ཐར་ལམ་གྱི་རིམ་པ་གསལ་བར་བྱེད་པའི་སྒྲོན་མེ་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས།

ཐར་སྒྱུམ་བྲི་མ་ཁེར་ཞི་དེ་སྨ་ཁིར་ན་ཉི་རི་ཁི་ཁར་ད་དོད་ཅི་ལྷན།
༄༅། །ཐར་ལམ་གྱི་རིམ་པ་གསལ་བར་བྱེད་པའི་སྒྲོན་མེ་ཉི་མའི་འོད་ཟེར་ཞེས་བྱ་བ། བླ་མ་བཀའ་དྲིན་ཅན་གྱི་ཞབས་ལ་གུས་པས་འདུད། །
སྤངས་པ་མི་འགྱུར་གཡུང་དྲུང་གདན་ཐོག་ཏུ། །རྟོགས་པ་མི་ནུབ་རྒྱལ་མཚན་འཛིན་པའི་སྐུ། །ཐར་ལམ་སྣ་ཚོགས་འགྲོ་ལ་སྟོན་མཛད་པ། །སྟོན་པ་བླ་མེད་དེ་ལ་མོས་ཕྱག་མཚལ། །བློ་དམན་ཐར་པའི་ལམ་ལ་བཀྲིད་ཕྱིར་དུ། །རྒྱལ་བའི་གསུང་རབ་རྒྱ་མཚོ་ལྟ་བུའི་དོན། །ནོར་བུ་བཞིན་དུ་དགོས་འདོད་ཀུན་འབྱུང་བའི། །ས་དང་ལམ་གྱི་རིམ་པ་བསྡུས་ཏེ་བཤད། །དེ་ལ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་ཁམས་བརྒྱད་ལ་སོགས་པ་དོན་གྱིས་གསུམ་ལ་འདུ་སྟེ། གནས་ལུགས་གཞིའི་ཁྱད་པར་གྱི་དབང་དུ་བྱས་ནས་བདེན་པ་གཉིས་ལ་སོགས་དང༌། འཆར་ཚུལ་རྩལ་གྱི་དབང་དུ་བྱས་ནས་འཁོར་འདས་ལ་སོགས་དང༌། འཇུག་ཚུལ་ལམ་གྱི་དབང་དུ་བྱས་ནས་བདེན་བཞི་ལ་སོགས་བསྟན་པ་ཡིན་ནོ། །
དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བདེན་པ་གཉིས་ཀྱི་རྣམ་བཞག་ལ་མཁས་པ་རྣམས་ཀྱིས་མི་མཐུན་པ་མང་དུ་གསུངས་ཀྱང༌། འགྲོ་མགོན་བློ་གྲོས་ལ་སོགས་ཀྱི་རྗེས་སུ་འབྲངས་ནས། གང་ལས་དབྱེ་བའི་གཞི་ནི། བདེན་པ་ཙམ་མོ། །གང་དབྱེ་བའི་ངོ་བོ་ནི། ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་གྱི་བདེན་པ་གཉིས་སོ། །གང་གིས་འབྱེད་པའི་རྒྱུ་མཚན་ནི། ཇི་ལྟ་བའི་ཡིན་ལུགས་དང༌། ཇི་སྙེད་པའི་འཆར་ཚུལ་ལ་སོགས་ལ་ལྟོས་ཏེ། དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་སུ་དབྱེའོ། །ཇི་ལྟར་དབྱེ་བའི་དོན་ནི། དེ་ཉིད་དང་གཞན་དུ་དབྱེ་རུ་མེད་པའི་དབྱེར་མེད་ཡིན་གསུངས་སོ། །ཇི་སྙེད་དབྱེ་བའི་གྲངས་ནི། བོན་ཅན་རྣམ་པ་སྣ་ཚོགས་ལ་ལྟོས་ཏེ་ཀུན་རྫོབ་དང༌། བོན་ཉིད་སྤྲོས་པ་དང་བྲལ་བ་ལ་ལྟོས་ཏེ་དོན་དམ་གྱི་བདེན་པ་གཉིས་སུ་ངེས་སོ། །
བདེན་པའི་མཚན་ཉིད་ནི། ཡིན་ལུགས་དང་ལྡན་པའོ་གསུངས་སོ། །དེ་ཡང་རྟོགས་ཚུལ་གྱི་དབང་གིས་ལ་ལར་དོན་དམ་གྱི་བདེན་པ་རྣམས། ལ་ལར་ཀུན་རྫོབ་ཀྱི་བདེན་པའི་ཁྱད་པར་གྱིས་འཕགས་པ་དང་སོ་སྐྱེ་ལ་སོགས་ཀྱྀས་ཁྱད་པར་འཕགས་པ་ཐོས་མོད་ཀྱང་རེ་ཞིག་འདིར་མ་བྲིས་སོ། །
གཉིས་པ་ལ་གཉིས་ཏེ། ཀུན་རྫོབ་དང༌། དོན་དམ་གྱི་རྣམ་བཞག་གོ། །དང་པོ་དོན་དམ་གྱི་བདེན་པའི་མཚན་ཉིད་ནི། མཚན་མར་མ་གྲུབ་པའི་ཡིན་ལུགས་དང་ལྡན་པའོ། །མཚན་མར་མ་གྲུབ་པ་ནི། དོན་དམ་གྱི་མཚན་ཉིད་དོ། །དོན་དམ་པའི་དོན་ལ་དབྱེ་བ་ལ་སོགས་མ་གྲུབ་ཀྱང་ཐ་སྙད་དུ་ཟབ་མོ་གཏམ་གྱི་དོན་དམ་དང༌། འཇིག་རྟེན་གྲགས་སྡེའི་དོན་དམ་གཉིས་སུ་ཐེག་འགྲེལ་ལས་བཤད་དོ། །དེ་ཉིད་ཀྱི་དོན་ནི། གནས་ལུགས་མངོན་སུམ་དུ་མཐོང་བ་དང༌། དོན་སྤྱིའི་ཚུལ་དུ་མཐོང་བ་ལ་སོགས་ལ་ལྟོས་པའོ། །ངེས་ཚིག་ནི། བོན་ཅན་མཐར་ཐུག་གི་དོན་དང༌། དམ་པ་རྣམས་ཀྱིས་སྤྱོད་ཡུལ་དམ་པ་ཡིན་པས་ན་དོན་དམ་ཞེས་དང༌། རིག་པས་མི་གནོད་པས་ན་བདེན་པ་ཞེས་བྱའོ། །
གཉིས་པ་ཀུན་རྫོབ་ཀྱི་རྣམ་བཞག་ལ་མཚན་མར་སྣང་བའི་ཡིན་ལུགས་དང་ལྡན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དོ། །མཚན་མར་སྣང་བ་ནི་ཀུན་རྫོབ་ཀྱི་མཚན་ཉིད་དོ། །ཀུན་རྫོབ་ལ་དབྱེ་ན། དག་པ་ཀུན་རྫོབ་དང༌། མ་དག་ཀུན་རྫོབ་གཉིས། བག་ཆགས་ཅི་རིགས་སུ་བྲལ་བ་དང་མཚན་མར་སྣང་བ་གཞི་མཐུན་པ་སྟེ་དག་པ་ཀུན་རྫོབ་ཀྱི་མཚན་ཉིད། དེ་ནི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཕྲིན་ལས་གཞན་སྣང་དུ་ཤར་བ་རྣམས་དང༌། གཡུང་དྲུང་སེམས་དཔའི་རྗེས་ཐོབ་སྣང་བཅས་སུ་སྐྱེས་པ་རྣམས་སོ། །ངེས་ཚིག་ནི་སྒྲིབ་པ་ཅི་རིགས་ཀྱིས་དབེན་པའི་ཀུན་རྫོབ་ཡིན་པས་ན་དག་པ་ཀུན་རྫོབ་ཅེས་བྱའོ། །
བག་ཆགས་མངོན་གྱུར་དང་འགྲོགས་པ་དང་མཚན་མར་སྣང་བ་གཞི་མཐུན་པ་དེ། མ་དག་ཀུན་རྫོབ་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཡང་དག་ཀུན་རྫོབ་དང༌། ལོག་པའི་ཀུན་རྫོབ་གཉིས། ཐ་སྙད་པའི་བློ་མ་འཁྲུལ་བ་ལ་མཚན་མར་སྣང་བ་དེ། ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། དེ་ནི་གཟུགས་ལ་སོགས་དོན་རང་མཚན་བློས་མཐོང་བ་དང༌། དོན་སྤྱི་ཡང་དོན་དང་མཐུན་པ་དང༌། རང་མཚན་ལ་བརྟེན་ནས་རྟོགས་པ་དང༌། དོན་སྤྱི་ལ་དོན་སྤྱི་ཉིད་དུ་རྟོགས་པ་རྣམས་སོ། །ངེས་ཚིག་ནི། སོ་སྐྱེའི་ཤེས་པ་མ་འཁྲུལ་བ་ལ་བདེན་པའི་ཀུན་རྫོབ་ཡིན་པས་ན་ཡང་དག་ཀུན་རྫོབ་ཅེས་བྱའོ། །
འཁྲུལ་བའི་ཤེས་ངོར་གྲུབ་པ་དང་སྣང་བ་ལྟར་དོན་བྱེད་ནུས་པས་སྟོང་པ་གཞི་མཐུན་པ་དེ། ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། དེ་ནི་དབང་ཤེས་འཁྲུལ་པ་ལ་སྣང་བའི་ཟླ་བ་གཉིས་སྣང་དང༌། དུང་སེར་སྣང་ལ་སོགས་དང༌། ཡིད་ཤེས་བསླད་པ་ལ་སྣང་བའི་རྨི་ལམ་གསལ་སྣང་ལ་སོགས་དང༌། དོན་དང་མི་མཐུན་པའི་སྤྱི་ལ་སོགས་པ་རྣམས་སོ། །ངེས་ཚིག་ནི། དོན་དང་མི་མཐུན་པའི་ཀུན་རྫོབ་ཡིན་པས་ན་ལོག་པའི་ཀུན་རྫོབ་ཅེས་བྱའོ། །སྒྲིབ་པ་མངོན་གྱུར་དང་བཅས་པའི་ཀུན་རྫོབ་ཡིན་པས་ན་མ་དག་ཀུན་རྫོབ་ཅེས་བྱའོ། རིག་པས་བརྟགས་མི་བཟོད་པས་ན་ཀུན་རྫོབ་བདེན་པ་ཞེས་བྱའོ། །
གཉིས་པ་ལ་གསུམ་སྟེ། གནས་ལུགས་མ་རྟོགས་པའི་དབང་གིས་མ་དག་པའི་འཆར་ཚུལ་དང༌། རྟོགས་པའི་དབང་གིས་དག་པའི་འཆར་ཚུལ་དང༌། ཅི་ལྟར་རྟོགས་བའི་ཚུལ་ལོ། །དང་པོ་ནི། བདག་འཛིན་ལ་སོགས་ཀྱི་དབང་གིས་སྡུག་བསྔལ་དང་བཅས་པ་དེ། འཁོར་བའི་མཚན་ཉིད། དེ་ལ་དབྱེ་ན། གཟུགས་ནས་རྒ་ཤིའི་བར་རོ། །དེ་ཡང་གང་འཁོར་བ་ལ་སོགས་ཀྱི་དབང་དུ་བྱས་པ་ནི། གཟུགས་ནས་རྣམ་ཤེས་ཀྱི་ཁམས་ལ་སོགས་སོ། །ཇི་ལྟར་འཁོར་བ་ལ་སོགས་ཀྱི་དབང་དུ་བྱས་པ་ནི། མ་རིག་པ་ནས་རྒ་ཤི་ལ་སོགས་སོ། །སྒེར་གྱི་ཞིབ་སེལ་ནི་འདིར་མ་སྤྲོས་སོ། །ངེས་ཚིག་ནི། གནས་ཁམས་གསུམ་དུ། ངོ་བོ་གཟུགས་དང་ཚོར་བའི་ཕུང་པོ་ལ་སོགས་རྣམས་མ་རིག་པ་ལ་སོགས་ཀྱི་དབང་གིས་ཤིང་རྟའི་འཕང་ལོའམ་ཟོ་ཆུའི་རྒྱུན་མ་བཞིན་གཅིག་ནས་གཅིག་ཏུ་འཁོར་བས་ན་འཁོར་བ་ཞེས་བྱའོ། །
གཉིས་པ་ནི། བདག་མེད་རྟོགས་པ་ལ་སོགས་ཀྱི་དབང་གིས་བདེ་བར་གནས་པ་དེ། མྱང་འདས་ཀྱི་བོན་གྱི་མཚན་ཉིད་དོ། །དེ་ལ་དབྱེ་ན། སྦྱིན་པའི་བླ་ན་མེད་པར་ཕྱིན་པ་ནས་བླ་ན་མེད་པའི་འབྲས་བུའི་བར་རོ། །དེ་ཡང་གང་ཉམས་སུ་བླང་བའི་ཁྱད་པར་ནི། སྦྱིན་པའི་བླ་མེད་ནས་ཐར་པའི་ལམ་བརྒྱད་ལ་སོགས་ཀྱིས་བསྟན་ལ། གང་གིས་ཉམས་སུ་བླང་བའི་ཁྱད་པར་ནི། ཕྱིར་མི་ལྡོག་པའི་འབྲས་བུ་ནས་ཚད་མེད་ཀྱི་བར་གྱིས་བསྟན་ལ། ཉམས་སུ་བླང་བའི་འབྲས་བུའི་ཁྱད་པར་ནི། གཡུང་དྲུང་གི་བོན་ཕྱེ་བ་མེད་པ་ནས་བླ་མེད་ཀྱི་བར་གྱིས་བསྟན་ཏེ། དང་པོ་ལའང་སྤྱོད་པ་དང་རྗེས་ཐོབ་ཀྱི་ཁྱད་པར་གྱི་དབང་དུ་བྱས་པ་ནི། སྦྱིན་པའི་བླ་མེད་ནས་ཤེས་རབ་ཀྱི་བླ་མེད་ཀྱི་བར་རོ། །ལྟ་བ་དང་མཉམ་བཞག་གི་ཁྱད་པར་གྱི་དབང་དུ་བྱས་པ་ནི། སྟོང་ཉིད་བཅོ་བརྒྱད་དོ། །སྒོམ་པ་དང་བགྲོད་ཚུལ་གྱི་རིམ་པའི་དབང་དུ་བྱས་པ་ནི། དྲན་པ་ཉེར་བཞག་ནས་ཐར་ལམ་གྱི་བར་རོ། །གཉིས་པ་ལའང༌། རང་དོན་སྤངས་རྟོགས་ལ་སོགས་ཀྱི་དབང་དུ་བྱས་པ་ནི། ཕྱིར་མི་ལྡོག་པའི་འབྲས་བུའོ། །གཞན་དོན་འཕྲིན་ལས་ལ་སོགས་ཀྱི་དབང་དུ་བྱས་པ་ནི། ལན་ཅིག་ཕྱིར་འོང་ངོ༌། །དེ་གཉིས་ཟུང་འབྲེལ་ལ་སོགས་ཀྱི་དབང་དུ་བྱས་པ་ནི་རྒྱུན་ཞུགས་སོ། །དེ་ཉིད་ཀྱི་ཀུན་སློང་ཕྱོགས་རིས་དང་བྲལ་བ་ལ་སོགས་ཀྱི་དབང་དུ་བྱས་པ་ནི། ཚད་མེད་བཞིའོ། །གསུམ་པ་ལའང་ཐུན་མོང་གི་ཆའི་དབང་དུ་བྱས་པ་ནི། གཡུང་དྲུང་གི་བོན་ཕྱེ་བ་མེད་པ་ནས། རྒྱུན་དུ་གནས་པའི་ཐུགས་རྗེ་བཞིའི་བར་རོ། །ཐུན་མོང་མ་ཡིན་པའི་ཆའི་དབང་དུ་བྱས་པ་ནི། རྟོགས་པ་ཆེན་པོའི་ལྟ་བ་ནས་བླ་མེད་ཀྱི་བར་རོ། །ངེས་ཚིག་ནི། མྱ་ངན་ནི་སྡུག་བསྔལ་ལོ། །འདས་པ་ནི་ཐར་པའོ། །དེས་ན་སྡུག་བསྔལ་ལས་ཐར་བས་ན་མྱང་འདས་ཞེས་བྱའོ། །མྱ་ངན་ལས་འདས་པ་ཞེས་ཀྱང་བྱའོ། །
གསུམ་པ་ཅི་ལྟར་རྟོགས་པའི་ཚུལ་ལ་གཉིས་ཏེ། ལམ་དུ་མ་ཞུགས་པ་དང་ལམ་དུ་ཞུགས་པའོ། །དང་པོ་ནི། དམྱལ་བས་མེ་མུར་ལ་སོགས་དང༌། ཡི་དྭགས་ཀྱིས་རྣག་ཁྲག་ལ་སོགས་དང༌། བྱོལ་སོང་གིས་རྩྭ་ཆུ་ལ་སོགས་དང༌། མིས་ཡུལ་ཞིང་ལ་སོགས་དང༌། ལྷ་མིན་གྱིས་གོ་མཚོན་ལ་སོགས་དང༌། ལྷས་བདུད་རྩི་ལ་སོགས་སུ་བལྟ་བ་ལ་སོགས་རྣམས་སོ། །
གཉིས་པ་ལ་གཉིས་ཏེ། ཕྱི་པ་མུ་སྟེགས་པ་དང༌། ནང་པ་གཤེན་རབ་ཀྱི་ལུགས་སོ། །དང་པོ་ནི། རྟག་ལྟ་བས་བདག་རྟག་པ་གཅིག་པུ་རང་དབང་ཅན་ལ་སོགས་སུ་བལྟ་བ་དང༌། ཆད་ལྟ་བས་སྐྱེ་བ་སྔ་ཕྱི་ལས་རྒྱུ་འབྲས་ལ་སོགས་མེད་པར་བལྟ་བའོ། །གཉིས་པ་ལ་གཉིས། ཐེག་པ་གཞན་ལུགས་དང་རང་ལུགས་སོ། །དང་པོ་ནི། རང་རྟོགས་གཤེན་རབ་ཀྱིས་གཟུང་བའི་ཕྲ་མོ་རྡུལ་ཕྲན་དང༌། འཛིན་པའི་ཕྲ་མོ་ཤེས་པ་སྐད་ཅིག་མ་དོན་དམ་དུ་བལྟ་ལ། གཟུང་བའི་རགས་པ་དང་འཛིན་པའི་རྒྱུན་ནི་ཀུན་རྫོབ་ཏུ་བལྟ་བའོ། །དེས་ན་གཟུང་འཛིན་དོན་དམ་དུ་བལྟ་ཞེས་བྱའོ། །ཐུགས་རྗེ་སེམས་དཔས་ནི། སྣང་བ་སྣ་ཚོགས་སེམས་སུ་བདེན་ལ། སེམས་རིག་ཅིང་གསལ་བ་ཙམ་དོན་དམ་དུ་བལྟ་སྟེ། སེམས་རིག་བདེན་པར་འདོད་པའོ། །ཐེག་པ་གོང་མ་བ་ཁ་ཅིག་གིས། བདག་གཉིས་ཀྱིས་སྟོང་པའི་སྟོང་ཉིད། རིག་ཤེས་ཀྱི་ཡུལ་དུ་གྲུབ་པར་བལྟ་སྟེ། སྟོང་ཉིད་ཡོངས་གཅོད་དུ་གྲུབ་པར་བལྟ་བའོ། །དེ་ལ་སོགས་ཐེག་པ་རང་རང་གི་གྲུབ་མཐའི་ལྟ་བ་མི་མཐུན་པ་དུ་མ་ཡོད་པ་རྣམས་ལ། སྐྱོན་དང་བྲལ་བ་མ་ཡིན་ཀྱང་བདེན་པའི་དོན་རེ་ཀུན་ལ་ཡོད་པར་སྨྲའོ། །
གཉིས་པ་རང་ལུགས་ལ་གཉིས་ཏེ། འདོད་དོན་དངོས་དང༌། སྒྲུབ་བྱེད་དོ། །དང་པོ་ནི། བདེན་པ་གཉིས་ཀྱི་ཚུལ་གྱིས་འགྲུབ་སྟེ། འདི་ལྟར་གྱི་སྣང་བ་འདི་ལ། དོན་དམ་པར་རམ་ཡང་དག་པར་ན་སྤྲོས་པ་ཐམས་ཅད་ལས་འདས་པས་ཅིའི་ངོ་བོར་མ་གྲུབ་ལ་གང་གིས་ངོ་བོར་མ་བསྟན་པའོ། །སྐྱེ་བ་མེད་ཅིང་གདོན་ནས་དག་པ་འདི་ཞེས་བྱ་བར་མཚོན་ཅིང་དཔག་ཏུ་མེད་པའོ། །ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་ཐམས་ཅད་ཀྱིས་དབེན་པས་བློའི་ཡུལ་ལས་འདས་པའོ། །ཀུན་རྫོབ་ཐ་སྙད་ཙམ་དུ་སྣང་བ་མ་འགག་པར་འཆར་རོ། །འཆར་ཚུལ་མ་འགག་ཅེས་དེ་ལ་བྱའོ། །དེ་ཡང་བདེན་པའི་དངོས་པོར་གྲུབ་པ་ནི་མ་ཡིན་ཏེ། རྨི་ལམ་དང་སྒྱུ་མའི་ཚུལ་དུ་གནས་པས་སོ། །ཡང་དག་པར་ན་སྒྱུ་མ་ཙམ་དུའང་མི་དམིགས་སོ། །གཞི་དོན་དམ་གྱི་བདེན་པ་དེ་ཉིད། ལམ་གྱི་དུས་སུ་མཉམ་བཞག་གི་ཡེ་ཤེས་ལ་སོགས་ཀྱིས་བསྒོམ་ལ། མཉམ་བཞག་ཡེ་ཤེས་དེ་ཉིད་འབྲས་བུའི་སྐབས་སུ་ཇི་ལྟར་རྟོགས་པའི་ཡེ་ཤེས་ཕུལ་དུ་ཕྱིན་པ་ལ་སོགས་སུ་འགྱུར་བའོ། །གཞི་ཀུན་རྫོབ་ཀྱི་བདེན་པ་དེ་ཉིད། ལམ་གྱི་གནས་སྐབས་སུ་རྗེས་ཐོབ་ལ་སོགས་ཀྱིས་བསྒོམ་ཞིང་སྤྱོད་ལ། རྗེས་ཐོབ་ཀྱི་ཡེ་ཤེས་དེ་ཉིད་འབྲས་བུའི་སྐབས་སུ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཕུལ་དུ་ཕྱིན་པ་ལ་སོགས་སུ་འགྱུར་བའོ། །
གཉིས་པ་སྒྲུབ་བྱེད་ལ་གཉིས་ཏེ། ལུང་དང་རིག་པས་བསྒྲུབ་པའོ། །དང་པོ་ནི། འབུམ་ལས། ཡེ་ནས་རང་བཞིན་རྣམ་པར་དག །ཅེས་དང༌། སྐྱེ་བ་མེད་པ་གཡུང་དྲུང་གི་དབྱིངས་སུ་སངས་རྒྱས། ལ་སོགས་གསུངས་པ་དང༌། འབུམ་ཏིག་ལས། མཐའ་དགུ་བྲལ་བའི་ཤེས་པས་འཇུག །ཅེས་སོགས་གསུངས་པ་དང༌། ཕྱི་རྒྱུད་ལས། མི་སྐྱེ་མི་འགགས་ནམ་མཁའི་རང་བཞིན་ཅན། །སྨྲ་བསམ་ཚིག་ལས་འདས་ཏེ་བརྗོད་དུ་མེད། །ཅེས་སོགས་གསུངས་པ་དང༌། གབ་པ་ལས། འདས་པའི་བོན་ལ་ཡེ་ནས་བཤད་དུ་མེད། །ཅེས་སོགས་གསུངས་པ་དང༌། བསེན་ཐུབ་ལས། ཀུན་གཞི་ཡེ་ནས་རྣམ་དག་བོན་གྱི་དབྱིངས། །ཞེས་སོགས་གསུངས་པ་ནི་དོན་དམ་སྤྲོས་པ་བྲལ་བའི་ལུང་ངོ༌། །ཀུན་རྫོབ་ཏུ་འཆར་ཚུལ་མ་འགག་པའི་ལུང་ནི། འབུམ་ལས། ཐ་སྙད་དུ་གཟུགས་ནི་སྒྱུ་མ་ལྟ་བུ་སྟེ། ཞེས་སོགས་སྒྱུ་མའི་དཔེ་བརྒྱད་གསུངས་སོ། །གཞན་ཡིག་ཚོགས་མང་གིས་དྭོགས་པས་འདིར་མ་བྲིས་སོ། །
གཉིས་པ་རིག་པས་བསྒྲུབ་པ་ལ་གཉིས། ཡང་དག་པར་འབྲེལ་ཡུལ་འགོག་པ་དང༌། ཐ་སྙད་དུ་འགལ་ཟླ་བསྒྲུབ་པའོ། དང་པོ་ལ་གསུམ་སྟེ། ངོ་བོ་ལ་བརྟགས་ཏེ་རང་བཞིན་མེད་པར་བསྒྲུབ་པ་དང༌། རྒྱུ་ལ་བརྟགས་ཏེ་རང་བཞིན་མེད་པར་བསྒྲུབ་པ་དང༌། འབྲས་བུ་ལ་བརྟགས་ཏེ་རང་བཞིན་མེད་པར་བསྒྲུབ་པའོ། །དང་པོ་ནི། གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་བསྒྲུབ་པ་སྟེ། འདི་ལྟར་གྱི་སྣང་བ་རྣམས་བོན་ཅན། བདེན་དངོས་ཀྱིས་སྟོང་པའི་རང་བཞིན་མེད་པ་ཡིན་ཏེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། དེ་བསྒྲུབ་པ་ནི། བདེན་པའི་གཅིག་ཏུ་ཡང་མ་གྲུབ། བདེན་པའི་དུ་མ་ཡང་མ་གྲུབ་པའི་ཕྱིར། དེ་ཡང་བདེན་པའི་གཅིག་ཏུ་མ་གྲུབ་པས་བདེན་པའི་དུ་མར་གྲུབ་པ་ཁེགས་ལ། དུ་མའི་ཆ་ཤེས་ཅན་གྱིས་བདེན་པའི་གཅིག་ཏུ་གྲུབ་པར་ཁེགས་སོ། །དཔེར་ན་འབྲས་བུའི་ཕུང་པོ་ལ་སོགས་བཞིན་ནོ། །
གཉིས་པ་རྒྱུ་ལ་བརྟགས་ཏེ་རང་བཞིན་མེད་པར་བསྒྲུབ་པ་ནི། གཡུང་དྲུང་གཟེར་ཆེན་གྱི་གཏན་ཚིགས་འགོད་དེ། སྣང་བ་ཙམ་བོན་ཅན། སྐྱེ་བའི་རང་བཞིན་མེད་དེ། སྐྱེ་བའི་མུ་བཞི་དང་བྲལ་བའི་ཕྱིར། དེ་བསྒྲུབ་པ་ནི། རང་ལས་ཀྱང་མ་སྐྱེས། གཞན་ལས་ཀྱང་མ་སྐྱེས། རང་གཞན་གཉིས་ཀ་ལས་ཀྱང་མི་སྐྱེ། སྒྱུ་མེད་པ་ལས་ཀྱང་མི་སྐྱེ་བའི་ཕྱིར། དང་པོ་མ་གྲུབ་ན། འོ་ན་རང་གྲུབ་པ་ལས་སྐྱེས་སམ། རང་མ་གྲུབ་པ་ལས་སྐྱེས། དང་པོ་ལྟར་ན། སྐྱེ་བ་ཐུག་མེད་ལ་སོགས་སུ་འགྱུར་ཏེ། གྲུབ་ཟིན་ཉིད་སྐྱེ་དགོས་པའི་ཕྱིར། གཉིས་པ་ལྟར་ན། རང་ལས་རང་སྐྱེས་པ་༼མ་༽ཡིན་པར་འགྱུར་ཏེ། རང་མ་གྲུབ་པས་སོ། །རི་བོང་གི་རྭ་ལས་རི་བོང་གི་རྭ་མ་སྐྱེས་པ་བཞིན་ནོ། །གཉིས་པ་མ་གྲུབ་ཅེ་ན། མེ་ལྕེ་ལས་མུན་པ་སྐྱེ་བ་ལ་སོགས་དང་མཚུངས་པར་འགྱུར་རོ། །གཞན་ཡང་རྟག་པ་ལས་མ་སྐྱེས། མི་རྟག་པ་ལས་ཀྱང་མ་སྐྱེས་པས་ཁེགས་སོ། །གལ་ཏེ་རྟག་པ་ལས་སྐྱེས་ན། རྟག་པ་དེ་ཉིད་འགྱུར་བ་དང་མི་རྟག་པ་ལ་སོགས་སུ་འགྱུར་རོ། །མི་རྟག་པ་ལས་སྐྱེས་ན། འདས་པ་དང༌། ད་ལྟ་བ་དང་མ་འོངས་པ་ལས་མ་སྐྱེས་པས་ཁེགས་སོ། །གལ་ཏེ་འདས་པ་ལས་སྐྱེས་ན་འདས་པ་འགག་པ་མ་ཡིན་པར་འགྱུར་རོ། །ད་ལྟ་བ་ལས་སྐྱེས་ན་རྒྱུ་འབྲས་དུས་མཉམ་ལ་སོགས་སུ་འགྱུར་རོ། །མ་འོངས་པ་ལས་སྐྱེས་ན་མ་འོངས་པ་ཉིད་མ་འོངས་པ་མ་ཡིན་པ་ལ་སོགས་སུ་འགྱུར་རོ། །གསུམ་པ་མ་གྲུབ་ན། རང་ལས་ཀྱང་མ་སྐྱེས་གཞན་ལས་ཀྱང་མ་སྐྱེས་པའི་ཕྱིར། རང་གཞན་གཉིས་ཀ་ལས་སྐྱེ་བ་ཁེགས་སོ། །བཞི་པ་མ་གྲུབ་ན། རི་བོང་གི་རྭ་ལས་རི་བོང་གི་རྭ་སྐྱེ་བ་དང་མཚུངས་སོ། །དཔེ་ནི་སྒྱུ་མ་བཞིན་ནོ། །
གསུམ་པ་འབྲས་བུ་ལ་བརྟགས་ཏེ་རང་བཞིན་མེད་པར་བསྒྲུབ་པ་ནི། ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་འགོད་དེ། སྣང་བ་ཙམ་བོན་ཅན། བདེན་དངོས་ཀྱི་སྟོང་སྟེ། ཡོད་པ་སྐྱེ་བ་དང་མེད་པ་སྐྱེ་བ་དང་བྲལ་བའི་ཕྱིར། སྒྱུ་མ་བཞིན་ནོ། །དེ་བསྒྲུབ་ཚུལ་ནི། ངོ་བོ་གྲུབ་ཟིན་པ་སྐྱེ་བ་ཡང་མ་ཡིན། མ་གྲུབ་པའང་སྐྱེ་བ་ཡང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། སྐྱེ་བ་ཐུག་མེད་དུ་འགྱུར་རོ། །གཉིས་པ་མ་གྲུབ་ན། རི་བོང་གི་རྭ་སྐྱེས་པ་ལ་སོགས་དང་མཚུངས་སོ། །རྒྱས་པར་གོང་དུ་བཤད་ཟིན་ཏོ། །
གཉིས་པ་ཐ་སྙད་དུ་འགལ་ཟླ་བསྒྲུབ་པ་ནི། རྟེན་འབྲེལ་ཆེན་པོའི་གཏན་ཚིགས་འགོད་དེ། སྣང་བ་ཙམ་བོན་ཅན། བདེན་དངོས་ཀྱིས་སྟོང་པ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། གཟུགས་བརྙན་བཞིན་ནོ། །རྟེན་འབྲེལ་བདེན་དངོས་ཀྱིས་སྟོང་པས་ཁྱབ་པ་ནི། མེ་ལྕེ་ལྟ་བུར་རང་བཞིན་གཞན་དུ་འགྱུར་བ་དང༌། ཚར་ནོན་གྱི་རིང་ཐུང་ལྟར་རྣམ་འཇོག་གཞན་ལ་ལྟོས་པ་དང༌། ཆུའི་ཚ་བ་ལྟར་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ལ་སོགས་ཡིན་པས་སོ། །
གསུམ་པ་ལ་གཉིས་ཏེ། དོར་བྱ་འཁོར་བའི་རྒྱུ་འབྲས་ཀྱི་རང་བཞིན་བསྟན་པ་དང༌། བླང་བྱ་མྱང་འདས་ཀྱི་རྒྱུ་འབྲས་ཀྱི་རང་བཞིན་བསྟན་པའོ། །དང་པོ་ནི། འབུམ་ལས། སྡུག་བསྔལ་ཤེས་པར་བྱ་བ་གཤེན་རབ་ཀྱི་བདེན་པ་དང༌། །ཀུན་འབྱུང་སྤངས་པར་བྱ་བ་གཤེན་རབ་ཀྱི་བདེན་པ་དང༌། །ཞེས་སོགས་གསུངས་པས་གང་སྐྱེས་པ་འབྲས་བུའི་ཆ་དང༌། གང་ལས་སྐྱེ་བ་རྒྱུའི་ཆ་བསྟན་པའོ། །དང་པོ་ནི། སྔ་མའི་ལས་ཉོན་གང་རུང་ལས་བྱུང་བ་དང༌། རང་གི་ངོ་བོ་ཉོན་མོངས་པར་བྱེད་པའི་ཡིན་ལུགས་དང་ལྡན་པའི་གཞི་མཐུན་པ་དེ། སྡུག་བསྔལ་གྱི་བདེན་པའི་མཚན་ཉིད། སྔ་མའི་ལས་ཉོན་གང་རུང་ལས་བྱུང་བ་དང༌། རང་གི་ངོ་བོ་ཉོན་མོངས་པར་བྱེད་པའི་གཞི་མཐུན་པ་དེ། སྡུག་བསྔལ་གྱི་མཚན་ཉིད། དེ་ལ་རྫས་ཀྱི་སྒོ་ནས་དབྱེ་ན། སྐྱེ་བ་སྣོད་ཀྱི་འཇིག་རྟེན་དང༌། སྐྱེས་པ་རིགས་དྲུག་གི་སྡུག་བསྔལ་ལོ། །དང་པོ་ནི། མེ་མ་མུར་གྱི་འོབས་དང་རྣག་ཁྲག་གི་ཁང་པ་ལ་སོགས་སོ། །གཉིས་པ་ནི། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལ་སོགས་སོ། །དེ་ཡང་བསྡུ་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་སྐབས་ལ་སོགས་སུ་འདུས་སོ། །
ངོ་བོའི་སྒོ་ནས་དབྱེ་ན། སྡུག་བསྔལ་བ་དང༌། མི་རྟག་པ། སྟོང་པ། བདག་མེད་པའོ། །དེ་ཡང་སྐྱེ་བའི་སྡུག་བསྔལ་ལ་སོགས་རྣམས་ལ། སེམས་རྒྱུད་ཉོན་མོངས་པར་བྱེད་པས་ན་སྡུག་བསྔལ། འདུས་བྱས་རང་བཞིན་སྐད་ཅིག་གཉིས་པར་མི་སྡོད་པས་ན་མི་རྟག་པ། བདེན་པའི་དངོས་པོས་སྟོང་པས་སྟོང་པ། བོན་དང་གང་ཟག་གི་བདག་ལ་སོགས་དང་བྲལ་བས་བདག་མེད་པའོ། །ངེས་ཚིག་ནི་སེམས་རྒྱུད་སྡུག་བསྔལ་བར་བྱེད་པས་ན་སྡུག་བསྔལ། ཐར་པ་དོན་གཉེར་གྱིས་ངོ་ཤེས་པར་བྱ་རུ་བདེན་པས་ན་བདེན་པ་ཞེས་བྱའོ། །དཔེར་ན་དགྲ་ངོ་ཤེས་ན་དྭོགས་ཟོན་བྱེད་པ་བཞིན་ནོ། །དེ་ཡང་གང་གིས་ཤེས་པར་བྱ་ན། ཐར་པ་དོན་གཉེར་གྱིས་ཤེས་པར་བྱའོ། །གང་ཤེས་པར་བྱ་ན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་རྣམས་ཀྱི་མཚན་ཉིད་ཤེས་པར་བྱའོ། །ཇི་ལྟར་ན། སྡུག་བསྔལ་བ་དང༌། མི་རྟག་པ་དང༌། སྟོང་པ་དང༌། བདག་མེད་པ་ལ་སོགས་སུ་ཤེས་པར་བྱའོ། །གང་གིས་སྒོ་ནས་ནི། ཐོས་བསམ་ལ་སོགས་ཀྱི་སྒོ་ནས་སོ། །རྩྭ་ཆུ་ལ་སོགས་ཀྱི་སྒོ་ནས་ནད་ངོ་བརྟགས་པ་བཞིན་ནོ། །སྡུག་བསྔལ་གྱི་རང་བཞིན་ཤེས་པའི་ཡོན་ཏན་ནི། དཔེར་ན་སྐྱུག་ནད་ཅན་མངར་བའི་ཟས་ལ་ཞེན་པ་ལྡོག་པ་བཞིན་དུ་འཁོར་བ་ལས་བློ་ལྡོག་ནས། ཀུན་འབྱུང་སྤོང་བ་དང༌། ལམ་བསྒོམ་པ་དང༌། འགོག་པ་མངོན་དུ་བྱ་བ་ལ་འཇུག་གོ། །དེས་ན་སྡུག་བདེན་ཐོག་མར་བསྒོམ་པ་ལ་སོགས་ནི་འཇུག་ཚུལ་གྱི་རིམ་པའོ། །
གཉིས་པ་གང་ལས་སྐྱེས་པ་རྒྱུའི་ཆ་བསྟན་པ་ནི། སྡུག་བསྔལ་བསྐྱེད་པའི་ཡིན་ལུགས་དང་ལྡན་པ་དེ། ཀུན་འབྱུང་གི་བདེན་པའི་མཚན་ཉིད། སྡུག་བསྔལ་བསྐྱེད་པ་དེ། ཀུན་འབྱུང་གི་མཚན་ཉིད། དེ་ལ་རྫས་ཀྱི་སྒོ་ནས་དབྱེ་ན། ལས་ཀྱི་ཀུན་འབྱུང་དང༌། ཉོན་མོངས་ཀྱི་ཀུན་འབྱུང་གཉིས། དང་པོ་ནི། མཚམས་མེད་ལྔ་དང༌། ཉེ་བ་ལྔ་དང༌། ལྕི་བ་བཞི་དང༌། ལོག་པ་བརྒྱད་དང༌། མི་དགེ་བ་བཅུས་བསྡུས་པ་རྣམས་སོ། །གཉིས་པ་ནི། འཁྲུལ་བློ་དགུ་ལ་སོགས་རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུས་བསྡུས་པ་རྣམས་སོ། །ངོ་བོའི་སྒོ་ནས་དབྱེ་ན། རྒྱུ་དང༌། ཀུན་འབྱུང་དང༌། རབ་བསྐྱེད་དང༌། རྐྱེན་གྱི་རྣམ་པ་བཞིའོ། །དེ་ཡང་ལས་དང་ཉོན་མོངས་ཀུན་འབྱུང་རྣམས་ལ་སྡུག་བསྔལ་གྱི་རྒྱུ་བྱེད་པས་ན་རྒྱུ། སྡུག་བསྔལ་གྱི་རྫས་རིགས་ཀུན་འབྱུང་བས་ན་ཀུན་འབྱུང༌། སྡུག་བསྔལ་དངོས་སུ་བསྐྱེད་པས་ན་རབ་བསྐྱེད། ཕྱིས་བསྐྱེད་པར་བྱེད་པས་ན་རྐྱེན་གྱི་རྣམ་པ་ཞེས་བྱའོ། །ངེས་ཚིག་ནི། སྡུག་བསྔལ་ཀུན་འབྱུང་བས་ན་ཀུན་འབྱུང་ཞེས་བྱའོ། །ཐར་པ་དོན་གཉེར་གྱིས་སྤང་བྱར་བདེན་པས་ན་བདེན་པ་ཞེས་བྱའོ། །དཔེར་ན་རྒྱུས་ཡོད་ཀྱི་མིས་དུག་ལ་འཛེམ་པ་བཞིན་དུ་ཐར་པ་དོན་གཉེར་གྱི་སྐྱེས་བུས་ཀྱང་ཀུན་འབྱུང་གི་རིགས་རྣམས་ནི་ནད་མཛེ་དང་དུག་ལྟར་དུ་སྤོང་བར་བྱའོ། །ཀུན་འབྱུང་སྤངས་ནས་སྡུག་བསྔལ་ལྡོག་ཚུལ་ནི། དཔེར་ན་མེ་བསད་ན་དུ་བ་རང་ལོག་ཏུ་འགྲོ་བ་བཞིན་ནོ། །དེས་ན་སྡུག་བསྔལ་སྤང་བའི་ཕྱིར་ཀུན་འབྱུང་སྤོང་བ་ལ་འཇུག་པ་ནི། འཁོར་བའི་རྒྱུ་འབྲས་སྤང་ཐབས་ཞེས་བྱའོ། །
གཉིས་པ་བླང་བྱ་མྱང་འདས་ཀྱི་རྒྱུ་འབྲས་ཀྱི་རང་བཞིན་བསྟན་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འབུམ་ལས། འགོག་བ་མངོན་དུ་བྱ་བ་གཤེན་རབ་ཀྱི་བདེན་པ་དང༌། །ལམ་སྒོམ་པར་བྱ་བ་གཤེན་རབ་ཀྱི་བདེན་པ་དང༌། །ཞེས་གསུངས་པས། དེ་ལ་གཉིས་རྟོགས་བྱ་འགོག་བདེན་གྱི་རང་བཞིན་དང༌། རྟོགས་བྱེད་ལམ་བདེན་གྱི་རང་བཞིན་བསྟན་པའོ། །དང་པོ་ནི། ཕུང་པོའི་བོན་ཉིད་ལས་དང་སྒྲིབ་པས་དབེན་པའི་ཡིན་ལུགས་དང་ལྡན་པ་དེ། འགོག་བདེན་གྱི་མཚན་ཉིད། ཕུང་པོའི་བོན་ཉིད་ལས་དང་སྒྲིབ་པས་དབེན་པ་དེ། འགོག་པའི་མཚན་ཉིད། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། ལམ་པའི་རྒྱུད་ཀྱི་འགོག་བདེན་དང༌། སངས་རྒྱས་ཀྱི་ཐུགས་རྒྱུད་ན་ཡོད་པའི་འགོག་བདེན་གཉིས། ཡོན་ཏན་གྱི་ཁྱད་པར་གྱི་སྒོ་ནས་དབྱེ་ན། འགོག་པ། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་བའོ། །དེ་ཡང་སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་འགོག་བདེན་གྱིས་བསྡུས་པ་རྣམས་ནི། སྡུག་བསྔལ་འགོག་པས་ན་འགོག་པ། ཉོན་མོངས་པ་ཞི་བས་ན་ཞི་བ། ཕུལ་དུ་ཕྱིན་པས་ན་གྱ་ནོམ་པ། ཕྱིར་མི་ལྡོག་པས་ན་ངེས་པར་འབྱུང་ཞེས་བྱའོ། །ངེས་ཚིག་ནི། ལས་ཉོན་མ་ལུས་པ་འགོག་པས་ན་འགོག་པ། ཐར་པ་དོན་གཉེར་གྱིས་མངོན་དུ་བྱ་བ་རུ་བདེན་པས་ན་བདེན་པ་ཞེས་བྱའོ། །དེ་ལྟར་འགོག་པའི་ཁྱད་པར་ནི། ཤེལ་སྒོང་ལག་མཐིལ་དུ་བཞག་པ་ལྟར་མངོན་པར་བྱའོ། །དེ་ལྟར་བྱས་པའི་ཡོན་ཏན་ནི། མེ་ལྕེ་ལ་མུན་པ་མི་གནས་པ་བཞིན་དུ་ལས་སྒྲིབ་མ་ལུས་པ་དང་བྲལ་ནས་དོན་གཉིས་ལྷུན་གྱིས་གྲུབ་པའོ། །
གཉིས་པ་རྟོགས་བྱེད་ལམ་བདེན་གྱི་རང་བཞིན་བསྟན་པ་ནི། བདག་མེད་རྟོགས་པ་སོགས་ཀྱིས་ཕྱིན་པར་བྱེད་པ་དེ། ཐར་ལམ་གྱི་མཚན་ཉིད། དེ་ལ་ཡང་ངོ་བོའི་སྒོ་ནས་དབྱེ་ན། ཚོགས་ལམ་དང༌། སྦྱོར་ལམ་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། མཐར་གྱི་ལམ་གྱིས་བསྡུས་པ་རྣམས་སོ། །ཡོན་ཏན་ཁྱད་པར་གྱི་སྒོ་ནས་དབྱེ་ན། ལམ། སྒྲུབ་པ། རིག་པ། ངེས་འབྱིན་བཞིའོ། །དེ་ཡང་ལམ་ལྔས་བསྡུས་པ་རྣམས་ནི། མྱང་འདས་ཀྱི་གནས་སུ་ཕྱིན་པར་བྱེད་པས་ན་ལམ། མ་རིག་པའི་སྤངབྱ་རྣམས་སྤངས་པས་རིག་པ། ཕྱིན་ཅི་མ་ལོག་པའི་དོན་བསྒྲུབ་པས་ན་སྒྲུབ་པ། མཐར་ཐུགས་ངེས་པའི་གནས་སུ་འབྱིན་པར་བྱེད་པས་ན་ངེས་འབྱིན་ནོ། །ངེས་ཚིག་ནི། བདེ་བའི་གནས་སུ་ཕྱིན་པར་བྱེད་པས་ན་ལམ། ཐར་བ་དོན་གཉེར་གྱིས་བསྒོམ་བྱ་རུ་བདེན་པས་ན་བདེན་པ་ཞེས་བྱའོ། །ཐ་སྙད་སྒོ་ནས་བརྡ་བཏགས་པ་བཞི་ཀར་འགྲེའོ། །དེ་ལྟར་ཐར་ལམ་གྱི་རིམ་པ་ནི། ཟླ་བ་ཡར་གྱི་ངོ་བཞིན་དུ་ཇེ་འཕེལ་དུ་གོམས་པར་བྱའོ། །དེ་ལྟར་བྱས་པའི་ཡོན་ཏན་ནི། མཐར་ཕྱིན་གྱི་ལམ་མྱུར་དུ་ཐོབ་པ་ལ་སོགས་པར་འགྱུར་རོ། །དེ་ལྟར་འགོག་པ་མངོན་དུ་བྱ་བའི་ཕྱིར་དུ་ལམ་སྒོམ་པ་ནི། མྱང་འདས་ཀྱི་རྒྱུ་འབྲས་བླང་ཐབས་ལ་འཇུག་ཅེས་བྱའོ། །དེ་དག་གིས་གཞིའི་ཁྱད་པར་ལ་སོགས་ཅུང་ཙམ་བརྗོད་པའོ། །
གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྟོགས་བྱེད་ལམ་བདེན་གྱི་རང་བཞིན་དང༌། རྟོགས་བྱ་འགོག་བདེན་གྱི་ཁྱད་པར་རོ། །དང་པོ་ལ་གསུམ། འཇུག་ཚུལ་དགེ་བའི་རང་བཞིན་དང༌། བགྲོད་ཚུལ་ལམ་གྱི་རིམ་པ་དང༌། བགྲོད་བྱ་སའི་ཁྱད་པར་རོ། །དང་པོ་ལ་གསུམ། གང་འཇུག་པ་རྟེན་གྱི་གང་ཟག་གི་རང་བཞིན་དང༌། གང་གིས་འཇུག་པ་དཔོན་གསས་དང་གདམས་ངག་གི་རང་བཞིན་དང༌། གང་ལ་འཇུག་པ་གཡུང་དྲུང་སེམས་དཔའི་སྤྱོད་པའི་རང་བཞིན་ནོ། །
དང་པོ་ནི། གང་འཇུག་ན་རིགས་ཅན་གྱི་སྐྱེས་བུ་འཇུག་སྟེ། རིགས་དང་ལྡན་པའི་གང་ཟག་དེ། རིགས་ཅན་གྱི་སྐྱེས་བུའི་མཚན་ཉིད། ཇི་བཞིན་ཉིད་ཀྱི་ཁྱད་པར་རྫོགས་པའི་རིག་པ་དེ། རིགས་ཀྱི་མཚན་ཉིད། དེ་ནི་ལྷས་སྦྱིན་གྱི་སེམས་ཉིད་ལྟ་བུའོ། །རང་བཞིན་གྱིས་རྣམ་པར་དག་པ་དང༌། ཐར་འཁོར་གཉིས་ཀའི་རྟེན་དུ་གྱུར་པའི་རིག་པ་དེ། རང་བཞིན་གནས་རིགས་ཀྱི་མཚན་ཉིད། སེམས་ཉིད་གསལ་སྟོང་གཉིས་སུ་མེད་པའི་མ་ལྟ་བུའོ། །དེ་ནི་སངས་རྒྱས་དང་སེམས་ཅན་ཀུན་ལ་ཡོད་དོ། །ལམ་དང་འབྲས་བུ་གང་རུང་གི་གཞིར་རུང་བ་དང༌། ངོས་སྐལ་གྱི་དྲི་མས་དག་པའི་རིག་པ་གཞི་མཐུན་པ་དེ། རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། ཚོགས་ལམ་པའི་རྒྱུད་ཀྱི་སེམས་ཉིད་ལྟ་བུའོ། །དེ་ནི་ལམ་ཞུགས་ཡན་ཆད་ལ་ཡོད་དོ། །ལམ་མ་ཞུགས་ཀྱི་སྐྱེས་བུ་རྣམས་མ་ཐོབ་ཐོབ་འགྱུར་གྱི་རྟེན་ཡིན་ལ། ཚོགས་ལམ་པ་ལ་སོགས་ནི་ཐོབ་པ་མི་ཉམས་པ་ལ་སོགས་ཀྱི་རྟེན་ཡིན་པར་སྨྲའོ། །
གཉིས་པ་གང་གིས་འཇུག་པ་དཔོན་གསས་དང༌། གདམས་ངག་གི་རང་བཞིན་ནི། ཐར་པ་ཐོབ་བྱེད་ཀྱི་ཐབས་སྟོན་པར་བྱེད་པའི་སྐྱེས་བུ་དེ། དཔོན་གསས་ཀྱི་མཚན་ཉིད། དེ་ལ་དབྱེ་ན་སོ་སྐྱེ་དང༌། གཡུང་དྲུང་སེམས་དཔའ་དང༌། སངས་རྒྱས་སུ་གྱུར་བའི་དཔོན་གསས་དང་གསུམ་མོ། །ཐར་པ་ཐོབ་བྱེད་ཀྱི་ཐབས་བརྗོད་པར་བྱེད་པའི་སྒྲ་དེ། གདམས་ངག་གི་མཚན་ཉིད། དེ་ལ་དབྱེ་ན་རྒྱས་འབྲིང་བསྡུས་གསུམ་ལ་སོགས་སོ། །གདམས་ངག་དང་དཔོན་གསས་ནི་ལམ་ལ་འཇུག་པའི་སྒོ་དང་འབྱེད་མཁན་ལྟ་བུ་ཡིན་པས་སྔོན་དུ་འགྲོ་དགོས་སོ། །
གསུམ་པ་ནི། བརྗོད་བྱའི་གཙོ་བོ་ཐེག་པ་ཆེན་པོའི་དབང་དུ་བྱས་ན། གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་ལ་འཇུག་སྟེ། ཁམས་བརྒྱད་ལས་ཀྱང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུ་ནི། གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་ལ་སྤྱོད་ན་ཐོབ་པར་འགྱུར་རོ། །ཞེས་སོགས་གསུངས་པས། གཞན་དོན་དུ་ཐབས་ཤེས་ཟུང་འབྲེལ་ལ་འཇུག་པའི་དགེ་བ་དེ། གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོའི་མཚན་ཉིད། དེའང་ཁྱད་པར་རྣམ་པ་བཞིས་སྟོན་ཏེ། གཟེར་མིག་ལས། ལྟ་བ་ནི་ཡས་ཕུབ་ཅིག །སྤྱོད་པ་ནི་མས་འཛེགས་ཤིག །གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག །ཐབས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་ཅིག །ཅེས་སོགས་གསུངས་པས། རང་བཞིན་མེད་པར་གཏན་ལ་ཕབ་ནས་ཉམས་སུ་བླངས་པའི་དགེ་བ་དེ། ལྟ་བ་ཡས་ཕུབ་པའི་ལས་ཀྱི་མཚན་ཉིད། རང་བཞིན་མེད་པར་གཏན་ལ་ཕབ་ནས་ཉམས་སུ་བླང་བ་དེ་ལྟ་བ་ཡས་ཕུབ་ཀྱི་མཚན་ཉིད། འོག་མ་གསུམ་ལ་དེ་བཞིན་དུ་སྦྱར་རོ། །དེ་ནི་མཐོང་སྒོམ་པ་ལ་སོགས་ཀྱི་སྟོང་ཉིད་རྟོགས་པའི་ལྟ་བ་ལྟ་བུའོ། །དེ་ལ་དབྱེ་ན། སྟོང་པ་ཉིད་བཅོ་བརྒྱད་ཉམས་སུ་བླངས་ཏེ། དེ་རེ་རེ་ལའང་རྣམ་ཀུན་གྱི་སྦྱོར་བ་དང༌། རྩེ་མོའི་སྦྱོར་བ་དང༌། མཐར་གྱིས་པའི་སྦྱོར་བ་དང༌། སྐད་ཅིག་མའི་སྦྱོར་བ་དང་བཞིའོ། །དེ་ཡང་བདལ་འབུམ་ལས། རྣམ་པ་ཀུན་མངོན་པར་རྟོགས་པར་བྱ་བའི་ཕྱིར། ཞེས་དང༌། ཐེག་པ་ཡང་རྩེ་རྟོགས་པར་བྱ་བའི་ཕྱིར། ཞེས་དང༌། མཐར་གྱིས་པའི་ལམ་ཐོབ་པར་བྱ་བའི་ཕྱིར། ཞེས་དང༌། སེམས་ཅན་རྣམས་དོང་ནས་སྤྲུགས་ཤིང་སྐད་ཅིག་མ་ལ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། ཞེས་སོགས་རིམ་པ་བཞིན་གསུངས་པས། གཞན་དོན་དུ་རྣམ་མཁྱེན་ཐོབ་པར་འདོད་པས་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམ་པའི་དགེ་བ་དེ། སྦྱོར་བའི་མཚནཉིད། དེ་ནི་ཚོགས་ལམ་ཡན་ཆད་ཀྱི་ལམ་པའི་རྒྱུད་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ལ་སོགས་སོ། །གཞན་དོན་དུ་རྩེ་མོ་བོན་སྐུ་ཐོབ་པར་བྱ་བའི་ཕྱིར་དུ་རང་བཞིན་མེད་པར་གཏན་ལ་ཕབ་པའི་དགེ་བ་དེ། རྣམ་ཀུན་གྱི་སྦྱོར་བའི་མཚན་ཉིད། དེ་ནི་ཚོགས་ལམ་ལ་སོགས་ལམ་པའི་རྒྱུད་ཀྱི་སྟོང་ཉིད་བསྒོམ་པའི་དགེ་བ་ལ་སོགས་སོ། །རྣམ་ཀུན་གྱི་སྦྱོར་བ་གང་རུང་གི་བདག་རྐྱེན་ལས། རང་བཞིན་མེད་པ་ལ་དབང་བསྒྱུར་གྱི་རྟོགས་པ་ཐོབ་ནས་བསྒོམ་པའི་དགེ་བ་དེ། རྩེ་མོའི་སྦྱོར་བའི་མཚན་ཉིད། དེ་ནི་སྦྱོར་ལམ་ཡན་ཆད་ཀྱི་ལམ་པའི་རྒྱུད་ཀྱི་རང་བཞིན་མེད་པར་བསྒོམ་པའི་དགེ་བ་ལ་སོགས་སོ། །གཞན་དོན་དུ་བོན་སྐུ་ཐོབ་པར་བྱ་བའི་ཕྱིར་དུ་རང་བཞིན་མེད་པར་རིམ་གྱིས་བསྒོམ་པའི་དགེ་བ་དེ། མཐར་གྱིས་པའི་སྦྱོར་བའི་མཚན་ཉིད། དེ་ནི་ཚོགས་ལམ་ནས་ས་བཅུའི་དངོས་གཞི་མན་ཆད་རང་བཞིན་མེད་པར་རིམ་གྱི་བསྒོམ་པའི་དགེ་བ་ལ་སོགས་སོ། །མཐར་གྱིས་པའི་སྦྱོར་བའི་བདག་རྐྱེན་ལས་རང་བཞིན་མེད་པར་ཅིག་ཆར་དུ་བསྒོམ་པའི་དགེ་བ་དེ། སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། དེ་ནི་ས་བཅུ་རྒྱུན་མཐའི་མཉམ་བཞག་གི་ཡེ་ཤེས་ལ་སོགས་སོ། །དེ་རེ་རེ་ལའང་མཉམ་བཞག་དང༌། རྗེས་ཐོབ་གཉིས་སོ། །བོན་ཉིད་སྤྲོས་པའི་མཚན་མ་དང་བྲལ་པར་བསྒོམ་པའི་དགེ་བ་དེ། མཉམ་བཞག་གི་མཚན་ཉིད། བོན་ཅན་སྒྱུ་མ་ལྟར་བསྒོམ་པའི་དགེ་བ་དེ། རྗེས་ཐོབ་ཀྱི་མཚན་ཉིད། ཡེ་ཤེས་ནི་དེ་ལ་སྐྱེ་བའི་རང་བཞིན་མེད་པར་རྟོགས་པའི་རིག་པ་ལ་སོགས་སུ་སྤྱར་བའོ། །
ལས་འབྲས་ལ་ཡིད་ཆེས་པའི་སྟོབས་ཀྱིས་བླང་དོར་ལ་འཇུག་པའི་དགེ་བ་ནི། སྤྱོད་པ་མས་འཛེགས་ཀྱི་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། གསོ་བ། མ་ཆགས་པ། མི་ལེན་པ། བདེན་སྨྲ། ཀུན་དགའ། ངག་ཞི། ཚིག་འཇམ། ལྷ་སེམས། བྱམས་པ། བདེན་པ་ལ་སོགས་སོ། །དེ་ཡང་ལམ་པའི་རྒྱུད་ལ་ཡོད་པ་ནི་མཚན་ཉིད་པ་ཡིན་ལ། བོན་ཉིད་ཆ་མཐུན་པའི་རྒྱུད་ལ་ཡོད་པ་ནི་རྗེས་མཐུན་ནོ། །
འགྲོ་བ་སྡུག་བསྔལ་དང་བྲལ་བའི་ཕྱིར་དུ་ཐབས་ཁྱད་པར་ཅན་ལ་འཇུག་པའི་དགེ་བ་དེ། གཞི་སྙིང་རྗེ་ལ་བླང་པའི་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཐེག་ཆེན་ཐེག་དམན་གྱི་སེམས་བསྐྱེད་གཉིས། བདག་ཕྱོགས་ཁོ་ན་སྡུག་བསྔལ་དང་བྲལ་བའི་ཕྱིར་དུ་ཐབས་ལ་འཇུག་པའི་བློ་དེ། ཐེག་དམན་སེམས་བསྐྱེད་ཀྱི་མཚན་ཉིད། འགྲོ་བ་ཐམས་ཅད་སྡུག་བསྔལ་དང་བྲལ་བའི་ཕྱིར་དུ། རྫོགས་པའི་སངས་རྒྱས་ཐོབ་འདོད་ཀྱི་བློ་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད། དེ་ལ་དབྱེ་ན་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཉིས། དེ་ནི་ས་དང་པོའི་ལམ་ལས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །གཞན་ཡང་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་ལ་སོགས་སྐབས་འདིར་མ་སྤྲོས་སོ། །
རང་བཞིན་མེད་པར་རྟོགས་པའི་སྒོ་ནས་བླང་དོར་ལ་འཇུག་པའི་དགེ་བ་དེ། ཐབས་ཕ་རོལ་ཏུ་ཕྱིན་པའི་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། སྦྱིན་པའི་བླ་ན་མེད་པར་ཕྱིན་པ་ལ་སོགས་བླ་མེད་བཅུའོ། །དེ་ཡང་འཛིན་ཆགས་ཀྱི་གཉེན་པོ་བྱེད་པའི་དགེ་བ་དེ། སྦྱིན་པའི་མཚན་ཉིད། དེ་ཉིད་རང་བཞིན་མེད་པར་རྟོགས་པའི་ངོ་བོར་གྱུར་པ་གཞི་མཐུན་པ་ནི། སྦྱིན་པའི་བླ་ན་མེད་པར་ཕྱིན་པའི་མཚན་ཉིད། འོག་མ་རྣམས་ལ་རིགས་འགྲེ། ཀུན་འབྱུང་གི་གཉེན་པོ་བྱེད་པའི་དགེ་བ་དེ། ཚུལ་ཁྲིམས་སོ། །བྱུང་ཚོར་གྱི་གཉེན་པོ་བཟོད་པའོ། །བཏང་སྙོམས་ཀྱི་བརྩོན་འགྲུས་སོ། །འགྱུར་ལྡོག་གི་བསམ་གཏན་ནོ། །ལྟུང་བའི་སྟོབས་སོ། །ཉོན་མོངས་ཀྱི་སྙིང་རྗེའོ། །རེ་དྭོགས་ཀྱི་སྨོན་ལམ་མོ། །འཁོར་ཆགས་ཀྱི་ཐབས་སོ། །འཁྲུལ་པའི་ཤེས་རབ་བོ། །དེ་རྣམས་བསམ་པ་ཁྱད་པར་ཅན་གྱིས་ཉམས་སུ་ལེན་པའི་ཆ་ནས་གོ་ཆའི་སྒྲུབ་པའོ། །སྦྱོར་བ་ཁྱད་པར་ཅན་གྱིས་ཉམས་སུ་ལེན་པའི་ཆ་ནས་འཇུག་སྒྲུབ་བོ། གནས་སྐབས་ཀྱི་འབྲས་བུ་བསྐྱེད་པའི་ཆ་ནས་ཚོགས་སྒྲུབ་བོ། །མཐར་ཐུག་གི་འབྲས་བུ་བསྐྱེད་པའི་ཆ་ནས་ངེས་འབྱུང་གི་སྒྲུབ་པའོ། །
དེ་ཡང་གཞན་དོན་དུ་བྱང་ཆུབ་ཐོབ་པའི་ཕྱིར་དུ་ཐབས་ལམ་ཟབ་མོ་བརྩོན་འགྲུས་ཀྱིས་ཉམས་སུ་ལེན་པའི་དགེ་བ་དེ། གཡུང་དྲུང་སེམས་དཔའི་སྒྲུབ་བའི་མཚན་ཉིད། དེ་ཡང་འབུམ་ཏིག་ལས། གཡུང་དྲུང་སེམས་དཔའ་གོ་ཆ་ཆེན་པོ་བགོས་ནས། ཞེས་དང༌། འཇུག་པ་ལམ། ཞེས་དང༌། ཚོགས་གཉིས་བསགས། ཞེས་དང༌། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང༌། ཞེས་གསུངས་པས། གཞན་དོན་དུ་བོན་སྐུ་ཐོབ་པའི་ཕྱིར་དུ་བླ་མེད་ཕྱིན་པ་མི་དམིགས་པའི་བསམ་པས་ཉམས་སུ་ལེན་པའི་དགེ་བ་དེ། གོ་སྒྲུབ་ཀྱི་མཚན་ཉིད། གཞན་དོན་དུ་བོན་སྐུ་ཐོབ་པའི་ཕྱིར་དུ་ཐབས་ལམ་ཟབ་མོ་ལ་འཇུག་ཅིང་བརྩོན་འགྲུས་ཀྱིས་ཉམས་སུ་ལེན་པའི་དགེ་བ་དེ། འཇུག་སྒྲུབ་ཀྱི་མཚན་ཉིད། གཞན་དོན་དུ་བོན་སྐུ་ཐོབ་པའི་ཆེད་དུ་མི་དམིགས་པས་ཉམས་སུ་བླངས་པས་གནས་སྐབས་ཀྱི་འབྲས་བུ་ལ་སོགས་བསྐྱེད་པའི་དགེ་བ་དེ། ཚོགས་སྒྲུབ་ཀྱི་མཚན་ཉིད། གཞན་དོན་དུ་བོན་སྐུ་ཐོབ་པའི་ཆེད་དུ་མི་དམིགས་པའི་བརྩོན་འགྲུས་ཀྱིས་ཉམས་སུ་བླང་བ་མཐར་ཐུག་གི་འབྲས་བུ་བསྐྱེད་པའི་དགེ་བ་དེ། ངེས་འབྱུང་གི་སྒྲུབ་པའི་མཚན་ཉིད། དེ་དག་ནི་ཚོགས་ལམ་ནས་རྒྱུན་མཐའི་བར་གྱི་དགེ་བ་དག་གོ། །གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་ལ་སྤྱོད་ན་ཚོགས་གཉིས་ཡོངས་སུ་རྫོགས་ཏེ། སྐུ་གསུམ་ཐོབ་བྱེད་མཚན་མེད་ཀྱི་དགེ་བ་དེ། ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད། དེ་ནི་མཉམ་བཞག་གི་ཡེ་ཤེས་ལ་སོགས་ཀུན་ནོ། །སྐུ་གསུམ་ཐོབ་བྱེད་ཀྱི་མཚན་བཅས་ཀྱི་དགེ་བ་དེ། བསོད་ནམས་ཀྱི་ཚོགས་ཀྱི་མཚན་ཉིད། དེ་ནི་རྗེས་ཐོབ་ཀྱི་དགེ་བ་ལ་སོགས་ཀུན་ནོ། །མདོར་ན་མྱང་འདས་སུ་ཕྱིན་བྱེད་དེ་ཐར་ལམ་ཡིན་པས། ཐར་པ་ཐོབ་པའི་ཐབས་ལ་ཐོས་པར་བྱའོ། །བསམ་པར་བྱའོ། །འཇུག་པར་བྱའོ། །བསྒྲུབ་པར་བྱའོ། །བསྒོམ་པར་བྱའོ། །དེ་དག་གང་དང་གང་དག་སྔོན་འགྲོ་སེམས་བསྐྱེད་དང་སྐྱབས་འགྲོས་ཟིན་པ། དངོས་གཞི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ། རྗེས་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །
གཉིས་པ་བགྲོད་ཚུལ་ལམ་གྱི་རིམ་པ་ནི། ཐར་པ་དོན་གཉེར་གྱི་སྐྱེས་བུས་ལམ་ལ་བགྲོད་པའི་ཚུལ་ནི། རྒྱུད་ལ་ཚོགས་ལམ་ཐོབ་པ་དང་སྦྱོར་ལམ་མ་ཐོབ་པའི་གཞི་མཐུན་གྱི་སྐྱེས་བུ་དེ། ཚོགས་ལམ་པའི་མཚན་ཉིད། སྦྱོར་ལམ་ཐོབ་པ་དང་མཐོང་ལམ་མ་ཐོབ་པ་གཞི་མཐུན་གྱི་སྐྱེས་བུ་དེ། སྦྱོར་ལམ་པའི་མཚན་ཉིད། མཐོང་ལམ་ཐོབ་པ་དང་སྒོམ་ལམ་མ་ཐོབ་པ་གཞི་མཐུན་གྱི་སྐྱེས་བུ་དེ། མཐོང་ལམ་པའི་མཚན་ཉིད། སྒོམ་ལམ་ཐོབ་པ་དང་རྣམ་མཁྱེན་གྱི་ཡེ་ཤེས་མ་ཐོབ་པ་གཞི་མཐུན་གྱི་སྐྱེས་བུ་དེ། སྒོམ་ལམ་པའི་མཚན་ཉིད། གཞན་རྣམས་ཤུགས་ཀྱིས་ཤེས་པར་བྱའོ། དེ་ཡང་རིམ་པ་བཞིན་དུ་ཚོགས་ལམ་ཆུང་ངུ་ལ་གནས་པ་དང༌། དྲོད་ལ་གནས་པ་དང༌། མཐོང་ལམ་ལ་གནས་པ་དང༌། སྒོམ་ལམ་ཆུང་ངུའི་ཆུང་ངུན་ལ་གནས་པའི་གང་ཟག་ལྟ་བུའོ། །
སེམས་བསྐྱེད་ལས་སྐྱེས་པ་དང་སྦྱོར་ལམ་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། ཚོགས་ལམ་གྱི་མཚན་ཉིད། དེ་ནི་ཚོགས་ལམ་ཆུང་ངུའི་ཆུང་ངུའི་སྐབས་ཀྱི་དད་པ་ཁྱད་པར་ཅན་ལ་སོགས་སོ། །ཚོགས་ལམ་ལས་སྐྱེས་པ་དང་མཐོང་ལམ་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། སྦྱོར་ལམ་གྱི་མཚན་ཉིད། དེ་ནི་དྲོད་ཆུང་ངུའི་སྐབས་སུ་དད་པའི་དབང་པོ་ལ་སོགས་སོ། །སྦྱོར་ལམ་ལས་སྐྱེས་པ་དང་སྒོམ་ལམ་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། མཐོང་ལམ་གྱི་མཚན་ཉིད། དེ་ནི་མཐོང་ལམ་གྱི་སྐབས་ཀྱི་ཤེས་རབ་ལ་སོགས་སོ། །མཐོང་ལམ་ལས་སྐྱེས་པ་དང་སངས་རྒྱས་སྐད་ཅིག་དང་པོ་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། སྒོམ་ལམ་གྱི་མཚན་ཉིད། དེ་ནི་སྒོམ་ལམ་ཆུང་ངུའི་ཆུང་ངུའི་སྐབས་ཀྱི་ཡང་དག་གི་ལྟ་བ་ལ་སོགས་སོ། །
ཐེག་དམན་སེམས་བསྐྱེད་ལས་སྐྱེས་པ་དང་ཐེག་དམན་གྱི་སྦྱོར་ལམ་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། ཐེག་དམན་གྱི་ཚོགས་ལམ་གྱི་མཚན་ཉིད། ཐེག་དམན་གྱི་ཚོགས་ལམ་ཆུང་ངུའི་ཆུང་ངུའི་སྐབས་ཀྱི་ཏིང་འཛིན་ལ་སོགས་སོ། །གཞན་རྣམས་རིགས་འགྲེའོ། །ཐེག་ཆེན་སེམས་བསྐྱེད་ལས་སྐྱེས་པ་དང་ཐེག་ཆེན་སྦྱོར་ལམ་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། ཐེག་ཆེན་གྱི་ཚོགས་ལམ་གྱི་མཚན་ཉིད། དེ་ནི་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུའི་ཆུང་ངུའི་སྐབས་ཀྱི་དད་སོགས་སོ། །གཞན་རྣམས་རིགས་འགྲེའོ། །སེམས་བསྐྱེད་ལས་སྐྱེས་པ་དང་ཚོགས་ལམ་འབྲིང་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། ཚོགས་ལམ་ཆུང་ངུའི་མཚན་ཉིད། དེ་ནི་གོང་བཞིན་ནོ། །ཚོགས་ལམ་ཆུང་ངུ་ལས་སྐྱེས་པ་དང་ཚོགས་ལམ་ཆེན་པོ་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། ཚོགས་ལམ་འབྲིང་གི་མཚན་ཉིད། དེ་ནི་ཚོགས་ལམ་འབྲིང་གི་ཆུང་ངུའི་སྐབས་ཀྱི་དད་སོགས་སོ། །ཚོགས་ལམ་འབྲིང་ལས་སྐྱེས་པ་དང་དྲོད་ཀྱི་ཡེ་ཤེས་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། ཚོགས་ལམ་ཆེན་པོའི་མཚན་ཉིད། དེ་ནི་ཚོགས་ལམ་ཆེན་པོའི་ཆུང་ངུའི་སྐབས་ཀྱི་དད་སོགས་སོ། །ཚོགས་ལམ་ཆེན་པོ་ལས་སྐྱེས་པ་དང་རྩེ་མོའི་ཡེ་ཤེས་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། དྲོད་ཀྱི་ཡེ་ཤེས་ཀྱི་མཚན་ཉིད། དེ་ནི་དྲོད་ཆུང་ངུའི་སྐབས་ཀྱི་དད་དབང་ལ་སོགས་སོ། །དྲོད་ལས་སྐྱེས་པ་དང་བཟོད་པའི་ཡེ་ཤེས་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། རྩེ་མོའི་ཡེ་ཤེས་ཀྱི་མཚན་ཉིད། དེ་ནི་རྩེ་མོ་ཆུང་ངུའི་སྐབས་ཀྱི་དད་དབང་ལ་སོགས་སོ། །རྩེ་མོ་ལས་སྐྱེས་པ་དང་བོན་མཆོག་གི་ཡེ་ཤེས་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། བཟོད་པའི་ཡེ་ཤེས་ཀྱི་མཚན་ཉིད། དེ་ནི་བཟོད་པ་ཆུང་ངུའི་སྐབས་ཀྱི་དད་སྟོབས་ལ་སོགས་སོ། །བཟོད་པ་ལས་སྐྱེས་པ་དང་མཐོང་ལམ་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། བོན་མཆོག་གི་མཚན་ཉིད། སྦྱོར་ལམ་བོན་མཆོག་ཅེས་སོགས་ཀུན་ལ་སྦྱར་རོ། །དེ་ནི་བོན་མཆོག་ཆུང་ངུའི་སྐབས་ཀྱི་དད་སྟོབས་ལ་སོགས་སོ། །མཐོང་ལམ་ལས་སྐྱེས་པ་དང་སྒོམ་ལམ་འབྲིང་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། སྒོམ་ལམ་ཆུང་ངུའི་མཚན་ཉིད། དེ་ནི་སྒོམ་ལམ་ཆུང་ངུའི་ཆུང་ངུའི་སྐབས་ཀྱི་ཡང་དག་པའི་ལྟ་བ་ལ་སོགས་སོ། །སྒོམ་ལམ་ཆུང་ངུའི་ཆུང་ངུ་ལས་སྐྱེས་པ་དང་སྒོམ་ལམ་ཆེན་པོ་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། སྒོམ་ལམ་འབྲིང་གི་མཚན་ཉིད། དེ་ནི་སྒོམ་ལམ་འབྲིང་གི་ཆུང་ངུའི་སྐབས་ཀྱི་ཡང་དག་པའི་ལྟ་བ་ལ་སོགས་སོ། །སྒོམ་ལམ་འབྲིང་ལས་སྐྱེས་པ་དང་སངས་རྒྱས་སྐད་ཅིག་དང་པོར་བསྐྱེད་བྱེད་གཞི་མཐུན་གྱིདགེ་བ་དེ། སྒོམ་ལམ་ཆེན་པོའི་མཚན་ཉིད། དེ་ནི་སྒོམ་ལམ་ཆེན་པོའི་ཆུང་ངུའི་སྐབས་ཀྱི་ཡང་དག་པའི་ལྟ་བ་ལ་སོགས་སོ། །སྒོམ་ལམ་ཆེན་པོའི་འབྲིང་ལས་སྐྱེས་པ་དང༌། སངས་རྒྱས་སྐད་ཅིག་དང་པོ་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། སྒོམ་ལམ་ཆེན་པོའི་ཆེན་པོའི་མཚན་ཉིད། དེ་ནི་སྒོམ་ལམ་ཆེན་པོའི་ཆེན་པོའི་སྐབས་ཀྱི་ཡང་དག་པའི་ལྟ་བ་ལ་སོགས་སོ། །གཞན་གྱི་ཞིབ་སེལ་ཤུགས་ཀྱིས་ཤེས་པར་མཛོད།
སེམས་བསྐྱེད་ལས་སྐྱེས་པ་དང༌། ཚོགས་ལམ་ཆུང་ངུའི་འབྲིང་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། ཚོགས་ལམ་ཆུང་ངུའི་ཆུང་ངུའི་མཚན་ཉིད། དེ་ནི་ཚོགས་ལམ་ཆུང་ངུའི་ཆུང་ངུའི་སྐབས་ཀྱི་དད་པ་ཁྱད་པར་ཅན་ལ་སོགས་སོ། ༼གཞན་རྣམས་འགྲེས་སུ་ཤེས་པར་བྱའོ།༽ །
ཐེག་དམན་ཀྱི་སེམས་བསྐྱེད་ལས་སྐྱེས་པ་དང༌། ཐེག་དམན་གྱི་ཚོགས་ལམ་ཆུང་ངུའི་འབྲིང་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། ཐེག་དམན་གྱི་ཚོགས་ལམ་ཆུང་ངུའི་ཆུང་ངུའི་མཚན་ཉིད། དེ་ནི་ཐེག་དམན་གྱི་ཚོགས་ལམ་ཆུང་ངུའི་ཆུང་ངུའི་སྐབས་ཀྱི་ཏིང་འཛིན་ལ་སོགས་སོ། །གཞན་རིགས་འགྲེའོ། །ཐེག་ཆེན་གྱི་སེམས་བསྐྱེད་ལས་སྐྱེས་པ་དང་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུའི་འབྲིང་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུའི་ཆུང་ངུའི་མཚན་ཉིད། དེ་ནི་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུའི་ཆུང་ངུའི་སྐབས་ཀྱི་དད་པ་ཁྱད་པར་ཅན་ལ་སོགས་སོ། །གཞན་རྣམས་འགྲེས་སུ་ཤེས་པར་བྱའོ། །ཆུང་ངུའི་ཆུང་ངུའི་ལ་སོགས་གསུམ་གསུམ་དུ་ཕྱེ་རུ་རུང་བ་ནི་ཇེ་གསལ་གྱིས་ཤེས་པ་རྒྱུན་ལྡན་ཡིན་པས་སོ། །
དམིགས་རྣམ་མི་བརྗེད་པའི་བློས་ཡིན་ལུགས་ལ་གནས་པའི་དགེ་བ་དེ། དྲན་པ་ཉེར་བཞག་གི་མཚན་ཉིད། དེ་ལ་དབྱེ་ན། ལུས་དྲན་པ་ཉེར་བཞག་དང༌། ཚོར་བ་དྲན་པ་ཉེར་བཞག་དང༌། སེམས་དྲན་པ་ཉེར་བཞག་དང༌། བོན་དྲན་པ་ཉེར་བཞག་སྟེ། དེ་ནི་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། སྤང་པའི་སེམས་ཤེས་རབ་དང་མཚུངས་པར་ལྡན་པའི་དགེ་བ་དེ། ཡང་དག་པར་སྤང་བའི་མཚན་ཉིད། དེ་ལ་དབྱེ་ན། ཡོད་མེད་མཐར་འཛིན། རྟག་ཆད་མཐར་འཛིན། གཟུང་འཛིན་དང༌། བྱིང་རྒོད་ཡང་དག་པར་སྤང་པའོ། །དེ་ནི་ཚོགས་ལམ་འབྲིང་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །
སེམས་རྩེ་གཅིག་ཏུ་གནས་པ་དང༌། འཕགས་པའི་ཡོན་ཏན་བསྐྱེད་བྱེད་གཞི་མཐུན་གྱི་དགེ་བ་དེ། རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད། དེ་ལ་དབྱེ་ན། མོས་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་དང༌། འདུན་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་དང༌། གསལ་བར་རྟོགས་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་དང༌། མཉམ་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་སྟེ། དེ་ནི་ཚོགས་ལམ་ཆེན་པོ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །དེ་ཡང་ཚོགས་ལམ་གྱི་སྐབས་སུ། དད་པ་ཁྱད་པར་ཅན་དང༌། བརྩོན་འགྲུས་ཁྱད་པར་ཅན་དང༌། དྲན་པ་ཁྱད་པར་ཅན་དང༌། ཏིང་ངེ་འཛིན་ཁྱད་པར་ཅན་དང༌། ཤེས་རབ་ཁྱད་པར་ཅན་གྱི་ངོ་བོར་ལྡན་པའོ། །སྦྱོར་ལམ་དྲོད་རྩེའི་སྐབས་སུ། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོའི་ངོ་བོར་ལྡན་པའོ། །རང་བཞིན་མེད་པར་རྟོགས་པ་ལ་དབང་བྱེད་པ་དེ། དབང་པོའི་མཚན་ཉིད། བཟོད་པ་དང་བོན་མཆོག་གི་སྐབས་སུ། དད་པའི་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་སྟོབས་ཀྱི་ངོ་བོར་ལྡན་པའོ། །མི་མཐུན་པའི་ཕྱོགས་ཀྱིས་འཇོམས་པར་མི་ནུས་པའི་དངོས་པོ་དེ། སྟོབས་ཀྱི་མཚན་ཉིད། དེའི་སྐབས་ཀྱི་ཏིང་ངེ་འཛིན་ལྔ་ནི། ཅི་ཡང་མ་ཡིན་པའི་ཏིང་ངེ་འཛིན་དང༌། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང༌། ཀུན་སྣང་གི་ཏིང་ངེ་འཛིན་དང༌། རྒྱུའི་ཏིང་ངེ་འཛིན་དང༌། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ནོ། །
དམིགས་རྣམ་ལ་སེམས་རྩེ་གཅིག་ཏུ་གནས་པའི་བློ་དེ། ཏིང་ངེ་འཛིན་གྱི་མཚན་ཉིད། སྤང་རྟོགས་ལས་ཕྱིར་མི་ལྡོག་པའི་ཆ་དང་བདག་མེད་མངོན་དུ་རྟོགས་པ་གཞི་མཐུན་གྱི་དགེ་བ་དེ། གཡུང་དྲུང་གི་ཡན་ལག་གི་མཚན་ཉིད། དེ་ལ་དབྱེ་ན། ཤེས་རབ་དང༌། དྲན་པ་དང༌། དགའ་བ་དང༌། བརྩོན་འགྲུས་དང༌། ཤིན་དུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་གཡུང་དྲུང་གི་ཡན་ལག་དང་བདུན་ནོ། །དེ་ནི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །
མི་མཐུན་ཕྱོགས་ལས་རྣམ་པར་གྲོལ་བའི་ཆ་དང་བདག་མེད་མངོན་སུམ་དུ་རྟོགས་པ་གོམས་པའི་གཞི་མཐུན་གྱི་དགེ་བ་དེ། ཐར་ལམ་གྱི་ཡན་ལག་གི་མཚན་ཉིད། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོགས་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་ནོ། །དེ་ནི་སྒོམ་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །དེ་ཡང་རྟོགས་པའི་སྒོ་ནས་དབྱེ་ན། ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ་ནི། བདག་མེད་དོན་སྤྱིའི་ཚུལ་དུ་རྟོགས་པ་གསལ་སྣང་མེད་པ་ཆུང་འབྲིང་ཆེན་པོ་གསུམ་གྱིས་རིམ་བཞིན་དུ་ཕྱེ་བའོ། །དྲོད་ནི་བདག་མེད་དོན་སྤྱིའི་ཚུལ་དུ་རྟོགས་པ་ལ་གསལ་སྣང་སྐྱེས་ཙམ་གྱིས་རབ་ཏུ་ཕྱེ་བའོ། །རྩེ་མོ་ནི་དེ་ཉིད་འཕེལ་བས་རབ་ཏུ་ཕྱེ་བའོ། །བཟོད་པ་ནི་དེ་ཉིད་བརྟན་པས་རབ་ཏུ་ཕྱེ་བའོ། །བོན་མཆོག་ནི་དེ་ཉིད་མཐར་ཐུག་པས་རབ་ཏུ་ཕྱེ་བའོ། །མཐོང་ལམ་ནི་བདག་མེད་མངོན་སུམ་དུ་གསར་དུ་རྟོགས་པས་རབ་ཏུ་ཕྱེ་བའོ། །སྒོམ་ལམ་ནི་བདག་མེད་མངོན་སུམ་དུ་རྟོགས་པ་འདྲིས་པས་རབ་ཏུ་ཕྱེ་བའོ། །སངས་རྒྱས་ནི་རྟོགས་པ་ཕུལ་དུ་ཕྱིན་པས་རབ་དུ་ཕྱེ་བའོ། །
སྤང་པའི་སྒོ་ནས་རབ་ཏུ་ཕྱེ་བ་ནི། ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ་ནི་སྤང་བྱའི་གཉེན་པོ་དྲན་པ་ལ་བཞག་པ་དང༌། སྤང་བྱ་སྤོང་བ་ལ་འཇུག་པ་དང༌། སྤང་བྱ་སྤོང་བའི་ཡན་ལག་ཐོབ་པ་དང་གསུམ་གྱིས་རིམ་བཞིན་ཕྱེ་བའོ། །དྲོད་ནི་སྤང་བྱའི་རྟོག་པ་སྤངས་པས་རབ་ཏུ་ཕྱེ་བའོ། །རྩེ་མོ་ནི་གཉེན་པོའི་རྟོག་པ་སྤངས་པས་རབ་ཏུ་ཕྱེ་བའོ། །བཟོད་པ་ནི་གང་ཟག་རྫས་འཛིན་གྱི་རྟོག་པ་སྤོང་བས་རབ་ཏུ་ཕྱེ་བའོ། །བོན་མཆོག་ནི། སྐྱེས་བུ་བརྟགས་ཡོད་ཀྱི་རྟོག་པ་སྤངས་པས་རབ་ཏུ་ཕྱེ་བའོ། །མཐོང་ལམ་ནི་མཐོང་སྤང་བརྒྱ་དང་བཅུ་གཉིས་སྤངས་པས་རབ་ཏུ་ཕྱེ་བའོ། ཁ་ཅིག་གིས་བརྒྱ་དང་སུམ་ཅུར་ཡང་བཤད་དོ། །སྒོམ་ལམ་ནི་སྒོམ་སྤང་བརྒྱད་ཅུ་གྱ་གཅིག་སྤངས་པས་རབ་ཏུ་ཕྱེ་བའོ། །དེ་ནི་སྤང་བྱ་དགུ་ལ་དགུ་དགུར་ཕྱེ་བ་སྟེ། ཆེ་འབྲིང་ཆུང་ངུ་གསུམ་གསུམ་མོ། །སྒོམ་ལམ་ཆུང་ངུའི་ཆུང་ངུ་ནི། སྒོམ་སྤང་ཆེན་པོའི་ཆེན་པོ་སྤངས་པས་རབ་ཏུ་ཕྱེ་བའོ། །དེ་བཞིན་དུ་གཞན་འགྲེས་སོ། །སྒོམ་ལམ་ཆེན་པོའི་ཆེན་པོ་ནི། སྒོམ་སྤང་ཆུང་ངུའི་ཆུང་ངུ་སྤངས་པས་རབ་ཏུ་ཕྱེ་བའོ། །སངས་རྒྱས་ནི་སྤང་བྱ་ཕྲ་ཞིང་ཕྲ་བ་སྤངས་པས་རབ་ཏུ་ཕྱེ་བའོ། །
གསུམ་པ་བགྲོད་བྱ་སའི་ཁྱད་པར་ནི། རང་ལ་བརྟེན་པ་ཀུན་གྱི་གཞི་བྱེད་པ་ད། སའི་མཚན་ཉིད། སོ་སྐྱེའི་སྡུག་བསྔལ་གྱི་གཞི་བྱེད་པ་དེ། འཁོར་བའི་སའི་མཚན་ཉིད། སོ་སྐྱེའི་སེམས་ཉིད་ལྟ་བུའོ། །འཕགས་པའི་ཡོན་ཏན་གྱི་གཞི་བྱེད་པ་དེ། མྱང་འདས་ཀྱི་སའི་མཚན་ཉིད། འཕགས་པའི་མཉམ་བཞག་གི་ཡེ་ཤེས་ལྟ་བུའོ། །སྦྱོར་ལམ་པའི་ཡོན་ཏན་གྱི་གཞི་བྱེད་པ་དེ། མོས་སྤྱོད་ཀྱི་སའི་མཚན་ཉིད། མཐོང་ལམ་གྱི་རྟེན་བྱེད་པ་དེ། ས་དང་པོའི་མཚན་ཉིད། སྒོམ་ལམ་ཆུང་ངུའི་ཆུང་ངུའི་གཞི་བྱེད་པ་དེ། ས་གཉིས་པའི་མཚནཉིད། དེ་བཞིན་དུ་དེའི་འབྲིང་དང་ཆེན་པོ་དང༌། འབྲིང་གི་ཆུང་འབྲིང་ཆེན་པོ་དང༌། ཆེན་པོའི་ཆུང་འབྲིང་ཆེན་པོའི་གཞི་བྱེད་པ་དེ། རིམ་པ་བཞིན་དུ་ས་གསུམ་པའི། བཞི་པའི། ལྡ་པའི། དྲུག་པའི། བདུན་པའི། བརྒྱད་པའི། དགུ་པའི། བཅུ་པའི་མཚན་ཉིད་དོ། །ཡོན་ཏན་ཕུལ་ཕྱིན་གྱི་གཞི་བྱེད་པ་དེ། སངས་རྒྱས་ཀྱི་སའི་མཚན་ཉིད། ས་དང་པོ་ཐོབ་པའི་ཡོན་ཏན་གྱི་ཁྱད་པར་ནི། སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱའི་ཞལ་མཐོང་བ་དང༌། དེ་ལས་བོན་སྒོ་བརྒྱ་ཉན། བྱིན་རླབས་བརྒྱ་ཐོབ། སྤྲུལ་པ་བརྒྱར་འགྱེད། སྔ་ཕྱི་དུས་གནས་བརྒྱ་མཁྱེན། བསྐལ་པ་བརྒྱ་འབྱེད། ཏིང་ངེ་འཛིན་བརྒྱ་ལ་འཇུག་ཅིང་ལྡང༌། ཞིང་ཁམས་བརྒྱར་འགྲོ། འོད་བརྒྱ་འགྱེད། ལུས་བརྒྱར་སྤྲུལ། བོན་སྒོ་བརྒྱ་སྟོན། ལུས་རེ་ལ་འཁོར་བརྒྱ་རེས་བསྐོར། དེ་བཞིན་དུ་གཉིས་པས་སྟོང༌། གསུམ་པས་འབུམ། བཞི་པས་འབུམ་ཕྲག་བརྒྱ། ལྔ་པས་འབུམ་ཕྲག་སྟོང༌། དྲུག་པས་འབུམ་ཕྲག་འབུམ། བདུན་པས་བྱེ་བ་ཕྲག་བརྒྱ། བརྒྱད་པས་བྱེ་བ་ཕྲག་སྟོང༌། དགུ་པས་བྱེ་བ་ཕྲག་འབུམ། བཅུ་པས་སའི་རྡུལ་ཕྲན་གྱི་གྲངས་དང་མཉམ་པར་སྟོན། དེས་མཚོན་ནས་ཐེག་པ་ཆེ་ཆུང་གི་ལམ་ལ་འཇུག་ཚུལ་ཤེས་པར་བྱའོ། །དེས་ནི་ལམ་གྱི་ཁྱད་པར་ཅུང་ཙམ་བརྗོད་པའོ། །
གསུམ་པ་རྟོགས་བྱ་འགོག་བདེན་གྱི་ཁྱད་པར་བསྟན་པ་ནི། ས་བཅུ་རྒྱུན་མཐའི་ཡེ་ཤེས་ལས་སྐྱེས་པ་དང༌། སྤང་རྟོགས་ཁྱད་པར་ཅན་གྱི་གཞི་མཐུན་པ་དེ། སངས་རྒྱས་ཀྱི་མཚན་ཉིད། ཐེག་དམན་གྱི་ས་བཅུའི་རྒྱུན་མཐའི་ཡེ་ཤེས་ལས་སྐྱེས་པ་དང༌། སྤང་རྟོགས་ཕྱོགས་གཅིག་མཐར་ཐུག་པ་དེ། ཐེག་དམན་གྱི་དགྲ་བཅོམ་གྱི་མཚན་ཉིད། ཐེག་ཆེན་གྱི་ས་བཅུའི་རྒྱུན་མཐའི་ཡེ་ཤེས་ལས་སྐྱེས་པ་དང་སྤང་རྟོགས་ཕུལ་ཕྱིན་གྱི་གཞི་མཐུན་པ་དེ། རྫོགས་པའི་སངས་རྒྱས་ཀྱི་མཚན་ཉིད། དེའི་ཁྱད་པར་ལ་གསུམ། རྟེན་སྐུ་དང༌། བརྟེན་པ་ཡེ་ཤེས་དང༌། མཛད་པའི་ཕྲིན་ལས་སོ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་འབྲས་བུ་དང་ཡེ་ཤེས་དང་ཕྲིན་ལས་གཉིས་ཀ་བསྐྱེད་བྱེད་གཞི་མཐུན་པ་དེ། སངས་རྒྱས་ཀྱི་སྐུའི་མཚན་ཉིད། དེ་ལ་དབྱེ་ན། བོན་སྐུ། རྫོགས་སྐུ། སྤྲུལ་སྐུ་གསུམ་མོ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་འབྲས་བུ་དང་གཟུགས་སྐུ་གཉིས་ཀ་བསྐྱེད་བྱེད་གཞི་མཐུན་པ་དེ། བོན་སྐུའི་མཚན་ཉིད། དེ་ནི་སངས་རྒྱས་ཀྱི་སའི་དབྱིངས་ཡེ་ཤེས་གཉིས་མེད་དོ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་འབྲས་བུ་དང་གཡུང་དྲུང་སེམས་དཔའ་ལ་ངེས་པ་ལྔ་ལྡན་དུ་འཆར་བའི་གཞི་མཐུན་པ་དེ། རྫོགས་སྐུའི་མཚན་ཉིད། གཤེན་ལྷ་འོད་དཀར་ལ་སོགས་སོ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་འབྲས་བུ་དང༌། གདུལ་བྱ་ལ་མ་ངེས་ལྔ་ལྡན་དུ་འཆར་བའི་གཞི་མཐུན་པ་དེ། སངས་རྒྱས་ཀྱི་སྤྲུལ་སྐུའི་མཚན་ཉིད། སྟོན་པ་གཤེན་རབ་ལྟ་བུའོ། །རྒྱུན་མཐའི་ཡེ་ཤེས་ལས་སྐྱེས་པ་དང༌། ཤེས་བྱ་ཐམས་ཅད་མངོན་སུམ་དུ་གསལ་བའི་གཞི་མཐུན་གྱི་རིག་པ་དེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཚན་ཉིད། དེ་ལ་དབྱེ་ན་ཡེ་ཤེས་ལྔ་ལ་སོགས་སོ། །རྒྱུན་དང་གནས་ལུགས་མངོན་སུམ་དུ་གསལ་བའི་གཞི་མཐུན་གྱི་རིག་པ་དེ། སངས་རྒྱས་ཀྱི་ཇི་ལྟ་བ་རྟོགས་པའི་ཡེ་ཤེས་ཀྱི་མཚན་ཉིད། སངས་རྒྱས་ཀྱི་མཉམ་བཞག་གི་ཡེ་ཤེས་ལྟ་བུའོ། །རྒྱུན་དང་སྣང་ཆ་མངོན་སུམ་དུ་གསལ་བའི་གཞི་མཐུན་གྱི་རིག་པ་དེ། སངས་རྒྱས་ཀྱི་ཇི་སྙེད་བ་མཁྱེན་པའི་ཡེ་ཤེས་ཀྱི་མཚན་ཉིད། སངས་རྒྱས་ཀྱི་རྗེས་ཐོབ་ཀྱི་ཡེ་ཤེས་ལྟ་བུའོ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་འབྲས་བུ་དང༌། གདུལ་བྱ་ལ་ཕན་བདེ་བསྐྱེད་པའི་གཞི་མཐུན་གྱི་ཐབས་དེ། སངས་རྒྱས་ཀྱི་ཕྲིན་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཞི་བ། རྒྱས་པ། དབང༌། དྲག་པོའི་ཕྲིན་ལས་དང་བཞིའོ། །གཞན་ཡང་མཛད་པ་བཅུ་གཉིས་ལ་སོགས་སོ། །
དེ་ཡང་གང་གདུལ་མོས་ཕྱིར་སྣ་ཚོགས་མཛད། །འབད་མི་དགོས་པར་ལྷུན་གྱིས་གྲུབ། །རྒྱུན་མི་ཆད་པར་རྟག་པར་གནས། །བྲི་བཀོལ་མེད་པར་ཀུན་ཁྱབ་མཛད། །ཅེས་པའོ། །དེས་ནི་འབྲས་བུའི་བཀོལ་མེད་པར་ཀུན་ཁྱབ་མཛད། ཅེས་པའོ། དེས་ནི་འབྲས་བུའི་ཁྱད་པར་ཅུང་ཙམ་བརྗོད་པའོ། །འདི་དག་ནི་ཐེག་པ་སྤྱི་དང་བསྟུན་པ་ནི་མ་ཡིན་ནོ། །ས་དང་ལམ་བགྲོད་པ་ལས་སངས་རྒྱས་སུ་ཕྱིན་པའམ་ཐོབ་པར་འདོད་པ་རྣམས་དང་བསྟུན་ནས་བློ་དམན་ཉེ་བར་དཀྲི་ཕྱིར་བཀོད་པའོ། །
བདག་གི་བསམ་སྤྱོར་རྣམ་པར་དག་པ་ཡིས། །
གཞན་དོན་ཕྱིར་དུ་ས་དང་ལམ་གྱི་དོན། །
ཅུང་ཙམ་བསྡུས་ལ་འགལ་འཁྲུལ་མཆིས་གྱུར་ན། །
རྒྱལ་དང་རྒྱལ་སྲས་མཁས་པའི་ཚོགས་ལ་བཤགས། །
དགེ་བ་འདི་ཡིས་མཁའ་ཁྱབ་འགྲོ་བ་ཀུན། །
སྤང་པ་མི་འགྱུར་གཡུང་དྲུང་བྲག་ཐོག་ཏུ། །
རྟོགས་པ་མི་ནུབ་རྒྱལ་མཚན་འཛུག་པར་ཤོག །

ཅེས་པའི་ཚུལ་འདི་ནི་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས། བཀྲ་ཤིས་སྨན་རིའི་ཁྲོད་དུ་སྦྱར་བ་དགེའོ། །མུ་ཙུག་སྨར་རོ།། །།

1,388 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།