བོན་ཆོས་དབྱེར་མེད་རྣམ་བཤད་སྐྱ་རེངས་སྣང་བ།

རིས་མེད་འགྲོ་ཀུན་སྐྱབས་པའི་དཔལ། །དྲི་མེད་སངས་རྒྱས་བཀའ་དང་ལུང༌། །འགག་མེད་ཐབས་སུ་བོན་དང་ཆོས། །དབྱེར་མེད་ངང་ལ་བདག་འདུད་དོ། །སོ་སོའི་སྐྱེ་བོ་མ་རིག་བློ། །བདག་འཛིན་འཁྲུལ་བ་ཁོ་ན་ཡིས། །བསླད་དེ་བོན་ཆོས་ཕྱོགས་འཛིན་གྱི། །ཉེས་པ་བསལ་ཕྱིར་འདི་བཤད་བྱ། །འཛམ་གླིང་སྐད་རིགས་མི་འདྲ་བ། །སུན་བརྒྱ་དྲུག་ཅུ་ཡོད་པ་ལས། །བོན་ཆོས་བསྒྱུར་བཏུབ་སྐད་ཆེན་དྲུག །དེ་ཡང་སྟག་གཟིག་ཞང་ཞུང་བོད། །རྒྱ་གར་རྒྱ་ནག་ཕྲོམ་དྲུག་ལ། །འཛམ་གླིང་བསྟན་པའི་རྒྱན་དྲུག་གིས། །སོ་སོར་རང་རང་སྐད་དུ་བསྒྱུར། །དེ་ནས་ཞང་ཞུང་ལོ་པཎ་དང༌། །རྒྱ་གར་ཡུལ་གྱི་ལོ་ཙཱ་བས། །བོད་དུ་བསྟན་པ་སྤེལ་བ་ལ། །རང་རང་དགོངས་བཞེད་མི་མཐུན་པས། །བོད་སྐད་ནང་ཚན་བྱེ་བྲག་ལས། །སྒྲ་ཚིག་མི་འདྲ་དོན་གཅིག་པ། །དཔེར་ན་ཆུ་དང་ཆབ་ཅེས་སམ། །མེ་དང་ཞུག་ཞེས་པ་ལྟ་བུ་སྟེ། །བོན་དང་ཆོས་ཞེས་བྱ་བ་ནི། །བསྟན་པ་གཅིག་ལ་སྟོན་བྱེད་ཚིག །མི་འདྲ་སོ་སོར་བརྗོད་ན་ཡང༌། །ངོ་བོ་རྟོགས་བྱ་གཅིག་ཡིན་ནོ། །དེས་ན་ལྷ་དང་ཐེག་པ་ཡི། །མཚན་གྱི་འགྱུར་ལུགས་འདི་ལྟར་སྟེ། ། ཞང་ཞུང་བས་དྲུང་མུ་གྱེར་རེ་ཟེར་བ་དང༌། །བོད་སྐད་དུ་གཡུང་དྲུང་བོན་ཞེས་སུ་བསྒྱུར། །རྒྱ་གར་བས་རད་ཎ་རྡ་རྨ་ཟེར། བོད་སྐད་དུ་དམ་པའི་ཆོས་ཞེས་སུ་བསྒྱུར་བའོ། །དེ་ནས་བོན་ཉིད་ལ་དབྱེ་བ་མེད་ཅིང༌། བོན་ཅན་དང་ཆོས་ཅན་ནི་ཅིར་ཡང་སྣང་སྟེ། དོན་བོན་ཉིད་དང་ཆོས་ཉིད་ལས་མི་འདའ་འོ། དེ་ལྟར་དུ་སངས་རྒྱས་ཉིད་ཀྱི་བོན་སྐུ་དང་ཆོས་སྐུ་དབྱིངས་སུ་གནས་པ་ལ་མཚན་མ་མེད་པའི་དོན་དུ་གཅིགམཁའ་ལ་ཤར་བའི་རྫོགས་སྐུ་དང་ལོངས་སྐུ།ཀློང་དུ་སྤྲུལ་བ་གཤེན་རབ་དང་ཤཀྱཱ་ཐུབ་པ་སོགས་ནི། གདུལ་བྱའི་བློ་དང་འཚམས་པར་ཅིར་ཡང་སྣང་སྟེ། བོད་སྐད་དུ་བོན་སྐུའམ་ཆོས་སྐུ་ལས་མི་འདའ་བའོ། དེ་ཕྱིར་ཞང་ཞུང་བས་བོན་སྐུ་ཀུན་ཏུ་བཟང་པོ། རྫོགས་སྐུ་གཤེན་ལྷ་འོད་དཀར། སྤྲུལ་སྐུ་འཆི་མེད་གཙུག་ཕུད་དུ་བཞེད་དོ། །རྒྱ་གར་བས་ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་འཆང་ཆེན། སྤྲུལ་སྐུ་དགའ་རབ་རྡོ་རྗེ་རུ་བཞེད་དོ། །དེ་བཞིན་དུ་ཞང་ཞུང་བས། སྐུ་དབལ་གསས་རྔམ་པ། གསུང་ལྷ་རྒོད་ཐོག་པ། ཐུགས་གཙོ་མཆོག་མཁའ་འགྱིང༌། རྒྱ་གར་བས་སྐུ་དགྱེས་པ་རྡོ་རྗེ། གསུང་ཡེ་ཤེས་མགོན་པོ། ཐུགས་བདེ་མཆོག་ཅེས་སོ། ཞང་ཞུང་བས་དབུས་ན་ཀུན་སྣང་ཁྱབ་པ། ཤར་ན་གསལ་བ་རང་འབྱུང༌། བྱང་ན་དགེ་ལྷ་གར་ཕྱུག ནུབ་ན་བྱེ་བྲག་དངོས་མེད། ལྷོ་ན་དགའ་བ་དོན་གྲུབ་དང་ལྔའོ། རྒྱ་གར་བས། དབུས་ན་རྣམ་པར་སྣང་མཛད། ཤར་ན་རྡོ་རྗེ་སེམས་དཔལ། ལྷོ་ན་རིན་ཆེན་འབྱུང་ལྡན། ནུབ་ན་སྣང་བ་མཐའ་ཡས། བྱང་ན་དོན་ཡོད་གྲུབ་པ་དང་ལྔའོ། ཞང་ཞུང་བས། རྒྱལ་བ་རིགས་ལྔ། རྒྱ་གར་བས། སངས་རྒྱས་རིགས་ལྔའོ། །ཞང་ཞུང་བས། གཡུང་དྲུང་རིགས་ལྔ། རྒྱ་གར་བས། རྡོ་རྗེ་རིགས་ལྔའོ། །གཞན་བཞི་འདྲའོ། །རིགས་ལྔའི་ཁྲོ་བོ་ལ། ཞང་ཞུང་བས་གཙོ་མཆོག་མཁའ་འགྱིང༌། ཁྲོ་གསས། རྔམ་གསས། དབལ་གསས། གཏུམ་གསས་དང་ལྔ། རྒྱ་གར་བས། ཆེ་མཆོག་ཧེ་རུ་ཀ བཛྲཧེ་རུ་ཀ ཀརྨ་ཧེ་རུ་ཀ པདྨ་ཧེ་རུ་ཀ རད་ཎ་ཧེ་རུ་ཀ་དང་ལྔའོ། །ཞང་ཞུང་བས། རིགས་ལྔའི་ཁྲོ་བོ། རྒྱ་གར་བས། ཁྲག་འཐུང་རིགས་ལྔ་ཟེར་རོ། ཞང་ཞུང་བས། མགོན་པོ་རྣམ་གསུམ། རྒྱ་གར་བས་རིགས་གསུམ་མགོན་པོ། ཞང་ཞུང་བས། ཐུགས་ཡེ་ཤེས་ཀྱི་མགོན་པོ་ཨ་ཏི་མུ་ཝེར། གསུང་རྫུ་འཕྲུལ་གྱི་མགོན་པོ་ཀུ་བྱི་མང་སྐེ། ཐུགས་ལས་ཀྱི་མགོན་པོ་དབལ་ཆེན་གེ་ཁོད། རྒྱ་གར་བས། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། འཕགས་པ་འཇལ་དཔལ་ལམ་འཇམ་པའི་དབྱངས། ཕྱག་ན་རྡོ་རྗེ་དང་གསུམ་མོ། མོ་རྒྱུད་འགྱུར་ཚུལ་ནི། ཞང་ཞུང་བས། མ་ཅིག་སྲིད་པའི་རྒྱལ་མོ། དབྱིངས་ན་བཞུགས་ན་ཀུན་ཏུ་བཟང་མོ། བསྐལ་སྟོང་སངས་རྒྱས་བསྐྱེད་ན་ཡུམ་ཆེན་ས་ཏྲིག་ཨེར་སངས། སྣང་སྲིད་སྣོད་བཅུད་སྒྲོལ་ན་རྔམ་མོ་ཡུམ་ཆེན། སྲིད་གསུམ་ཞིང་ཁམས་སྐྱོང་ན་ལྷ་ཟ་མཚན་དྲུག དབང་གི་མ་མོར་བྱོན་ན་མཁའ་ལ་གདུག་མོ། ཡེ་ཤེས་མཁའ་འགྲོར་སྤྲུལ་ན་བསྐལ་བ་བཟང་མོ། དུར་ཁྲོད་ཆས་ཀྱིས་བརྒྱན་ན་ཐུགས་རྗེ་ཀུན་སྒྲོལ། ཏྲག་ཤུལ་སྟོབས་ལྡན། བདེ་འགྲོ་གསང་ཡུམ། གཙོ་འཁོར་སྤྲུལ་བ་གཟེ་གྱང་བྱིན་ཏེ། རྒྱ་གར་བས། མ་ཅིག་དཔལ་གྱི་ལྷ་མོ། དབྱིངས་ན་བཞུགས་ན་ཀུན་ཏུ་བཟང་མོ། བསྐལ་སྟོང་སངས་རྒྱས་བསྐྱེད་ན་ཡུམ་ཆེན་ཤེས་རབ་ཕར་ཕྱིན་མ། ཁྲོ་པོའི་སྐུ་ལ་སྤྲུལ་ན་ཀུན་བཟང་ཡུམ་ཆེན། མ་མཆོག་གཙོ་འཁོར་སྤྲུལ་ན་ཡུམ་བདག་མེད་མ། དུར་ཁྲོད་ཚོགས་སུ་སྒྲོལ་ན་རྡོ་རྗེ་ཕག་མོ་རྣལ་འབྱོར་མ། དྲག་ཤུལ་སྟོབས་ལྡན། དམག་ཟོར་རྒྱལ་མོའམ་ཆོས་སྐྱོང་མ་ཧ་ཀ་ལ། གཙོ་འཁོར་སྤྲུལ་བ་དབང་ཕྱུག་ཤེ་ན་མ་ཟེར་ཏེ། ཞང་ཞུང་བས། མཁའ་ཡི་དཀར་མོ། དབྱིངས་ཀྱི་རྨུག་མོ། ཀློང་གི་ནག་མོ། རྒྱ་གར་བས། རེ་མ་ཛ། རེ་མ་ཛུ། རེ་མ་ཏི་ཞེས་སོ། བལ་བོད་མཚམས་སུ། དཀར་རྨུག་ནག་གསུམ་ཞེས་ཀྱང་བྱའོ། །ཞང་ཞུང་བས། སྒྲ་བླའི་རྒྱལ་མོ་སྟག་རི་རོང༌། རྒྱ་གར་བས། ཨེ་ཀ་ཙ་ཏི་རལ་གཅིག་མའོ། །ཞང་ཞུང་བས། མི་བདུད་འབྱམས་པ་ཁྲག་མགོ ། རྒྱ་གར་བས། མགོན་པོ་མ་ཧ་ཀ་ལ། ཞང་ཞུང་བས། ཆེ་བཙན་དམག་དཔོན་རྒྱལ་པོ་ཡང་ནེ་ཝེར། རྒྱ་གར་བས། མགོན་པོ་བྱ་རོག་གདོང་ཅན། བོད་ཀྱིས་དམག་དཔོན་ཆེན་པོ་ཞེས་བྱའོ། ཡང་དག་པ་ལྷའི་སྐད་དུ། གྱང་ཀྱི་སྐུ་མཆོག་དམར་པོ། གཡུང་དྲུང་བོན་གྱིས་བྲག་བཙན་གཡུང་དྲུང་དགྲ་འདུལ་རྩལ། དམ་པ་ཆོས་ཀྱིས་མཚན་གསོལ་བ། རྡོ་རྗེ་ལེགས་པ་དགྲ་འདུལ་དཔལ། བོད་སྐད་དུ། ཨ་བསྭེ་རྒྱལ་བ། བལ་བོད་མཚམས་སུ་མོན་པ་མཆེད་བཞི། རྡོ་རྗེ་བམ་ཆུ་རྡོ་རྗེ་དྲག་ཤད་ཅེས་སོ། ཞང་ཞུང་བས། རྒྱལ་ཆེན་ཉི་པང་སད། རྒྱ་གར་བས། ཚངས་པ་དུང་ཐོར་ཅན། ཞང་ཞུང་བས། རྒྱལ་པོ་ཤེལ་ཁྲབ་ཅན། རྒྱ་གར་བས། སྲོག་བདག་རྒྱལ་པོ་བེ་དཀར་ཞེས་བྱའོ། །ད་ནི་དཔོན་གསས་རྒྱུད་པ་འགྱུར་ཚུལ་ནི། ཞང་ཞུང་བས། དཔོན་གསས་བླ་མ། རྒྱ་གར་བས། རྗེ་བཙུན་བླ་མ་ཟེར། དེ་ལྟར་སྟག་གཟིགས་བས། ལྷ་བུ་གཡུང་དྲུང༌། ཞང་ཞུང་བས། སྟག་ལ་མེ་འབར། རྒྱ་གར་བས། དཔལ་ཆེན་ཏེ་ལོ་པ་ཞེས་སོ། གོང་མ་ཆེ་དྲུག་ཀྱང་དེ་ལྟར་རོ།

ཡང་སྟག་གཟིག་བས། བོན་མོ་སྟག་ཝེར་ལི་ཝེར། ཞང་ཞུང་བས། གཉའ་ཆེན་ལི་ཤུ་སྟག་རིང༌། རྒྱ་གར་བས། སློབ་དཔོན་ཞི་བ་འོད། བལ་བོད་མཚམས་སུ་མོན་བོན་ཧ་ར་ཅི་པར། བོད་སྐད་དུ་ཡེ་ཤེས་བླ་མ་སྟག་ཟ་ལི་ཝེར་ཞེས་པའོ། གདུང་རྒྱུད་བཅུ་གསུམ་ཡང་དེ་ལྟར་རོ། ཞང་ཞུང་བས། ཛཱ་མེན་གྱེར་ཆེན། རྒྱ་གར་བས། བྲམ་ཟེ་ཆེན་པོ་ར་ཧ་བ། རྒྱ་ནག་ཏུ་ཟིང་བ་མཐུ་ཆེན། བོད་སྐད་དུ་མཁས་བ་སྟོང་རྒྱུང་མཐུ་ཆེན། མཁས་པ་མི་བཞི་ཡང་དེ་ལྟར་རོ། །ཞང་ཞུང་བས། ཁོད་སྤུངས་བླ་ཆེན་དྲན་པ་ནམ་མཁའོ། རྒྱ་གར་བས། བྷེ་བ་པ་ཆང་མཐུང་ཉི་མ་གཏོད་ནན། བལ་བོད་མཚམས་སུ་ཁྱེའུ་དྲན་པའི་མདོག་ཅན། བོད་དུ་བླ་ཆེན་དྲན་པ་ནམ་མཁའ། ཞང་ཞུང་བས། གཡུང་དྲུང་མཐོང་གསལ་དང༌། གཡུང་དྲུང་མཐོང་སྒྲོལ་གཉིས། རྒྱ་གར་བས། ཚེ་དབང་མུ་ལ་སྒྲོན་གསལ་དང༌། དབང་ལྡན་པདྨ་དོན་གསལ་གཉིས། བོད་སྐད་དུ། བླ་མ་ཚེ་དབང་རིག་འཛིན་དང༌། གུ་རུ་པདྨ་འབྱུང་གནས་དང༌། དེ་ལྟར་དུ་སྟག་གཟིག་ཡུལ་དུ་དགྲ་བཅོམ་བརྒྱད་ཅུ། ཞང་ཞུང་བས། སེམས་དཔའ་བརྒྱད་ཅུ། རྒྱ་གར་བས། གྲུབ་ཆེན་བརྒྱད་ཅུ། བོད་སྐད་དུ། རིག་འཛིན་བརྒྱད་ཅུ། དེ་རྣམས་ངོ་བོ་གཅིག་ལ་རྫུ་འཕྲུལ་དུ་མར་སྣང་བའོ། ད་ནི་མེད་ཁམས་ཀྱི་རྒྱུ་མ་རིག་པས་བྱས་པས། གདུལ་བྱ་ལ་ཡང་མི་འདྲ་བ་མེད་དེ། བདུད་ཀྱི་གཙོ་བོ་མུན་པ་ཟེར་ལྡན་ནི། ཕྱིའི་དུས་སུ་འོད་རླུང་ནག་པོ། ནང་གི་དུས་སུ་སྤྱི་བདུད་ནག་པོ། གསང་བའི་དུས་སུ་ཨ་བ་གླང་མགོ རྒྱ་གར་བས། གཤིན་རྗེ་ཆོས་རྒྱལ། གཤེན་རབ་ལ་འགྲན་དུས་ཁྱབ་པ་ལག་རིང༌། ཤག་ཐུབ་ལ་འགྲན་དུས་ང་མན་ཆོས་པོ། ཞང་ཞུང་བས། མ་ཏིང་ཁ་ཆེ། རྒྱ་གར་བས། མ་ཊྭཾ་རུ་ཊ་ཟེར་རོ། ཞང་ཞུང་བས། མཐའ་གཉིས་འཛིན་པའི་མུ་སྟེགས། རྒྱ་གར་བས། ལོག་པ་སྡེ་གཉིས་ཀྱི་མུ་སྟེགས། གཤེན་རབ་ལ་འགྲན་དུས་མུ་སྟེགས་ཀུན་ལ་རྒྱུ་བའི་སྲས་ལ་བ་ཅན། ཤྭག་ཐུབ་ལ་འགྲན་དུས་མུ་སྟེགས་རྒྱལ་འཕེལ་བ་ལ་ཅན། ཡང་ན་དགེ་བ་ལ་བར་དུ་གཅོད་པ་ཐམས་ཅད་བདུད་ཡིན་ལ། ཐར་བའི་ལས་ལ་ཀེགས་བྱེད་པ་ཐམས་ཅད་མུ་སྟེགས་པའོ། དེ་ལྟ་བུ་འདུལ་བའི་གཉེན་པོ་བོན་དང་ཆོས་ཞེས་བྱ་བ་བསྟན་པའི་སྟོན་པ་ནི། ཞང་ཞུང་བས། སྔ་རབས་འདས་པའི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན། ད་ལྟ་བཞུགས་པའི་སྟོན་པ་གཤེན་རབ་མི་བོ། སླད་ནས་འབྱོན་པའི་སྟོན་པ་ཐང་མ་མེ་སྒྲོན་ཡིན་ནོ། རྒྱ་གར་བས། སྔ་རབས་འདས་བའི་སངས་རྒྱས་མར་མེ་མཛད། ད་ལྟ་བཞུགས་བའི་སངས་རྒྱས་རྒྱལ་བ་ཤཀྱ་ཐུབ་པ། ཕྱི་རབས་འབྱོན་བའི་སངས་རྒྱས་བྱམས་མགོན་ཆོས་ཀྱི་རྒྱལ་པོ་ཞེས་བྱའོ། །ཞང་ཞུང་བས། གེ་ཁོད་དབང་རྒྱལ། རྒྱ་གར་བས། གཤིན་རྗེ་གཤེད་མར་ཞེས་སོ། ཞང་ཞུང་བས། ཕུར་ནག་འབྲུག་གསས་ཆེམ་པ། རྒྱ་གར་བས། ཕུར་བ་རྡོ་རྗེ་གཞོན་ནུ་ཞེས་སོ། །ཞང་ཞུང་བས། ཁྲོ་རྒྱལ་རཀྵ་སྤྱི་འདུལ། རྒྱ་གར་བས། རྟ་འགྲིན་གར་གྱི་དབང་ཕྱུག་ཅེས་བྱའོ །

ཞང་ཞུང་བས། ཡི་དམ་ཁྲོ་ཕུར་ཞང་གསུམ། རྒྱ་གར་བས། མ་གཤིན་ཕུར་གསུམ་མོ། བསྟན་པའི་གནས་དང་བཀའ་ཡི་འགྱུར་ཚུལ་ནི། ཞང་ཞུང་བས། ཡུལ་འོལ་མོ་ལུང་རིང༌། མཁར་བར་པོ་སོ་བརྒྱད། གསས་མཁར་ཤམ་པོ་ལྷ་རྩེ། རྒྱ་གར་བས་བྱང་ཤམ་པ་ལའི་གནས་མཆོག ནུབ་ཕྱོགས་ཨཱོྃ་རྒྱན་གྱི་ཡུལ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་འདོད། ཤྭག་ཐུབ་བཀའ་འཁོར་བསྐོར་བའི་གནས་ནི། རྒྱ་གར་གྱི་འོད་མ་འབྱམས་སྐྱའམ་ཡུལ་ཝ་ར་ན་ས། མཁར་པང་རྩེ་ལང་ལིང་ཞེས་སོ། བཀའ་ནི། ཞང་ཞུང་བས། བོན་ཐེག་པ་རིམ་དགུ རྒྱུའི་བོན་བཞི། འབྲས་བུའི་བོན་བཞི། ཁྱད་པར་བླ་ན་མེད་པའི་བོན་དང་དགུ། རྒྱ་གར་བས། བྱ་བའི་ཆོས་བཞི། སྤྱོད་པའི་ཆོས་བཞི། བྱ་སྤྱོད་བླ་ན་མེད་པ་རྣལ་འབྱོར་གྱི་ཆོས་དང་དགུའོ། །ཡང་ན་ཞང་ཞུང་བས། ལྷ་མི་གཞན་བརྟེན་ཐེག་པ། རང་སྟོབས་གཤེན་རབ་ཐེག་པ། ཐུགས་རྗེ་སེམས་དཔའི་ཐེག་པ། གཡུང་དྲུང་སེམས་དཔའི་ཐེག་པ། བྱ་བ་གཙང་སྤྱོད་ཐེག་པ། རྣམ་པ་ཀུན་ལྡན་ཐེག་པ། དངོས་བསྐྱེད་ཐུགས་རྗེའི་ཐེག་པ། ཤིན་ཏུ་འོད་ལྡན་ཐེག་པ། བླ་མེད་ཡང་རྩེའི་ཐེག་པ་དང་དགུ རྒྱ་གར་བས། ཉན་ཐོས་པ། རང་རྒྱལ་བ། བྱང་ཆུབ་སེམས་དཔའ། ཀྲི་ཡ་པ། ཨུ་པཱ་བ། ཨ་ནུ་ཡོ་ཀ་བ། མ་ཧ་ཡོ་ཀ ཨ་ཏི་ཡོ་ཀ་ཞེས་སོ། ཞང་ཞུང་བས། བོན་སྒོ་བཞི་མཛོད་ལྔ་ལ། ཆབ་ནག་སྲིད་པ་རྒྱུད་ཀྱི་སྒོ། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ ། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ །དཔོན་གསས་མན་ངག་ལུང་གི་བོན་སྒོ །མཐོ་ཐོག་སྤྱི་རྒྱུག་མངོན་པ་མཛོད་དང་ལྔའོ། རྒྱ་གར་བས། མངོན་པ་སྡེ་བཞི་ངོ་བོ་ཉིད་དང་ལྔ་སྟེ། ཤེས་བྱ་མངོན་པའི་འཁོར་ལོ། རྟེན་འབྲེལ་མངོན་པའི་འཁོར་ལོ། སྲིད་པ་མངོན་པའི་འཁོར་ལོ། སྣང་བ་མངོན་པའི་འཁོར་ལོ། ངོ་བོ་ཉིད་མངོན་བའི་འཁོར་ལོ་དང་ལྔའོ། ཞང་ཞུང་བས། ཕ་རྒྱུད་སྡོང་བོ་དགུ་འདུས། མ་རྒྱུད་ཐུགས་རྗེ་ཉི་མ། སྲས་རྒྱུད་རྣམ་དག་འདུལ་འབུམ། རྒྱ་གར་བས། ཕ་རྒྱུད་ཨ་བ་ལོ་ཀེ མ་རྒྱུད་ཨ་བ་ཡོ་ཀ སྲས་རྒྱུད་ཨ་བ་དྷཱུ་ཏི་ཞེས་སོ། ཞང་ཞུང་བས། ཕྱི་ཞི་བ་ཀློང་ཆེན། ནང་གསང་སྔགས་བླ་མེད། གསང་བ་མ་རྒྱུད་སྐྱེ་འགག་གནས་གྲོལ་ཞེས་བྱའོ། ཞང་ཞུང་བས། རྙན་རྒྱུད་ཆེན་མོ། རྒྱ་གར་བས། རིག་པ་ཁུ་བྱུག་ཅེས་སོ། ཞང་ཞུང་བས། སྒྲོན་མ་དྲུག རྒྱ་གར་བས། ན་རོ་ཆོས་དྲུག་གོ ཞང་ཞུང་བས། ལག་ལེན་གནད་དྲུག རྒྱ་གར་བས། ནེ་འུ་ཆོས་དྲུག་ཅེས་སོ། ཞང་ཞུང་བས། རྫོགས་ཆེན་ལུ་དྲུག རྒྱ་གར་བས། ཀྱང་ལུ་དྲུག་གོ །ཞང་ཞུང་བས། སེམས་དོན་སྡེ་བཅུ། རྒྱ་གར་བས། ཕྱག་ཆེན་གའུ་མའོ། ཞང་ཞུང་བས། སེང་གེ་སྒྲ་བསྒྲགས། རྒྱ་གར་བས། རྫོགས་ཆེན་ཨ་རོ་ཞེས་བྱའོ། །ཞང་ཞུང་བས། རྫོགས་ཆེན་ཡང་རྩེ་ཀློང་ཆེན། རྒྱ་གར་བས། མཁའ་འགྲོའི་སྙིང་ཐིག་ཅེས་སོ། ཞང་ཞུང་བས། དམར་བྱང་རྣམ་གསུམ། རྒྱ་གར་བས། ཐུགས་ཀྱི་སྙིང་བོ་ཞེས་སོ། ཞང་ཞུང་བས། དྲི་མེད་ལྷན་སྐྱེས། རྒྱ་གར་བས། ལྷན་ཅིག་སྐྱེས་སྦྱོར་རོ། དེ་ལྟར་དུ་མདོ་སྡེ་དང་འབུམ་སྡེ་རྣམས་ལའང་དོན་གཅིག་མིང་འགྱུར་མང་ངོ༌། དགེ་སྦྱོར་བྱ་ཆ་མི་མཐུན་པ་མེད། ངག་འདོན་སྙིང་བོ་ལ། ཞང་ཞུང་བས། ཨ་ཨཱོྃ་ཧཱུཾ་རཾ་ཛ། ཨཱ་ཨ་དཀར་ས་ལེ་འོད་ཨ་ཡང་ཨཱོྃ་འདུ། རིགས་ལྔའི་བདེར་གཤེགས། སྐུ་གསུམ་སངས་རྒྱས། གཤེན་ལྷ་འོད་དཀར་སོགས་ཀྱི་སྙིང་བོ་ཡིན་ཏེ། རྒྱ་གར་བས། ཨྃ་ཝཀྐི་ཤྭ་རི་མུམ། ཨཱོྃ་མ་ཎི་པད་མེ་ཧཱུཾ། ཨཱོྃབཛྲ་པ་ནི་ཧཱུཾ། ཞེས་པ་རིགས་གསུམ་མགོན་པོ། སྐུ་གསུམ་སངས་རྒྱས། རྒྱལ་བ་རྒྱ་མཚོ། ཇོ་བོ་ཨ་ཏི་ཤའོ། །

ཁ་སར་པ་ནི་སོགས་ཀྱི་སྙིང་རིགས་ལྔའི་རྟགས་ལ། ཞང་ཞུང་བས། གཡུང་དྲུང་འཁོར་ལོ་པདྨ་རིན་པོ་ཆེ། རྒྱ་གར་བས། རྡོ་རྗེ་རལ་གྲི་པདྨ་རིན་བོ་ཆེ་ཟེར། ཞང་ཞུང་བས། ཨ་ཨཱོྃ་ཧཱུཾ་རཾ་ཛ། །རྒྱ་གར་བས། ཨཱོྃ་ཨ་ཧཱུཾ་ཏྲཾ་ཧྲྀ། ཞེས་རིགས་ལྔའི་ས་བོན་ཡིན། ཞང་ཞུང་བས། པྲ་ཕུད་རྩེ་དགུ །རྒྱ་གར་བས། རྡོ་རྗེ་རྩེ་དགུའོ། ཞང་ཞུང་བས། གསས་མཁར་གཞལ་ཡས། རྒྱ་གར་བས། ལྷ་ཁང་གཙུག་ལག་ཞེས་སོ། དེ་ཡང་སྐོར་བ་ལ་བོན་སྐོར་ཡབ་ཐབས་ཀྱི་རང་བཞིན་གཡས་སུ་བསྐོར་བ། ཆོས་སྐོར་ལ་ཡུམ་ཤེས་རབ་རང་བཞིན་གཡོན་དུ་བསྐོར་བ་ཡིན་ཏེ། གཉིས་ཀའི་རྒྱུད་ལ་གཉིས་ཀ་ཡོད་པའོ། །འཁོར་ལོ་ཕྱི་སྐོར་ནང་སྐོར་ཡང་སྲུང་ཟློག་སྒྲིབ་སྦྱང་སོགས་ཀྱི་ཁྱད་པར་གཉིས་ཀ་ལ་ཡོད་དོ། །

སྨྲས་པ། དེ་ལྟའི་དོན་རྣམས་མི་ཤེས་པ། །རྨོངས་བའི་གང་ཟག་བདག་འཛིན་གྱི། །མུན་བར་གནས་པ་འགའ་ཞིག་གིས། །བོན་ཆོས་ཕྱོགས་རིས་ཁ་འཛིན་ནས། །གཅིག་བསྟོད་གཅིག་སྨད་གཤེ་སྐུར་འདེབས། །དེ་ཡིས་སེམས་ཅན་མ་རིག་པ། །ལོག་ལྟ་ཐེ་ཚོམ་བསྐྱེད་པར་བྱེད། །དེ་ནི་ཐར་ལམ་བཀག་པའི་ལས། །བོན་ཆོས་གཉིས་ཀ་སངས་རྒྱས་བཀའ། །སངས་རྒྱས་བཀའ་ལ་སྨད་པ་དང༌། །བདེན་པ་ཁྱད་གསད་བྱེད་པ་དེ། །ཤན་བ་གྲི་ཐོགས་བས་ཀྱང་ཐུ། །མཚམས་མེད་ལྔ་ལ་བཤགས་སུ་ཡོད། །ལོག་ལྟ་ཅན་ལ་བཤགས་སུ་མེད། །ཅེས་པ་རྒྱལ་བའི་ལུང་ལས་གསུངས། །དེས་ན་བོན་ཆོས་ཁྱད་གསད་པ། །ཁམས་གསུམ་སེམས་ཅན་ཐབས་ཅད་ཀུན། །དུས་གཅིག་གསད་པ་དག་དང་མཚུངས། །བོན་ཆོས་མཁའ་གསལ་ཉི་ཟླ་འདྲ། །ཁྱད་གསད་བྱེད་པ་སྒྲ་གཅན་འཛིན། །བསྟན་པ་གཉིས་ལྡན་དཔྲལ་བའི་མིག །གཅིག་མེད་གཅིག་གིས་ལྷག་མི་གསལ། །དེ་ཕྱིར་བོན་ཆོས་ཁྱད་མ་འཛིན། །གང་ལ་ཞུགས་པ་མཐར་སྐྱོལ་ལ། །གཅིག་ཤོས་སྨད་པ་མི་བྱེད་པ། །དེ་ནི་སྐྱེས་བུ་དམ་བའོ། །དགེའོ། བཀྲ་ཤིས་ཤོག །

མཛད་པ་པོ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།

1,424 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།