད་པ་དེ་རེད།

ཡང་གོང་གིས་དུས་ཚིགས་དེའི་ནང་ནུབ་ཨ་མི་རི་ཀ་ནས་ཡིན་པ་རྩི་ཤིང་རིག་པ་ལ་མངའ་རྙེད་པ་ཛྷོ་སེབ་ཕི་རང་སི་ཅར་ལི་སི་རོག་༡༨༨༤་་་༡༩༦༢དང་ཕ་རེན་སི་ནས་ཡིན་པའི་བོད་རིག་པ་ལ་མཁས་པ་ཛྷག་བྷེ་ཀོ་ཊི་༡༨༧༧་་་༡༩༦༥ཟེར་བ་གཉིས་ཀྱིས་ལྗང་ཡུལ་བོན་པོའི་སྐོར་ལ་ཉམས་ཞིབ་བྱས་ནས་དཔྱད་རྩོམ་དང་དེབ་སོགས་བྲིས་ནས་པར་སྐྲུན་བྱས་ཡོད་འདུག་ཀྱང་འདིར་བོད་ཀྱི་བོན་པོའི་ཆོས་ལུགས་དེ་བརྗོད་གཞི་གཙོ་བོ་ཡིན་པས་དེ་ཙམ་གྱི་འབྲེལ་བ་མེད།

དེས་ན་གོང་དུ་སྨྲས་པ་དེ་ཚོ་ནི་བོན་གྱི་བརྗོད་གཞི་ཆེ་གེ་མོ་རེའི་སྐོར་ལ་དམིགས་བཀར་གྱིས་ཉམས་ཞིབ་བྱས་པ་དང་ཆབས་ཅིག་རྩོམ་བྲིས་བྱས་པ་ཁོ་ན་མ་གཏོགས་བརྗོད་གཞི་གཞན་ཞིག་གི་སྐོར་ལ་ཉམས་ཞིབ་བྱས་པའི་འཕྲོས་བཤད་གྱི་ཚུལ་དུ་བོན་གྱི་སྐོར་ལ་ཟུར་ཙམ་རེ་གླེང་སློང་བྱས་པ་དེ་རིགས་ནི་བཀོད་མེད་ལ་བཀོད་ནའང་བཀོད་ཚོད་མེད་པ་ལྟ་བུ་ཞིག་ཏུ་ཟད་དེ། བོན་ནི་བོད་ཀྱི་རིག་གཞུང་གི་ཕྱི་མོ་ལྟ་བུ་ཞིག་ཡིན་པས་བོད་གླེང་ན་བོན་ཡང་ཞོར་དུ་མ་གླེང་རང་གླེང་དུ་གྱུར་བའི་གནས་སྐབས་ནི་མང་བར་སེམས། འོན་ཀྱང་གོང་གི་དུས་ཚིགས་དེའི་ནང་རྒྱ་གར་དབྱིན་གཞུང་གི་ཆེ་མཐོའི་གཞུང་ཞབས་པ་སར་ཅར་ལི་སི་བྷེལ་༡༨༧༠་་་༡༩༥༦དང་དབྱིན་ཇིའི་དམག་དཔོན་ལོའོ་རེན་ཨོ་སི་ཊིན་ཝ་ཌེལ་༡༨༥༤་་་༡༩༣༨ལ་སོགས་པ་འགའ་ཞིག་གིས་བོད་ཀྱི་ཆོས་ལུགས་སྐོར་བརྗོད་གཞིར་བཟུང་ནས་བྲིས་པའི་དེབ་དེ་ཚོའི་ནང་བོན་གྱི་སྐོར་ལའང་རྩོམ་པ་པོ་སོ་སོའི་བལྟ་སྟངས་དང་མཐོང་ཚུལ་མཚོན་པའི་སྤྱི་བཤད་ཁོག་འབུབས་བྱས་པ་ཡང་འགའ་རེ་བྱུང་འདུག་པ་དེ་ཚོའི་སྐོར་ཟུར་ཙམ་འོག་ཏུ་བརྗོད་རྒྱུ་ཡིན༌།།

༢།༢ ཡོ་ཧན་ཝན་མེ་ནོན་གྱི་བོན་པོའི་ལྷ་སྐུ།
ད་ནི་ཡོ་ཧན་ཝོན་མེ་ནོན་གྱི་དཔྱད་རྩོམ་དེའི་སྐོར་ཅུང་ཟད་ཞིབ་རྒྱས་ཞིག་བཤད་རྒྱུ་ཡིན༌། དེ་ཡང་ཁོས་རྩོམ་གྱི་ནང་དོན་རིལ་པོ་དུམ་བུ་གསུམ་དུ་ཕྱེས་འོས་པ་ལྟ་བུ་ཞིག་རེད་འདུག དུམ་བུ་དང་པོ་དེ་ནི་དེ་སྔ་ཕན་ཆད་སྤྱིར་བོན་དང་སྒོས་སུ་བོན་གྱི་ལྷ་ཚོགས་ཀྱི་སྐོར་ལ་བྲིས་རྩོམ་དང་སྒྱུར་རྩོམ་ཇི་ཙམ་པར་སྐྲུན་བྱས་པ་བྱུང་ཡོད་དེ་ཚོའི་སྐོར་དང༌། དུམ་བུ་གཉིས་པ་དེའི་ནང་ཁོ་རང་གི་རྡོ་རྗེ་གླིང་གི་གྷུམ་ཁྲོམ་ར་ནས་ང་བོན་པོ་ཡིན་ཟེར་བའི་མི་ཞིག་གི་ལག་ནས་ཉོས་པའི་ལྷ་སྐུ་དེའི་གཟུགས་དབྱིབས་དང་བཀོད་པ་བཅས་ཀྱི་སྐོར་དང༌། དུམ་བུ་གསུམ་པ་དེ་ནི་་ཁོས་ལྷ་སྐུ་དེའི་སྐོར་ལ་ཉམས་ཞིབ་བྱས་ཚུལ་དང་ཉམས་ཞིབ་ཀྱི་མཐའ་སྡོམ་བཅས་ཀྱི་་སྐོར་རེད་འདུག དེ་ཡང་འདིར་ངེས་པར་དུ་ཧ་གོ་དགོས་པའི་གནད་དོན་ཞིག་ནི༌། ཁོས་ལྷ་སྐུ་དེ་ལ་བོན་གྱི་ལྷ་སྐུ་ཞེས་མིང་བཏགས་འདུག་ཀྱང་དེ་མཐའ་གཅིག་ཏུ་བོན་གྱི་ལྷ་སྐུ་ཞིག་ཡིན་པའི་དངོས་ར་འཕྲོད་པའི་སྒོ་ནས་བཏགས་པ་ཞིག་ནི་ཡིན་ཚོད་མི་འདུག་པ་མ་ཟད། དེ་ལྟར་ཡིན་པའི་ཉམས་ཞིབ་ཀྱི་སྡོམ་ཚིག་རྡོ་རྗེ་རྒྱ་གྲམ་ལྟ་བུ་ཞིག་ཀྱང་ཁོས་རྒྱབ་མེད་པར་སྣང༌། དེས་ན་ལྷ་སྐུ་དེ་དངོས་འབྲེལ་ག་འདྲ་ཞིག་ཡིན་དེ་ནི་ཕལ་ཆེར་དུས་ད་ལྟའང་དཔྱད་གཞི་ཡིན་སྲིད།  དེར་མ་ཟད་ལྷ་སྐུ་དེ་གོང་དུ་བཤད་པའི་ཨི་སི་ལམ་ཨ་ཁུང་གི་དཔེ་ཆ་རྙིང་པ་དེ་ཚོ་དང་འདྲ་བ་ཞིག་ཀྱང་ཡིན་མི་སྲིད་པ་མ་རེད་ཅེས་པའི་ཐེ་ཚོམ་ཡང་འབྱུང་སྲིད་པ་ཞིག་རེད་སྙམས།

ལྷ་དེའི་མིང་ལ་གསང་བ་ཟེར་བ་དང༌། དེ་ནི་སྤྱིར་བཏང་གི་ཁྲོ་བོའི་ཆ་ཚུལ་དང་ལྡན་པ་ཞིག་ཏེ། ཞལ་གཅིག་ཕྱག་གཉིས་པ། སྐུ་ཁྲོ་ཚུལ་དུ་བཞེངས་ཤིང་ཞལ་ལ་ཁྲོ་རྔམས་ལྡན་པ། ཕྱག་གཡས་པ་ལ་རྡོ་རྗེ་དང་གཡོན་པ་ལ་བྱ་ཁྱུང་ཐོག་པ། དབུ་སྐྲ་དམར་པོ་གྱེན་དུ་མཛེས་ཤིང་དབུ་ལ་ཐོད་ཕྲེང་གི་གཅོད་པཎ་བསྣམས་པ། སྐུ་ལ་སྦྲུལ་ཞག་དང་རྒྱན་གྱིས་བརྒྱན་པ་ཞིག་ཡོད་འདུག དེ་ཡང་ལྷ་སྐུ་དེ་པད་མ་དང་དྲེགས་པ་ཕོ་མོའི་གདན་གྱི་སྟེང་དུ་སྐུ་བཞེངས་པའི་ཚུལ་བཞེས་པ་ཞིག་རེད་ཟེར་ན་མི་འགྲིགས་པ་མེད་པ་ལྟ་བུ་ཞིག་ཏུ་སྣང་ཡང༌། ཅུང་ཟད་ཞིབ་ཚགས་ཀྱི་སྒོ་ནས་བཤད་ན་པད་གདན་གྱི་སྟེང་གི་དྲེགས་པ་ཕོ་མོ་གཉིས་སྤྱིར་བཏང་གི་དྲེགས་པ་ཕོ་མོ་དང་མི་འདྲ་བའི་ཅུང་ཟད་དམིགས་བསལ་ཅན་ཞིག་ཡོད་འདུག་པ་དེས་ཡོ་ཧན་ཝན་མེ་ནོན་ལ་དམིགས་བསལ་གྱི་དོ་སྣང་སླེབས་པ་ཡིན་འདུག དེ་ཡང་པད་གདན་གྱི་ཟུར་གཡས་གཡོན་གཉིས་ནས་སོ་སོའི་རྐང་པ་གཉིས་པད་གདན་གྱི་དབུས་ཕྱོགས་སུ་བསྟེན་ཅིང་ལག་པ་གཉིས་ཀྱིས་རང་རང་གི་བྲང་ཁོག་གི་སྟེང་དུ་ཐད་འཛུགས་སུ་ཡོད་པའི་ལྷ་སྐུ་དེའི་ཞབས་རེ་རེ་ནས་བཏེགས་པའི་ཚུལ་གྱིས་གན་རྒྱལ་དུ་ཉལ་བའི་སྟངས་སྟབས་སུ་ཡོད་པའི་དྲེགས་པ་ཕོ་མོ་དང་འདྲ་བའི་་མིའི་འདྲ་གཟུགས་དེ་གཉིས་ཕྱོགས་གང་ནས་བལྟས་ཀྱང་གཅིག་པ་གཅིག་རྐྱང་དུ་སྣང་བས་ཕོ་མོའི་དབྱེ་བ་འབྱེད་དཀའ་བ་མ་ཟད། དེ་གཉིས་ཀྱི་མགོའི་སྐྲ་ལྕོག་ཀྱྀ་བཟོ་དབྱིབས་དེ་དག་ཀྱང་ཞིབ་ཏུ་བལྟས་ན་དེ་བཞིན་གཤེགས་པའི་དབུའི་གཙུག་གཏོར་དང་ཅུང་ཟད་འདྲ་བ་རེ་ཡོད་འདུག དེས་ན་དེ་འདྲ་བའི་སྐུ་འདྲ་ནི་ཁོས་དེ་སྔ་མཐོང་མྱོང་མེད་པ་མ་ཟད་དེའི་སྐབས་སྤྱོད་ཡུལ་དུ་ཡོད་པའི་བོད་རིག་པའི་ཉམས་ཞིག་གི་དཔྱད་རྩོམ་ཡིག་ཆ་སོགས་ཁོ་རང་གི་མཐོང་མྱོང་ཡོད་པ་ཚང་མའི་ནང་སྐུ་འདྲ་དེའི་ལྷ་་ངོ་འཛིན་བྱ་རྒྱུར་སྨན་པའི་ལོ་རྒྱུས་སོགས་གང་ཡང་མ་མཐོང་སྟབས། སྐུ་འདྲ་དེ་ནི་ཁོ་ལ་དོ་སྣང་བླ་ལྷག་ཏུ་སྐྱེ་རྒྱུའི་གཞི་འགངས་ཅན་ཞིག་ཏུ་གྱུར་བར་སྣང༌། ཁོས་འདྲི་རྩད་ཀྱིས་ཞིབ་འཇུག་བྱས་སྐབས་་འགའ་རེས་ཕྱག་རྡོར་ཡིན་པ་འདྲ་ཟེར་བ་དང༌། འགའ་རེས་རྟ་མགྲིན་རེད་ཟེར་བ་དང༌། ཡང་འགའ་རེས་ལྷ་ཁྱབ་འཇུག་དང་དབང་ཕྱུག་གཉིས་ཀྱིས་རྟ་མགྲིན་གྱི་ཞབས་ནས་བཏེགས་ཞེས་བཤད་སྲོལ་ཡོད་རེད་ཟེར་བ་སོགས་བྱུང་ཡོད་འདུག་ཀྱང་སྐད་ཆ་དེ་ཚོ་ལ་རྟེན་ནས་ཁོ་་རང་གི་བློ་ཁ་ཚིམས་པ་ཞིག་བྱུང་ཡོད་ཚོད་མི་འདུག གང་ཡིན་ཟེར་ན་ཁོས་གནད་དོན་འདིའི་སྐོར་ཆེ་དོ་སྣང་བྱེད་འོས་པའི་ཞིབ་དཔྱོད་ཀྱི་སྐད་ཆ་འགའ་ཞིག་ངའི་གྲོགས་པོ་བླ་མ་པདྨ་ཅན་དར་ཟེར་བ་ཞིག་ཡོད་པ་དེས་ཁ་་ནས་གོ་བྱུང་ཟེར། དེས་ན་ཁོས་བླ་མ་པདྨ་ཅན་དར་གྱིས་གང་བཤད་པ་དེ་ལ་ཆ་འཇོག་ཤུགས་ཆེ་བྱས་ཡོད་པ་མངོན་གསལ་དེ་ལྟར་ཡང༌། ཁོས་སླར་ཡང་ལྷ་སྐུ་བཙོངས་མཁན་གྱི་མི་བོན་པོ་ཡིན་ཟེར་བ་དེ་ལ་སླར་ཡང་འབྲེལ་བ་བྱས་ནས་འདྲི་རྩད་བྱས་པའི་ལན་གང་བྱུང་པ་དེ་ཡང་བཀོད་འདུག བླ་མ་པདྨ་ཅན་དར་ལྟར་ན་ལྷ་སྐུ་དེ་བོན་ལྷ་དབང་དྲག་འབར་བ་ཟེར་བ་དེའི་སྐུ་འདྲ་ཡིན་པ་དང་ལྷ་དེའི་སྤྱན་འདྲེན་གྱི་ཚིག་བཤད་ལའང༌།

པད་འབྱུང་ཤཱཀ་ཐུབ་བསྣོལ་བའི་ཁྲི་སྟེང་ནས། བོན་ལྷ་དབང་དྲག་འབར་བ་གཤེགས་སུ་གསོལ།

ཞེས་འདོན་སྲོལ་ཡོད་རེད་ཅེས་བཤད་ཡོད་འདུག ཡང་ཁོ་རང་ལ་སྐུ་འདྲ་བཙོངས་མཁན་བོན་པོ་ཡིན་ཟེར་བ་དེས།

གསང་བ་ཟེར་བ་དེ། སྟོན་པ་གཤེན་རབ་དྲག་པོ་ལ་སྤྲུལ་པ་བཞེས་ནས་རྟ་ཕྱག་ཁྱུང་གསུམ་ཡང་ཟེར་བ་རེད། རྐང་པའི་འོག་ལ་གནན་པ་དེ་བདུད་ནག་པོ་ཕོ་མོ་གཉིས་རེད། བདུད་ནག་ཕོ་མོ་ཟེར་བ་དེ། ང་སྟོན་པ་གཤེན་རབ་ཡིན་ཟེར་ནས། བདུད་ནག་ཕ་མོ་གཉིས་ཀྱིས་སྟོན་པ་གཤེན་རབ་ཀྱི་ཆོས་སྣུབ་པ་རེད། དེ་ནི་ཁོང་དྲག་པོ་གསུམ་ལ་སྐད་ཅིག་ལ་སྤྲུལ་ནས། བདུད་དེ་གཉིས་རྐང་པའི་འོག་ལ་བརྫིས་པ་རེད། རུ་ཏྲ་ཐར་པ་ནག་པོ་ཡང་ལབ་པ་རེད།

ཅེས་བཤད་ཡོད་འདུག དེས་ན་གོང་གི་ལུང་དུམ་བུ་གཉིས་པོ་དེ་ལ་རྟེན་ནས་ལྷ་སྐུ་དེ་ལ། བོན་གྱི་སྐུ་འདྲ་ཞིག ཅེས་ཡོ་ཧན་ཝན་མེ་ནོན་ཁོ་རང་གི་དཔྱད་རྩོམ་འདིའི་མགོ་བརྗོད་ཀྱི་མིང་དུ་བཏགས་པ་ཡིན་འདུག་པ་ནི་ཕལ་ཆེར་མངོན་གསལ་ལྟ་བུར་སྣང་ཡང༌། གོང་གསལ་ལུང་དེ་གཉིས་ཀྱི་ཁུངས་ལུང་དང་དག་མ་དག་སོགས་ག་འདྲ་ཡིན་མིན་ནི་བོན་གྱི་སྐོར་ལ་ཆེད་གཉེར་གྱི་མཁས་པ་ཁོ་ནའི་སྤྱོད་ཡུལ་དུ་ཟད།།

༢།༣ སྐབས་དེའི་ཉམས་ཞིབ་པ་ཚོས་བོན་གྱི་སྐོར་ལ་བལྟ་སྣང་མཐོང་ཚུལ།
ད་ནི་སྐབས་དེར་ཉམས་ཞིབ་པ་ཚོས་བོན་གྱི་ཆོས་ལུགས་སྐོར་བལྟ་སྣང་མཐོང་ཚུལ་ཅི་འདྲ་ཞིག་ཡོད་དེའི་སྐོར་སྤྱི་བཤད་རགས་ཙམ་ཞིག་བརྗོད་རྒྱུ་ཡིན། དེ་ཡང་སྐབས་དེ་དུས་བོན་རིག་པའི་ཉམས་ཞིབ་ཀྱི་བྱུང་རིམ་ལ་ཆ་བཞག་ན་བྱི་བའི་གནས་སྐབས་ལྟ་བུ་ཞིག་ཡིན་པས་དེང་སང་ནང་བཞིན་ས་ཁྱབ་རྡོ་ཁྱབ་ནི་མེད་པ་མ་ཟད། ཉམས་ཞིབ་པོ་སོ་སོས་བོན་གྱི་གནད་ཡོད་མི་སྣ་དང་དགོན་སྡེ་སོགས་མཐོང་གོམ་མྱོང་གསུམ་གྱི་སྒོ་ནས་བོད་ཀྱི་བོན་པོ་ཚོའི་ཉིན་ཞག་ཕྲུག་གཅིག་གི་ནང་བྱེད་བཞིན་པའི་ཐོས་བསམ་སྒོམ་གསུམ་སོགས་ཆོས་སྤྱོད་ཀྱི་བྱ་བའི་སྐོར་ཇི་མ་ཇི་བཞིན་ཤེས་མཁན་ཡང་དེ་ཙམ་གྱི་མང་པོ་མེད་པར་སྣང༌། འོན་ཀྱང་བོན་གྱི་ཆོས་ལུགས་དེ་ལོ་རྒྱུས་བྱུང་རིམ་གྱི་སྒོ་ནས་སྔ་ཕྱི་རིམ་པ་གཉིས་སུ་ཕྱེས་ནས་དེ་གཉིས་ལ་བལྟ་སྟངས་ཡང་ཅུང་ཟད་མི་འདྲ་བའི་སྒོ་ནས་ཞིབ་འཇུག་བྱ་དགོས་པ་ཞིག་རེད་སྙམས་པའི་བསམ་ཚུལ་དེ་འདྲ་ཞིག་ནི་སྐབས་དེ་དུས་ཀྱི་ཉམས་ཞིབ་པ་ཚང་མར་མ་བགྲོས་བསམ་པ་གཅིག་མཐུན་དུ་ཡོད་འདུག ལོ་རྒྱུས་བྱུང་རིམ་གྱི་རིམ་པ་སྔ་མ་དེ་ནི་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པ་སྔ་དར་དང་དེའི་སྔོན་གྱི་དུས་རིམ་ནང་དར་ཁྱབ་བྱུང་ཡོད་པའི་བོན་གྱི་ཆོས་ལུགས་དེ་དང༌། དུས་རིམ་ཕྱི་མ་ནི་བསྟན་པ་ཕྱི་དར་འགོ་ཚུགས་པ་ནས་དེ་སྔ་བར་གྱི་དུས་རིམ་དེའི་ནང་དར་ཁྱབ་ཡོད་བཞིན་བའི་བོན་གྱི་ཆོས་ལུགས་དེ་ལ་གོ་དགོས། དེ་ཡང་དུས་རིམ་གཉིས་པའི་བོན་གྱི་ཆོས་ལུགས་དེ་ནི་སོ་སོའི་མིག་མཐོང་ལག་ཟིན་དུ་ཡོད་པ་ཞིག་ཡིན་པས། དེའི་ངོ་བོ་ངེས་ཚིག་སོགས་འགྲེལ་ཚུལ་འདྲ་མིན་དུས་ད་ལྟའང་བྱུང་དང་བྱུང་བཞིན་པ་ལྟར་དེ་དུས་ཀྱང་ལོས་ཡོད། དེ་མིན་དམིགས་བསལ་གྱི་འདིའི་ཐད་ནང་ཁུལ་དགོངས་པ་མི་མཐུན་པ་ཆེ་ཆེར་མེད་པ་མ་ཟད་དོ་སྣང་ཡང་དེ་ཙམ་བྱུང་ཨེ་ཡོད་སྙམས། ཉམས་ཞིབ་ཕལ་མོ་ཆེས་འདྲི་སེམས་དང་བཅས་དོ་སྣང་བྱེད་ས་གཙོ་བོ་ནི་དུས་རིམ་སྔ་མའི་སྐབས་སུ་དར་ཁྱབ་བྱུང་ཡོད་པའི་བོན་གྱི་ཆོས་ལུགས་དེ་ཡིན་པ་མ་ཟད་བོན་ཅེས་པ་དེ་ཅི་འདྲ་ཞིག་ཡིན་དེ་ཡི་ཚད་འཛིན་ཀྱང་དེར་བལྟས་ནས་བྱས་ཡོད་པར་སྣང༌། དེས་ན་དེའི་སྐབས་ཀྱི་ཉམས་ཞིབ་པ་ཕལ་མོ་ཆེས་ཁ་གཅིག་གྲགས་ཀྱིས། བོན་ཅེས་པ་དེ་ཅི་འདྲ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་དམ་ཟེར་ན༌། དེ་ནི་ཤ་མན་རིང་ལུགས་ཀྱི་ཆོས་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་པ་དང༌། དེ་ནི་དུས་ད་ལྟ་ཡང་འབྲེལ་ཡོད་ཉམས་ཞིབ་པ་ཚང་མར་བསམ་བློ་གཏོང་གཞི་གལ་ཆེན་ཞིག་ཡིན་པ་མ་ཟད། དེའི་ནང་དོན་ཡང་རིགས་པའི་འབུང་བཟོད་པ་ཞིག་ཡིན་པའི་ཆ་འཇོག་བྱེད་ནའང་འགྲིགས་པའི་ཆ་མང་བར་སེམས། ཤ་མན་གྱི་རིང་ལུགས་དེ་ནི་རྒྱ་ཆེ་ལ་གཏིང་ཟབ་པ་ལོ་རྒྱུས་ཀྱི་བྱུང་རིམ་ནང་ཕུག་ཐག་རིང་བ་ཞིག་ཡིན། འདིའི་ལྟ་སྤྱོད་ཉམས་ལེན་དང་ལོ་རྒྱུས་ཀྱི་བྱུང་རིམ་སོགས་རྒྱས་པར་ཤེས་འདོད་ན་རོ་མེན་ནི་ཡ་ནས་ཡིན་པ་ཆོས་ལུགས་དང་ཆོས་ལུགས་བྱུང་རིམ་ཀྱི་ལོརྒྱུས་ལ་མཁས་པ་མིར་ཤེ་ཡ་ཨེ་ལི་འ་ཌེས་༡༩༥༡ལོར་ཕ་རན་སིའི་སྐད་ནང་བྲིས་པའི་༼བདེ་ཆེན་གྱི་གདོད་མའི་འཕྲུལ་འཁོར་ཤ་མན་རིང་ལུགས་༽ཞེས་པའི་དེབ་དེའམ་ཡང་ན་དེ་དང་བརྗོད་བྱ་གཅིག་པ་ཡིན་པའི་དེབ་དེ་ཚོའི་ནང་བལྟ་དགོས། སྤྱིར་ཤ་མན་ཞེས་པའི་ཚིག་འདིའི་ཐོག་མའི་བྱུང་ཁུངས་ནི་མེ་ཌི་ཊེ་རེ་ནིའན་རྒྱ་མཚོའི་བྱང་ཤར་དུ་ཡོད་པའི་ཏུར་ཀིའི་ཡུལ་གྱི་སྐད་ཡིན་པར་བཤད་ཀྱང་ཆིག་འདི་དབུས་ཨེ་ཤི་ཡའི་ཡུལ་ལུང་དང་མི་རིགས་མང་པོའི་ཁྲོད་ལ་རླུང་ལྟར་གྲགས་པ་ཞིག་ཡིན་པར་སྣང༌། ཤ་མན་ནི་གདན་ཐོབ་བམ་ཆེད་ལས་ཀྱི་སྤྱི་མིང་ཞིག་ཡིན་པ་ལས་གང་ཟག་ཆེ་གེ་མོ་གཅིག་གི་བཏགས་མིང་ནི་མ་ཡིན། དེ་ལྟ་བུའི་ཆེད་ལས་ནི་གང་ཟག་ཚུར་མཐོང་གི་ཤའི་མིག་ལ་ལྟོས་ཏེ་སྣང་སྲིད་ཀྱི་འཇིག་རྟེན་དང་སྣང་སྲིད་ལས་འདས་པའི་འཇིག་རྟེན་ཏེ། འཇིག་རྟེན་འདི་གཉིས་ཀྱི་བར་ལ་རྫུ་འཕྲུལ་ལམ་ཏིང་ངེ་འཛིན་ཕྲ་རགས་གྱི་སྟོབས་ལ་རྟེན་ནས་བང་ཆེན་ནམ་ཕོ་ཉ་ཡང་ན་གཉེན་དཔོན་གྱི་ཚུལ་དུ་སེམས་ཅན་ཀྱི་དོན་བྱེད་རྒྱུའི་ནུས་པ་ཡོད་པ་གཅིག་ལ་ཟེར། དེས་ན་བོན་ལྷོ་གཏེར་ཐེག་དགུའི་ནང་ནས་རྒྱུ་ཐེག་བཞིའི་ལག་ལེན་རྣམས་འདིར་ངེས་པར་དུའང་སྦྱར་ཆོག་པ་མ་ཟད། ཨོ་སི་ཊི་རི་ལི་ཡ་ནས་ཡིན་པའི་བོད་རིག་པའི་ཉམས་ཞིབ་པ་འགྲོ་བ་མིའི་རྣམ་གཞག་རིག་པ་ལ་མཁས་པ་སའི་མུལ་ཛྷེབ་རིས་༡༩༩༣ལོར་དབྱིན་སྐད་ནང་བྲིས་པའི་༼ལེགས་སྦྱང་ཅན་གྱི་ཤ་མན་༽ཞེས་པའི་དེབ་དེའི་ནང་དོན་ལྟར་ན་འབྲས་ཐེག་ཀྱི་ལག་ལེན་དེ་ཚོ་ཡང་འདིར་སྦྱར་ཆོག་པར་སྣང༌། དེས་ན་བོན་ནི་ཤ་མན་རིང་ལུགས་ཀྱི་ཆོས་ཞིག་རེད་ཟེར་བ་དེ་ལའང་བསམ་བློ་གཏོང་གཞི་ཞིག་ངེས་པར་དུའང་ཡོད་པར་སེམས། འོན་ཀྱང་འདིར་ངེས་པར་དུའང་གསལ་ཁ་འདོན་དགོས་པའི་གནད་དོན་ཞིག་ནི། ཤ་མན་གྱི་རིང་ལུགས་ཞེས་པ་འདི་ནི་སྟོན་པ་ཆེ་གེ་མོ་གཅིག་ལ་ཁུངས་གཏུག་དགོས་པའི་སྒྲིགས་འཛུགས་ཅན་གྱི་ཆོས་ལུགས་ཤིག་མ་ཡིན་པར་ཡུལ་ལུང་སོ་སོའི་ཡུལ་མིའི་སྤྱི་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་དགོས་མཁོ་ལ་གཞིགས་པས་ཤ་མོང་སྤང་རྡོལ་དུ་བྱུང་བ་དེ་འདྲ་ཡིན་པ་དང༌། དེ་ལྟ་བུའི་སྤྱི་ཚོགས་ཀྱི་འཚོ་བའི་དགོས་མཁོ་དེ་ཡང་ལྟོ་གོས་གཏམ་གསུམ་ཁོ་ནར་འབྲེལ་བ་མ་ཡིན་པར། འབྱུང་འཁྲུགས་ནད་ཀྱིས་ལུས་སེམས་མནར་བ་ལས་བྱུང་བའི་སྡུག་བསྔལ་དང་འཇིགས་སྐྲག་དེ་ལས་ཐར་ཐབས་ཡིད་ཆེས་དང་དད་པ་ལ་རྟེན་པའི་ཆོས་ཀྱི་ལག་ལེན་གོང་དུ་བཤད་པ་དེ་འདྲ་ཞིག་ལ་གོ་དགོས་པར་སྣང༌། དེས་ན་གོང་དུ་བཤད་པའི་བོན་ཞེས་པ་དེ་ཤ་མན་རིང་ལུགས་ཀྱི་ཆོས་ཤིག་རེད་ཟེར་བ་དེ་ཡང༌། སྟོན་པ་གཤེན་རབ་མི་བོ་ཆེ་ལ་ཁུངས་ཐུག་པའི་སྒྲིག་འཛུགས་ཅན་གྱི་ཆོས་ལུགས་དུས་དེང་སང་ཡང་འཛམ་གླིང་འདིར་ས་དར་རྡོ་དར་དུ་ཡོད་པ་དེ་ཧྲིལ་པོར་ཤ་མན་གྱི་ཆོས་རེད་ཟེར་བ་ལ་གོ་རྒྱུ་མིན་པར་སེམས། འདིའི་སྐོར་ད་དུང་ཟུར་ཙམ་ཞིག་འཇུག་སྡོམ་སྐབས་སུ་བརྗོད་རྒྱུ་ཡིན༌། ཡང་འགའ་ཞིག་གིས་བོན་ཞེས་པ་ནི་ཤ་མན་དང་དབང་ཕྱུག་པའི་ཆོས་ལུགས་ཏེ། ཆོས་ལུགས་འདི་གཉིས་ཕན་ཚུན་འདྲེས་པ་ཞིག་རེད་ཅེས་ཟེར་མཁན་ཡང་ཡོད་འདུག་པ་དེ་ཚོ་ནི་གོང་དུ་བཤད་པའི་ས་ར་ཏི་ཅན་ཌར་ཌ་སིའི་སྒྱུར་རྩོམ་དེའི་རྗེས་སུ་འབྲངས་པ་ལས་དམིགས་བསལ་བསམ་བློ་གཏོང་སའི་གཞི་ངེས་ཅན་ཞིག་ཨ་ཡོད་སྙམས།

ཡང་བོད་དང་འབྲས་ལྗོངས་སོགས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་རྒྱབ་མདུན་གཉིས་ཀར་སླེབས་མྱོང་ཡོད་པ་མ་ཟད་ཡུལ་ལུང་དེ་ཚོའི་སྣེ་ཡོད་མི་སྣ་མང་པོར་ཆོས་སྲིད་ཀྱི་འབྲེལ་བ་ཡོད་པ་སར་ཅར་ལི་སི་བྷེལ་གྱི་བསམ་ཚུལ་ལྟར་ན༌། དེ་ལྟ་བུའི་ལོ་རྒྱུས་བྱུང་རིམ་གྱི་ནང་ནས་རིམ་པ་སྔ་མའི་བོན་གྱི་ལྟ་སྤྱོད་ཉམས་ལེན་དང་དེའི་ལག་ལེན་གྱིས་རྣམ་འགྱུར་འགའ་ཞིག་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་ཧོར་གླིང་དང་ལྗང་གླིང་བཅས་ཀྱི་ནང་ལ་གསལ་བ་མ་ཟད། དེ་ལྟ་བུའི་གནའ་སྲོལ་བོན་གྱི་ལག་ལེན་སྒྲིག་འཛུགས་ཅན་གྱི་ཆོས་ལུགས་ཡེ་ཤུ་དང་ཁ་ཆེ་གཞན་ཡང་སངས་རྒྱས་ཆོས་ལུགས་སོགས་ཀྱི་ལྟ་སྤྱོད་ཀྱིས་ལྷད་རྩ་བ་ནས་མ་ཞུགས་པ་དེ་འདྲ་ཡང་འབྲས་ལྗོངས་ཁུལ་གྱི་ལེབ་ཆ་དང་ལིམ་བུ། ཡུ་ནན་ཁུལ་གྱི་ལོ་ལོ་དང་ལི་སུ་གཞན་ཡང་མོ་སོ་ལ་སོགས་པའི་མི་རིགས་དེ་ཚོའི་ཁྲོད་དུ་མཐོང་རྒྱུ་ཡོད་འདུག དེ་ཚོ་ནི་ཁོ་རང་གི་བལྟ་སྣང་མཐོང་ཚུལ་ཡིན་པས་གནད་དོན་དངོས་འབྲེལ་ཇི་ཡིན་ནི་ཆེད་གཉེར་མཁས་པའི་སྤྱོད་ཡུལ་ཁོ་ནར་ཟད་དོ། ཡང་ཁོ་རང་ལ་ཅུང་ཟད་ཡ་མཚན་ལ་དགོད་བྲོ་བའི་གནས་ཚུལ་ཞིག་ཀྱང་བྱུང་ཡོད་འདུག་པ་དེ་ནི། ཁོ་རང་བར་སྐབས་ཤིག་གྲོ་མོའི་ཡུལ་པུས་མོ་ལྒང་གི་བོན་པོའི་དགོན་པའི་ནང་དུ་གནས་མཇལ་ཞུ་སྐབས། དགོན་པའི་བླ་མ་དེས་ཡུམ་ཆེན་སྲིད་པ་རྒྱལ་མོའི་སྐུ་འདྲ་ཞིག་བསྟན་ནས།

འདི་ནི་རྒྱ་ནག་དང་ཞང་ཞུང་ལི་སོགས་འཛམ་བུ་གླིང་ལ་དབང་བྱེད་པའི་བོན་གྱི་ལྷ་མོ་ཡུམ་ཆེན་མ་ཟེར་བ་དེ་རེད། ཁྱེད་རང་ཚོའི་དབྱིན་ཇི་རྒྱལ་མོ་དམ་པ་དེ་ཡང་ལྷ་མོ་འདིའི་སྤྲུལ་པ་རེད།

ཅེས་དབྱིན་ཇི་རྒྱལ་མོ་ཡང་སྲིད་པའི་རྒྱལ་མོ་ངོ་བོ་དབྱེར་མེད་བྱེད་རྒྱུའི་གོ་སྐབས་འཁྱུག་ཙམ་ཞིག་ཀྱང་བྱུང་ཡོད་འདུག

དེས་ན་འདིར་འབྲེལ་ཡོད་ཉམས་ཞིབ་པ་ཚོས་བོན་གྱི་སྐོར་ལ་བལྟ་སྣང་མཐོང་ཚུལ་མདོར་ཙམ་ཞིག་བཤད་ཟིན་པ་དང་ཆབས་གཅིག་སྔ་རབས་བོན་རིག་པའི་ཉམས་ཞིབ་ཅེས་པའི་རྩོམ་ཐུང་འདི་འཇུག་བསྒྲིལ་རྒྱུ་ཡིན༌། སྤྱིར་བོན་རིག་པའི་ཉམས་ཞིབ་གཞི་རྒྱ་ཆེ་ལ་འཆར་གཞི་བཟང་བ་དེ་ཚོ་ནི། འདིར་སྔ་རབས་ཞེས་པའི་དུས་ཚིགས་འདི་རྫོགས་མཚམས་ནས་མུ་མཐུད་དེ་རབ་དང་རིམ་པ་བྱུང་ཡོད་པས། དེ་ཚོའི་སྐོར་རྒྱས་པ་ཤེས་འདོད་ན༌། ནོར་ཝེ་ནས་ཡིན་པ་བོད་རིག་པའི་ཉམས་ཞིབ་ལ་མཁས་པ་པེར་ཁུ་ཝར་ནེ་ཡིས་༢༠༠༠ལོར་བྲིས་པའི་༼འདས་མ་འོང་ད་ལྟ་དུས་གསུམ་གྱི་ནང་ནུབ་ཕྱོགས་ཡུལ་དུ་བོན་གྱི་སློབ་གཉེར་༽ཞེས་པའི་དཔྱད་རྩོམ་དེར་བལྟ་དགོས། སྤྱི་ལོ་༢༠༠༠གི་རྗེས་ལའང་བོན་རིག་པའི་ཉམས་ཞིབ་ནི་ཡར་རྒྱས་གོང་འཕེལ་དུ་འགྲོ་དང་འགྲོ་བཞིན་པ་མ་ཟད། འདས་པའི་ལོ་བཅུའི་ནང་བོན་རིག་པའི་ཉམས་ཞིབ་པའི་རྒྱལ་སྤྱིའི་ཚོགས་ཆེན་ཀྱང་ཐེངས་གཉིས་ཙམ་ཚོགས་ཡོད་འདུག་པ་དེ་ཚོ་ཡང་རིམ་པའི་བོན་རིག་པའི་ཉམས་ཞིབ་ཀྱི་ལོ་རྒྱུས་བྱུང་རིམ་ནང་འཁོད་ཐུབ་པ་བྱ་རྒྱུ་ནི་གལ་ཆེ་བར་སེམས།།

༣ མཇུག་གི་སྡོམ།
ད་ནི་གོང་ངུ་གང་བྲིས་པ་དེ་དག་གི་མཐའསྡོམ་ཚིག་གསུམ་བྲིས་རྒྱུའི་མཚམས་སུ་སླེབས་ཡོད་པ་ལས་གཞན་གང་ཡང་ལྷག་མེད་པ་ལྟ་བུ་ཞིག་རེད་འདུག། འོན་ཀྱང་གོང་གི་བརྗོད་གཞི་དེའི་ཐད་ཉམས་ཞིབ་མཐིལ་ཕྱིན་ལ་ཚད་ལོན་པ་ཞིག་བྱུང་ཡོད་ན་མཐའ་སྡོམ་ཚིག་གསུམ་དེ་ཡང་རྙིང་ལ་བཅང་འོས་པ་ཞིག་ཡོང་རྒྱུ་ནི་སྨྲོས་མེད་དེ་ལྟར་ཡང༌། འདིར་ཉམས་ཞིབ་ཁ་ཆག་སྣ་རལ་གཅིག་ལས་བྱུང་མ་སོང་བས་ཐ་མའི་སྡོམ་ཚིག་དེ་ཡང་མགོ་ལས་རྨ་ཆེ་ཙམ་ཞིག་ཡོང་རྒྱུ་ནི་བཤད་ཅི་དགོས། རྩ་བའི་འདི་ལྟར་བོད་སྐད་ནང་བྲིས་རྒྱུའི་དགོས་པ་དགོས་ཆེད་ནི་རང་རིགས་བོན་རིག་པ་ལ་དགའ་བ། ཕྱི་རྒྱལ་གྱི་སྐད་ཡིག་འབྲི་ཀློག་མི་འཕེར་བ། འཕེར་ཀྱང་ཀློག་མི་འདོད་པ་ཚོ་ལ་ཕན་སེམས་བཅངས་པའི་ཁུལ་ཡིན་ཡང༌། འདིར་ཚིག་སྦྱོར་དང་སྒྲ་སྦྱོར་སྡེབ་སྦྱོར་སོགས་གང་ཅིའི་ཆ་ནས་ལྷུགས་རྩོམ་ར་མ་རྐང་ཆག་ལྟ་བུ་ཞིག་ལས་བྱུང་མ་སོང་ཡང་ར་མ་འདི་ནས་འོ་མ་ཐིག་པ་གཅིག་གཉིས་འདྲ་འབབ་རྒྱུ་ཡོད་པའི་རེ་བ་བྱ་རྒྱུ་ཡིན།

ཨི་ཊ་ལི་ནས་ཡིན་པའི་བོད་རིག་པའི་ཉམས་ཞིབ་ལ་མཁས་པ་གྱུ་སེ་བེ་ཊུ་ཅི་༡༨༩༤་་་༡༩༨༤ཡིས་༡༩༧༠ལོར་བྲིས་པའི་༼བོད་ཀྱི་ཆོས་ལུགས་༽ཞེས་པའི་ནང༌། བོན་ནི་སྤྱི་མིང་ཞིག་ཡིན༌། ཞེས་ནན་ཏན་གྱིས་བཤད་འདུག་པ་དེ་ལ་བསམ་བློ་གཏོང་གཞི་གཏིང་ཟབ་གཅིག་ཡོད་པར་སྣང༌། སྟོན་པ་གཤེན་རབ་མི་བོ་ཆེ་ནས་བྱུང་བའི་སྒྲིག་འཛུགས་ཅན་གྱི་ཆོས་ལུགས་དེ་ལ་བོན་ནམ་གཡུང་དྲུང་བོན་ཞེས་མིང་ཐོགས་ཡོད་པ་དེ་ནི་རྩོད་མེད་ཡིན་པ་སྨྲོས་ཅི་དགོས། འོན་ཀྱང་བོན་ཞེས་པའི་ཐ་སྙད་འདི་ལ་བོད་ཀྱི་སྤྱི་ཚོགས་འཕེལ་རིམ་གྱི་ནང་ལ་དེ་ལས་ལྷག་པའི་བེད་སྤྱོད་དང་འགྲོ་དོན་ཡོད་འདུག་ཀྱང་དེ་དག་རིམ་པ་བཞིན་གཅིག་རྗེས་གཉིས་མཐུད་དུ་རྩ་འགག་ཏུ་སོང་ནས་ད་ཆ་ཡོངས་གྲགས་སུ་ཆོས་ལུགས་གཅིག་གི་མིང་ཁོ་ན་ལས་བེད་སྤྱོད་གཞན་མེད་པ་ལྟ་བུར་གྱུར་འདུག་པ་འདི་ལ་རྒྱུ་མཚན་ཞིག་ངེས་པར་དུ་ཡོད་དགོས་པར་སྣང༌། དེ་ཡང་གྱུ་སེ་བེ་ཊུ་ཅིས་ཡིག་ཆ་རྙིང་པ་འགའི་ནང་ནས་ཕྱོགས་བསྡས་བྱས་པའི་བོན་ཞེས་པའི་ཐ་སྙད་་འདིའི་མིང་མཐའ་ཅན་འགའ་ཞིག་ཟུར་འདོན་བྱས་འདུག་པ་དེ་ཚོ་ནི༌། སྙུག་བོན༌། སྨུག་བོན༌། རླད་བོན༌། སྨན་བོན༌། ཁྲི་བོན༌། གཉེར་བོན༌། འོ་བོན༌། འཚམས་བོན༌། དམུ་བོན༌། ཁྲུས་བོན༌། ཞུ་བོན༌། གཤེན་བོན༌། བཤིག་བོན༌། གྲངས་བོན༌། བསེ་བོན༌། མཇོལ་བོན༌། དུར་བོན༌། ཕངས་བོན༌། འཇོལ་བོན༌། སྣ་ཚོགས་པའི་བོན་པོ། གཡང་ལྡོན་པའི་བོན་པོ། དབུ་ཐག་འདོགས་པའི་བོན་པོ། ཞལ་སྲོད་པའི་བོན་པོ་བཅས་རེད། ཐ་སྙད་འདི་ཚོ་སོ་སོའི་ཆེད་དུ་བྱ་བའི་ནང་དོན་འདི་དང་འདི་བྱ་བའི་དོན་དུ་བེད་སྤྱོད་བཏང་གི་ཡོད་པ་རེད་ཅེས་མིག་མཐོང་ལག་ཟིན་གྱི་ཉམས་མྱོང་ཐོག་ནས་བཤད་རྒྱུ་ཡོད་མཁན་ནི་གོང་དུ་བཤད་པའི་བསྟན་པ་སྔ་དར་དུས་ཀྱི་མི་ཞིག་ད་ལྟའི་བར་གསོན་པོ་གནས་ཡོད་ན་ལས་གཞན་གང་དུ་ཡོད། ཚིག་ངོ་ལ་བལྟ་ནས་ཚོད་དཔག་གི་ཐོག་ནས་བཤད་ན། ཐ་སྙད་དེ་ཚོ་གདན་ཐོབ་བམ་ཆེད་ལས་ཀྱི་མིང་ཡིན་པ་དང༌། དེ་ལྟ་བུའི་ཆེད་ལས་དེ་ཚོ་ཡང་མཐའ་གཅིག་ཏུ་བོན་ལུགས་ཀྱི་ཆོས་ཕྱོགས་ཀྱི་བྱ་བ་དང་འབྲེལ་བ་ཡོད་དགོས་པ་དེ་འདྲ་ཡང་མིན་པར་སྣང་༌། ཡང་ཧང་གྷེ་རི་ནས་ཡིན་པའི་བོད་རིག་པའི་ཉམས་ཞིབ་ལ་མཁས་པ་གྷེ་ཟ་་ཨུ་རེ་༡༩༢༡་་་༡༩༩༡ཡིས་༡༩༦༤ལོར་བྲིས་པའི་༼བོད་སྐད་གྱི་གནའ་བོའི་བྱ་ཚིག་བོན་༽ཞེས་པའི་ནང༌། བོད་ཀྱི་ཡིག་ཆ་རྙིང་པ་ཁག་ནས་ལུང་དྲངས་པ་འགའ་ཞིག་འདུག་པ་འདི་ལྟར།

སྟག་བུའི་སྙན་དུ་བོན༌། ཕག་གི་ཡུང་བ་སྣ་མན་ཆད་རྐོང་བྲེ་སྣར་ཡན་ཆད་བཙན་པོ་ཕྱག་དུ་བོན་ཏོ། ཡབ་གནམ་རི་སློན་མཚན་དུག་བོན་ཏེ་བཀྲོངས་སོ།

ཞེས་པ་སོགས་འགའ་ཞིག་འདུག་པ་དེ་ཚོ་ནི་ཕལ་ཆེ་བ་གོང་དུ་བཤད་པའི་ཏུན་ཧོང་ནས་ལོན་པའི་ཡིག་ཆ་རྙིང་པ་དེ་ཚོ་ནས་ལུང་དྲངས་པ་རེད་འདུག་པས་བསྟན་པ་སྔ་དར་སྐབས་ཀྱི་བོད་མི་ཚོས་སྐད་ཆ་བཤད་སྟངས་མཚོན་ཐུབ༌། དེ་ཡང་བཤད་མ་ཐག་པའི་ལུང་འདྲེན་ཁག་གཉིས་པོ་དེ་དག་ལ་བལྟས་ན། བོན་ཞེས་པའི་ཐ་སྙད་དེ་སྤྱིར་བོན་ལུགས་ཀྱི་ཆོས་ཕྱོགས་ཀྱི་བྱ་བ་གསལ་བྱེད་ཀྱི་དོན་དུ་བེད་སྤྱོད་བཏང་གི་ཡོད་པ་སྨྲོས་མེད་ཁར། དེ་ལས་གཞན་པའི་ནང་དོན་མི་འདྲ་བ་གཉིས་ཏེ། ཆེད་ལས་དང་བྱེད་ལས་གསལ་བྱེད་ཀྱི་དོན་དུའང་བེད་སྤྱོད་བཏང་གི་ཡོད་པར་སྣང༌། དེ་ཡང་ཆེད་ལས་གསལ་བྱེད་ཀྱི་དོན་དུ་བེད་སྤྱོད་བཏང་བའི་སྐབས་སུའང་ལས་ཀའི་ངོ་བོ་དེ་བོན་ལུགས་ཀྱི་ཆོསསྤྱོད་ཀྱི་བྱ་བ་ཡིན་པའི་ཆ་ནས་བོན་ཞེས་བཏགས་པ་མ་ཡིན་པར། ལས་ཀ་དེའི་ཐོག་ལ་འཇོན་ཐང་གི་གནས་ཚད་ལོངས་པའི་ཆ་ནས་བཏགས་པ་སྟེ། སྨན་ལ་མཁས་པ་ལ་སྨན་བོན་ཞེས་པ་ལྟ་བུ་མིན་ནམ་སྙམས།  དེས་ན་དེའི་སྐབས་བོད་མིའི་རྒྱུན་སྤྱོད་ནང་བོན་ཞེས་པའི་ཐ་སྙད་འདི་རང་བཞིན་ལྷུན་གྲུབ་ཏུ་བེད་སྤྱོད་བཏང་བའི་དུས་ཞིག་བྱུང་ཡོད་པ་ནི་མངོན་པར་གསལ་བ་དེ་ལྟར་ཡང༌། དུས་རབས་བརྒྱད་པའི་ནང་བོན་གྱི་ཆོས་ལུགས་ལ་རྒྱལ་པོའི་བཀའ་ཆད་དྲག་པོ་བྱུང་བའི་རྐྱེན་གྱིས་འབངས་མི་སེར་རྣམས་ཉེས་པ་ལ་སྐྲག་ནས་བོན་ཞེས་པའི་ཐ་སྙད་ཀྱང་ཁ་ནས་བཏོན་མི་ཕོད་པའི་དུས་སྐབས་ཤིག་བྱུང་བ་དང་ཆབས་ཅིག་རྒྱུན་སྤྱོད་དུ་ཡོད་པའི་བོན་ཞེས་པའི་ཐ་སྙད་དེ་ཚོ་ཡང་རིམ་པ་བཞིན་དུ་གཏེང་བརྗེད་དུ་སོང་བ་མིན་ནམ་སྙམས། དེས་ན་བོན་ཞེས་པའི་ཐ་སྙད་ཀྱི་རྣམ་སྒྱུར་ཁོ་ན་ལ་བལྟ་ནས་བོན་ཀྱི་ཆོས་ལུགས་དེ་འདི་འདྲ་ཞིག་རེད་ཅེས་སྡོམ་ཚིག་རྒྱབ་མི་རུང་བ་ཞིག་རེད་སྙམས།།

མཇུག་བྱང་ཟུར་རྒྱན།
རྩོམ་འདིའི་ནང་ཕྱི་རྒྱལ་གྱི་ཡུལ་དང་མིའི་མིང་མང་པོ་ཞིག་བོད་ཡིག་ནང་སྒྲ་སྒྱུར་བྱས་ཡོད་པ་ལས་དོན་སྒྱུར་བྱས་ནས་ཕྱི་རྒྱལ་གྱི་མིང་དེ་ཚོ་བོད་ཡུལ་དང་བོད་མིའི་མིང་འདྲ་བོ་བཟོས་མེད། སྤྱིར་ཕྱི་རྒྱལ་གྱི་མིང་བོད་ཡིག་ནང་སྒྲ་སྒྱུར་བྱེད་སྟངས་ཀྱི་སྐོར་ལ་ལམ་ལུགས་སམ་ཐབས་ལམ་གཏན་འབེབ་བྱས་ཡོད་པ་འགའ་ཞིག་ཡོད་ཚོད་དེ་ལྟར་ཡང༌། འདིར་དེ་ཚོ་གང་གི་ཡང་རྗེས་སུ་མ་འབྲང་བར། རང་བཟོ་ཁོ་ན་བྱས་ཡོད། དེས་ན་འདིར་ཕྱི་རྒྱལ་གྱི་སྒྲ་མདངས་བོད་ཡིག་ནང་བྲིས་བཏུབ་པ་དཔེར་ན་ཛྷོན་དང་པི་ཊར་སོགས་ནི་ཀློག་དུས་སྒྲ་ཇི་མ་ཇི་བཞིན་ཐོན་ཐུབ་པས་དཀའ་ངལ་གང་ཡང་མེད་པར་སེམས། འོན་ཀྱང་ཕྱི་རྒྱལགྱི་སྒྱ་མདངས་ཇི་མ་ཇི་བཞིན་བོད་ཡིག་ནང་བྲིས་མི་བཏུབ་པ་དེ་ཚོ་ནི་གང་ཐུབ་ཐུབ་ཀྱིས་སྒྱ་མདངས་དེ་དང་ཉེ་བ་ཡོང་བའི་འབད་རྩོལ་བྱས་ཡོད། དཔེར་ན་ཨོ་གྷོ་སི་ཊི་དང་སར་ཅར་ལི་སི་ལྟ་བུའོ། འབད་རྩོལ་བྱས་ཡོད་མེད་ལ་མ་ལྟོས་པར་འདིའི་ཐད་ཀློག་པ་པོ་ཚོ་ལ་ཅུང་ཟད་ཀློག་མི་བདེ་བའི་མིང་འགའ་ཞིག་དང་ཡང་ཡང་འཕྲད་རྒྱུ་ཉག་གཅིག་ལ་སོང་དེ་ལ་བཟོད་གསོལ་ཞུ་རྒྱུ་དང་བཅས་རྩོམ་ཐུང་འདིའི་འཇུག་སྡོམ་ཡང་འདིར་རྫོགས་པ་ཡིན།། །།

འབྲེལ་ཡོད་དང་མ་ཁུངས་ཡིག་ཆ་  ཡིག་ཆ་འདི་ཚོ་དབྱིན་ཇི་སོགས་ཕྱི་རྒྱལ་གྱི་སྐད་ལ་ཡོད་པ་ལས་བོད་སྒྱུར་བྱས་ཡོད་པ་མ་མཐོང
ཀི་རི་སི་ཊོབ་བྷའུ་མར་གྱིས་༡༩༩༩ལོར་བྲིས་ཤིང་༢༠༠༠ལོར་མའི་ཀལ་ཁོན་གྱིས་དབྱིན་བསྒྱུར་བྱས་པ་༼གནའ་རབས་བོད་ཀྱི་ཆོས་ལུགས་བོན་༽ཐའི་ཡུལ་ཨོར་ཅི་ཌི་པར་ཁང་ན་གིས་པར་དུ་བསྐྲུན༌།
གྱུ་སེ་བེ་ཊུ་ཅིས་༡༩༧༠ལོར་བྲིས་པའི་༼བོད་ཀྱི་ཆོས་ལུགས་༽ཨ་རི་ཀ་ལི་ཕོར་ནིའི་མཐོ་སློབ་གིས་པར་དུ་བསྐྲུན།
གྷི་ཛ་ཨུ་རེས་༡༩༦༤ལོར་བྲིས་པའི་༼བོད་སྐད་ཀྱི་གནའ་བོའི་བྱ་ཚིག་བོན་༽ཧང་གྷེ་རི་ཨེག་ཊ་ཨོ་རིའན་ཊི་ཞེས་པའི་དུས་དེབ་པོད་༡༧པའི་ཨང་གསུམ་པ།
གྷེ་རལ་ཨེན་ཌར་སོན་གྱིས་ཕྱོགས་བསྡུས་བྱས་པའི་༼ཡེ་ཤུའི་ཆོས་སྤེལ་མཁན་གྱི་བཙུན་པ་ཁག་གི་རྣམ་ཐར་༽དྲྭ་རྒྱ།
སའི་མུལ་ཛྷེབ་རིས་༡༩༩༣ལོར་བྲིས་པའི་༼ལེགས་སྦྱང་ཅན་གྱི་ཤ་མན་༽དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་སི་མི་ཐི་སོ་ནིའན་ཚོགས་སྡེས་པར་དུ་བསྐྲུན།
ཌེན་མར་ཊིན་གྱིས་བྲིས་པའི་༼བོན་པོ་དཀར་ཆག་༽དྲྭ་རྒྱ།
པི་ཊར་རི་ཆར་ཌུ་སིས་༡༩༨༩ལོར་བྲིས་པའི་༼ཌ་ཆི་ནས་ཡིན་པ་ཤར་ཕྱོགས་རིག་པའི་ཉམས་ཞིབ་པ་ཡོ་ཧན་ཝན་མ་ནོན་གྱི་རྣམ་ཐར་དང་བྱས་རྗེས་༽ལེ་ཌེན་ཀ་རན་ཚོགས་པས་པར་དུ་བསྐྲུན།
པི་ཊར་ཧོབ་ཀི་རིག་གིས་༡༩༨༠ལོར་བྲིས་པའི་༼གྲུ་ཙིའི་གཞུང་ལམ་སྟེང་གི་བདུད་ཕྱི་རྒྱལ་བ་༽དབྱིན་ཇི་ཨོག་སི་ཕོར་ཌི་མཐོ་སློབ་པར་ཁང་གིས་པར་དུ་བསྐྲུན༌།
པེར་ཁུ་ཝེར་ནེས་༢༠༠༠ལོར་བྲིས་པའི་༼འདས་མ་འོངས་ད་ལྟ་དུས་གསུམ་གྱི་ཕྱི་རྒྱལ་ཡུལ་དུ་བོན་གྱི་སློབ་གཉེར་༽བོན་རིག་པའི་ཉམས་ཞིབ་སྐྱ་རེངས་གསར་པ་ཞེས་པའི་དཔྱད་རྩོམ་ཕྱོགས་བསྡུས་ཉི་ཧོང་རྒྱལ་ཡོངས་རིགས་རུས་རྣམ་གཞག་རིག་པའི་རྟེན་མཛོད་ཁང་གིས་པར་དུ་བསྐྲུན༌།
མིར་ཤེ་ཡ་ཨེ་ལི་འ་ཌེས་༡༩༥༡ལོར་བྲིས་པའི་༼བདེ་ཆེན་གྱི་གདོད་མའི་འཕྲུལ་འཁོར་ཤ་མན་རིང་ལུགས་༽ཨ་རི་པི་རིན་སི་ཊོན་མཐོ་སློབ་གིས་པར་དུ་བསྐྲུན།
ཝི་ཀི་པི་ཌི་འ་དྲྭ་རྒྱ།
ཡོ་ཧན་ཝན་མ་ནོན་གྱིས་༡༩༢༢ལོར་བྲིས་པའི་༼བོན་གྱི་ལྷ་སྐུ་ཞིག་གི་སྐོར་༽བྷང་གྷ་ལ་ཡི་རོ་ཡལ་ཨེ་ཤི་ཡ་ཊིག་ཚོགས་པའི་ཉམས་ཞིབ་དུས་དེབ་ཡང་བཅོ་བརྒྱད་པ། རྒྱ་གར་ཀ་ལི་ཀ་ཏ་ནས་རོ་ཡལ་ཨེ་ཤི་ཡ་ཏིག་ཚོགས་པས་པར་དུ་བསྐྲུན།
ལོ་ཕར་བྷར་ཐོལ་ཌིས་༡༨༨༩ལོར་བྲིས་པའི་༼ཀླུ་འབུམ་བསྡུས་པའི་སྙིང་པོ་༽ཕིན་ནོ་ཨུག་རིན་ནེ་ཚོགས་པས་པར་དུ་བསྐྲུན།
ལོའོ་རེན་ཨོ་སི་ཊིན་ཝ་ཌེལ་གྱིས་༡༨༩༥ལོར་བྲིས་པའི་༼བོད་ཀྱི་སངས་རྒྱས་ཆོས་ལུགས་སམ་བླ་མའི་རིང་ལུགས་༽དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཌབ་ལུ་ཨེ་ཆི་ཨ་ལེན་ཚོགས་པས་པར་དུ་བསྐྲུན།
སར་ཅར་ལི་སི་བྷེལ་གྱིས་༡༩༣༡ལོར་བྲིས་པའི་༼བོད་ཀྱི་ཆོས་ལུགས་༽དབྱིན་ཇི་ཨོཀ་སི་ཕོར་ཌི་མཐོ་སློབ་པར་ཁང་ནས་པར་དུ་བསྐྲུན།
ས་ར་ཏི་ཅན་ཌར་དྷ་སིས་༡༨༨༡ལོར་བྲིས་པའི་༼བོན་གྱི་ཉམས་ཞིབ་ལ་འཕྱར་གྲུ་མཉམ་འདེགས་༽བྷང་གྷ་ལ་ཡི་རོ་ཡལ་ཨེ་ཤི་ཡ་ཊིགཚོགས་པའི་ཉམས་ཞིབ་དུས་པོད་ཨང་བཞི་པ། ཨེ་ཤི་ཡ་ཊིག་ཚོགས་པས་པར་དུ་བསྐྲུན།
ཨོ་གྷོ་སི་ཊི་ཧར་མན་ཕེ་རང་ཀེས་༡༩༢༤ལོར་བྲིས་པའི་༼གཟེར་མིག་ཞེས་པ་བོན་གྱི་དཔེ་ཆ་ཞིག་༽ཨེ་ཤི་ཡ་མེ་ཛྷོར་ཉམས་ཞིབ་དུས་དེབ་ཨང་དང་པོ། ལེབ་ཇིག་རྒྱལ་ས་ནས་ཝེར་ལག་ཌེག་ཨ་ཤི་ཡ་སོགས་ཀྱིས་པར་དུ་བསྐྲུན།
ཨོ་གྷོ་སི་ཊི་ཧར་མན་ཕེ་རང་ཀེས་༡༩༦ལོར་བྲིས་པའི་༼གཟེར་མིག་ཞེས་པ་བོན་གྱི་དཔེ་ཆ་ཞིག་༽ཨེ་ཤི་ཡ་མེ་ཛྷོར་ཉམས་ཞིབ་དུས་དེབ་ཨང་གསུམ་པ། ལེབ་ཇིག་རྒྱལ་ས་ནས་ཝེར་ལག་ཌེག་ཨ་ཤི་ཡ་སོགས་ཀྱིས་པར་དུ་བསྐྲུན།
ཨོ་གྷོ་སི་ཊི་ཧར་མན་ཕེ་རང་ཀེས་༡༩༢༧ལོར་བྲིས་པའི་༼གཟེར་མིག་ཞེས་པ་བོན་གྱི་དཔེ་ཆ་ཞིག་༽ཨེ་ཤི་ཡ་མེ་ཛྷོར་ཉམས་ཞིབ་དུས་དེབ་ཨང་བཞི་པ། ལེབ་ཇིག་རྒྱལ་ས་ནས་ཝེར་ལག་ཌེག་ཨ་ཤི་ཡ་སོགས་ཀྱིས་པར་དུ་བསྐྲུན།
ཨོ་གྷོ་སི་ཊི་ཧར་མན་ཕེ་རང་ཀེས་༡༩༣༠ལོར་བྲིས་པའི་༼གཟེར་མིག་ཞེས་པ་བོན་གྱི་དཔེ་ཆ་ཞིག་༽ཨེ་ཤི་ཡ་མེ་ཛྷོར་ཉམས་ཞིབ་དུས་དེབ་ཨང་ལྔ་པ། ལེབ་ཇིག་རྒྱལ་ས་ནས་ཝེར་ལག་ཌེག་ཨ་ཤི་ཡ་སོགས་ཀྱིས་པར་དུ་བསྐྲུན།
ཨོ་གྷོ་སི་ཊི་ཧར་མན་ཕེ་རང་ཀེས་༡༩༣༠ལོར་བྲིས་པའི་༼གཟེར་མིག་ཞེས་པ་བོན་གྱི་དཔེ་ཆ་ཞིག་༽ཨེ་ཤི་ཡ་མེ་ཛྷོར་ཉམས་ཞིབ་དུས་དེབ་ཨང་དྲུག་པ། ལེབ་ཇིག་རྒྱལ་ས་ནས་ཝེར་ལག་ཌེག་ཨ་ཤི་ཡ་སོགས་ཀྱིས་པར་དུ་བསྐྲུན།

རྩོམ་ཡིག་འདི་གཡུང་དྲུང་བོན་དྲ་བའི་རྩོམ་སྒྲིག་པས་ཆོག་མཆན་མེད་པར་གང་བྱུང་བཤུས་གནང་མི་མཛད་པར་ཐུགས་རྗེས་གཟིགས་ཞུ།