ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲི། འགྲན་རྩོམ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པའི་སྐབས་ཀྱི་འགྲན་རྩོམ་ཨང་ཐོབ་ཁག

IMG_0325ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲི།
སློབ་མའི་འགྲན་རྩོམ་ཨང་དང་པོ། ཕུར་པ་རྒྱལ། (བོན་ཕྲུག་བདེ་དོན།)
སྤྱིར་བཏང་ལྷོ་འཛམ་བུ་གླིང་འདི་ཡི་ནང་དུ་སྐྱེས་པའི་མི་ཞིག་ཡིན་པའི་ཆ་ནས། འགན་འཁྲི་འདྲ་མིན་སྣ་ཚོགས་ཁུར་དགོས་ཀྱི་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར།
ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲིའི་སྐོར་གུས་པ་ང་རང་སྙིང་ནས་བཅངས་པའི་རེ་འདོད་སྨོན་ལམ་རྣམས་འབུལ་རྒྱུ་ཡིན་ལ། ཐོག་མར་ང་རང་བོན་པོ་ཞིག་ཡིན་པའི་ཆ་ནས་བོན་གྱི་བསྟན་པ་འདི་ལ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་བའི་རེ་འདོད་སྨོན་ལམ་འདི་གུས་པ་ང་རང་གི་བག་ཆགས་ལྟ་བུར་གྱུར་བ་མ་ཟད། དངོས་ཡོད་གནས་ཚུལ་དུ་འགྱུར་བའི་སྨོན་ལམ་ནས་ཡང་དག་གི་ཐུགས་ལ་སྙིང་པོ་ནང་བཞིན་བཅངས་ཡོད།

དེང་སང་ལྷོ་འཛམ་བུ་གླིང་འདིའི་ནང་ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད་པའི་ནང་ནས་བོན་པོའི་ཆོས་ལུགས་འདི་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོད་པ་འདི། དེ་སྔོན་བོན་འབངས་ཡོངས་ཀྱི་བཀའ་དྲིན་ལ་རགས་ལས་ཡོད་པ་མ་ཟད་ད་དུང་མི་ལོ་ཁྲི་ཕྲག་མང་པོ་མི་ཉམས་གོང་འཕེལ་ཡོང་བའི་རེ་སྨོན་འདི་བདག་དང་བོན་གྱི་ན་གཞོན་རྣམས་ཀྱི་བྱེད་ལས་ལ་རགས་ལས་ཡོད་པས།
དུས་རྒྱུན་དུ་བོན་གྱི་བསྟན་པ་ཉི་མའི་འོད་ལྟར་སྤེལ་བའི་དམིགས་ཡུལ་དང་བསྟུན་ནས་ཤེས་བྱའི་གནས་ལ་འབད་བརྩོན་ལྷོད་མེད་བྱས་ན། འཛམ་གླིང་གི་ཆོས་ལུགས་གྲགས་ཆེན་ཁོངས་སུ་བོན་གྱི་བསྟན་པ་འདི་ཡར་ངོའི་ཟླ་ལྟར་རྒྱས་ཐུབ་པ་མ་ཟད་འབུར་དུ་ཀྱང་ཐོན་ཐུབ་ཀྱིས་རེད།

སྔོན་བོན་གྱི་གཏམ་དཔེའི་ནང་ནས། “གང་གི་ཕྱོགས་སུ་ལས་བྱས་ན། ངལ་བ་མེད་པར་དོན་ཀུན་འགྲུབ་”ཅེས་པའི་གཏམ་དཔེ་དང་བསྟུན་གུས་པ་ང་རང་མ་འོངས་པར་བོན་གྱི་སོན་རྩ་ཡིན་པའི་འགན་འཁྲིའི་སྙིང་པོ་ཞིག་ཡོད་པས་དུས་རྒྱུན་གནམ་གཡེང་མེད་པར་ཤེས་བྱ་ལ་བརྩོན་ནས་བོན་པོའི་བསྟན་པ་འདི་འཛམ་གླིང་མི་སྣ་ཀུན་ལ་བོན་གྱི་ནང་པའི་ཆོས་འདི་སྤེལ་ཐུབ་པར་བྱེད་པའི་རེ་སྨོན་ཡོད་དོ། མཐའ་དོན་དུ།
བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས། །
མི་བརྗིད་གཟུངས་ལྡན་ཤེས་རབ་སྨྲ་བའི་སེང་། །
འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ། །
ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །    ཞེས་པའི་སྨོན་ལམ་དང་བཅས་ཏེ། བོན་རྒྱལ་ལོ། །

ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲི།
སློབ་མའི་འགྲན་རྩོམ་གཉིས་པ། བསོད་ནམས་བཟང་མོ། (བོན་བུ་ཁྱིམ་ཁང་།)

སྤྱིར་བཏང་ཁྱེད་རྣམ་པས་ཤེས་གསལ་ལྟར་ན་བོན་གྱི་སྲོལ་བཏོད་པ་པོ་ནི་སྟོན་པ་གཤེན་རབ་ཡིན། གུས་མོ་ང་རང་བོན་པོ་ཞིག་ཡིན་དུས་དེ་རང་བརྗོད་གཞི་དོན་དང་ལྡན་པའི་ཐོག་ནས་མདོར་ཙམ་ཞིག་འབྲི་རྒྱུ་ཡིན།
སོ་སོ་བོན་པོ་གུས་མོ་ཞིག་ཡིན་དུས་འདིའི་འགན་འཁྲི་ངེས་པར་དུ་ཤེས་དགོས་རང་ངོས་ནས་སྲུང་སྐྱོབ་བྱ་དགོས་མཐར་བོན་པོའི་ཆོས་འདི་བསྣུབས་མི་ཐུབ་པའི་འགན་འཁྲི་ཞེས་པ་ནི་རང་སོ་སོ་ལ་འགན་ལེན་གང་ཡོད་པ་ཞིག་ལ་ཟེར་གྱི་ཡོད། རང་ཉིད་བོན་པོ་ཞིག་ཡིན་དུས་འགན་འཁྲི་དུ་མ་ཡོད། འགན་འཁྲི་འདི་ཆོས་བཤད་པ་ཡིན་ན་རང་ཉིད་བོན་པོའི་ཆོས་ཐོག་ལ་གསལ་པོ་ཞིག་ངེས་པར་དུ་བཤད་དགོས་པ་དང་། བོན་པོའི་འབྱུང་ཁུངས་གཙོ་བོ་གང་ཡིན་པ་དང་། ཡང་ན་གང་ནས་བྱུང་བ་སོགས་ཁ་གསལ་ཞིག་བཤད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་དང་རང་ཉིད་ཀྱི་འགན་འཁྲི་ངེས་པར་དུ་ཆགས་ཡོད་པ་འདི་གསལ་པོ་རེད།
དེར་མ་ཟད་བོན་པོའི་དཔེ་ཆ་རྙིང་པ་དང་རྡོ་རིང་ལ་ཡོད་པའི་ཡི་གེ་ཤིང་ལ་ཡོད་པའི་ཡི་གེ་ལ་སོགས་པ་འདི་འཕྲོ་བརླག་དང་སྣང་མེད་དུ་མ་བཏང་བར། རང་སོ་སོའི་ངོས་ནས་དེ་དོ་སྣང་བྱེད་དགོས་པ་དང་གང་ཐུབ་ཐུབ་ཡར་རྒྱས་གཏོང་བའི་ཐབས་ཤེས་བྱ་དགོས་པ་ནི་འགན་འཁྲི་ཤིན་ཏུ་གལ་ཆེན་པོ་ཞིག་རེད། རང་ཉིད་ག་བར་སོང་བ་ཡིན་ན་ཡང་རང་ཉིད་བོན་པོའི་ཆོས་འདི་ནམ་ཡང་སྣང་མེད་དང་ཆུད་ཟོས་སུ་མ་བཏང་བར་སོ་སོའི་ངོས་ནས་མི་གཞན་ལ་དོན་ལྡན་བོན་པོའི་ཐོག་ལ་བཤད་ན་བོན་པོའི་ཆོས་འདི་ཁྱབ་པའི་རེ་བ་ཆེན་པོ་ཡོད། གང་འདྲ་ཡིན་ཟེར་ན། མི་གཞན་པས་དོ་སྣང་སྤྲད་པ་དང་བོན་པོའི་ཐོག་ཏུ་གང་ཐུབ་ཐུབ་བཤད་པའི་ཐབས་ཤེས་བྱེད་པ་སོགས་ཕན་ཡོན་ཤིན་ཏུ་ཆེན་པོ་ཡོད། འགན་འཁྲི་གལ་ཆེ་བ་ནི་བོན་པོའི་ལུགས་སྲོལ་དང་ཆོས་ལུགས་ལ་དོ་སྣང་དང་སྲུང་སྐྱོབ་བྱ་དགོས་ནི་ཧ་ཅང་གི་གལ་ཆེན་པོ་རེད། སྤྱིར་བཏང་ང་རང་བོན་པོ་ཞིག་ཡིན་དུས་བོན་པོའི་ཆོས་ལ་ཤིན་ཏུ་འདོད་པ་དང་ཡང་བསྐྱར་ཡར་རྒྱས་སྤེལ་བའི་འདོད་པ་ཡང་ཤུགས་ཆེན་པོ་ཡོད།

དེ་འདྲ་སོང་ཙང་མ་འོངས་པར་ང་རང་ངོས་ནས་བོན་པོའི་ཆོས་འདི་རྒྱ་ཆེར་བཏང་བའི་དམིགས་ཡུལ་ཞིག་ཡོད། དེ་འདྲ་སོང་ཙང་བོན་པོའི་འགན་འཁྲི་འདི་ངེས་པར་དུ་བཤད་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད།
མཐའ་དོན་དུ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་སྐུ་ཚེ་ཁྲི་ལོར་བརྟན་པ་དང་ན་ཚ་མི་ཡོང་བའི་སྨོན་ལམ་ཞུ་བཞིན་ཡོད་དོ།
བོན་རྒྱལ་ལོ།།

ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲི།                 
སློབ་མའི་འགྲན་རྩོམ་ཨང་གསུམ་པ། སྐར་མ་གཡང་འཛོམས། (བོན་བུ་ཁྱིམ་ཁང་།)

སྤྱིར་འཇིག་རྟེན་འདིའི་ནང་ལ་སྐྱེ་བོ་ནང་ཆོས་ལུགས་བྱེད་སྟངས་འདྲ་མིན་ཡོད་པ་བཞིན་རང་རང་གི་ཆོས་ལུགས་ལ་སྲུང་སྐྱོབ་ཡང་གནང་སྲོལ་ཡོད། དེ་འདྲ་སོང་ཙང་གུས་མོ་ང་རང་བོན་པོ་ཞིག་པའི་བོན་པོའི་ཆོས་ལུགས་དང་ལུགས་སྲོལ་ཙམ་མ་ཟད་སྐད་ཡིག་སོགས་ལ་སྲུང་སྐྱོབས་དང་དོ་སྣང་མ་ཟད་ཕན་ཚུན་མདུན་ལམ་དང་རོགས་རམ་ལ་སོགས་གནང་དགོས་པ་འདི་ང་རང་ལ་འགན་འཁྲི་ཆེན་པོ་ཞིག་ཡོད་པ་ངའི་གསལ་པོ་ཤེས་ཐུབས་པ་མ་ཟད་ལག་ལེན་ཡང་གནང་བཞིན་ཡོད། དེང་དུས་ཀྱིས་ཕྲུ་གུ་ཕལ་ཆེར་བོད་ཡིག་ལ་དོ་སྣང་མ་བྱས་ནས་ད་དུང་ཡང་ཧ་ཅང་གི་སྣང་མེད་བཏང་གི་འདུག   ང་ནི་བོད་ཡིག་ལ་དོ་སྣང་ཡང་མེད་པ་མ་ཟད་ཤེས་ཀྱི་མེད་ཟེར་ནས་སྡོད་མཁན་མང་པོ་ཡོད་པ་གང་ཞིག་ལ་བོད་ཡིག་ཀློག་པ་ལ་ཡང་ཉོབ་སྣང་གནང་བའི་རྗེས་སུ་ཐ་མ་ལ་རང་རང་གི་ཆོས་ལུགས་ལ་ཡང་སྣང་མེད་བཏང་ནས་རང་རང་གི་ཆོས་ལུགས་ཀྱི་དཔེ་ཆ་ནང་དུ་སྟོན་པའི་གསུང་པའི་བཀའ་དང་བསྟན་བཅོས་ལ་སོགས་པ་རྣམས་ཀློག་ཡ་དང་དོ་སྣང་བྱེད་ཡ་ཕར་བཞག་མིག་ཙམ་གཅིག་བལྟ་རོགས་ཡང་གནང་གི་མི་འདུག
རྗེས་སུ་ཐ་མ་དེ་ལ་དུས་ཚོད་དང་བསྟུན་ནས་རང་རང་གི་ཆོས་ལུགས་དེ་ཉམས་སུ་འགྲོ་ཡི་ཡོད་པ་རེད།  དེ་བཞིན་ཆོས་ལུགས་ཉམས་འགྲོ་བ་བཞིན་རང་རང་གི་ཆོས་ལུགས་ལ་བསྟུན་ནས་ལུགས་སྲོལ་ཡང་བྱེད་སྟངས་འདྲ་མིན་སྣ་ཚོགས་ཡོད་པ་བཞིན་དེ་ཚོ་ལ་ཡང་སྣང་མེད་བཏང་གི་ཡོད་པ་སོང་ཙང་། རང་གི་ལུགས་སྲོལ་དང་གོམས་གཤིས་ལ་སོགས་པ་ཡལ་འགྲོ་བའི་ཉེན་ཁ་ཆེན་པོ་ཆགས་ཡོད། དེ་འདྲ་སོང་ཙང་། གལ་ཏེ་དེ་འདྲའི་གནས་སྟངས་དེ་རྒྱུན་རིང་པོ་ཞིག་གནས་པ་ཡིན་ན་རྗེས་སུ་རང་ཉིད་ངོ་ཚ་བོ་དང་འགྱོད་པའི་གནས་སུ་སླེབས་དུས་སེམས་ལ་སྡུག་བསྔལ་ཆེན་པོ་ཡོང་བ་དང་མི་ཚེ་ཡང་མི་སྐྱིད་པ་དང་མི་ཚེ་སྟོང་པ་ཡིན་པའི་ཚོར་བ་ཤུགས་ཆེན་ཞིག་ཡོང་གི་རེད།

དེ་བཞིན་མི་གཞན་རྣམས་ཁོ་རང་ཚོ་སོ་སོར་ཆོས་དང་ལུགས་སྲོལ་རྣམས་ལ་བདེ་བའི་ངང་ནས་གནང་བ་རྣམས་རང་ཉིད་མཐོང་དུས་རང་གི་ཐུགས་ལ་འགྱོད་པ་དང་སྡུག་བསྔལ་ཞིག་ལྷག་ནས་བསྡད་དགོས་དེ་འདྲའི་གནས་སྟངས་ལ་གནས་དགོས་ཆགས་ཀྱི་རེད། དེ་མ་ཟད་རང་རང་ལ་སྡུག་བསྔལ་ཡོད་པ་གང་ཞིག་ལ་རང་གི་མ་འོངས་པའི་སོན་རྩ་རྣམས་ལ་གང་ཡང་མ་ལྷག་དུས་རང་གི་ཆོས་དང་རིག་གཞུང་རྣམས་ལ་སྲུང་སྐྱོབ་དང་མུ་མཐུད་ནས་གནས་ཐུབ་པ་བྱེད་རྒྱུ་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད་པ་གསལ་པོ་ཤེས་ཐུབ། ཐ་མ་ལ་རང་ཉིད་རང་གི་ཆོས་ལུགས་དང་ལུགས་སྲོལ་རྣམས་ལ་དགའ་བའི་ངང་ནས་ལག་ལེན་གནང་མི་ཐུབ།  དེ་འདྲ་སོང་ཙང་རང་ཉིད་བོན་པོ་ཞིག་ཡིན་པའི་དགའ་བསུ་དང་སྤོབས་པ་སྐྱེད་བཞིན་ཡོད་ལ་འགན་འཛིན་ཡང་ཆེན་པོ་ཞིག་ཡོད་པ་དེ་ངའི་ཤེས་ཐུབ་པ་མ་ཟད་ལག་ལེན་གནང་ཡ་ལ་ཡང་དགའ་བསུ་དང་དོ་སྣང་ཡོད། སྤྱིར་བཏང་ང་རང་ཚོ་བོན་མི་རིགས་དེ་གྲངས་ཉུང་མི་རིགས་ཞིག་ཡིན་པ་སོང་ཙང་། ང་རང་ཚོ་དེ་ལ་སེམས་ཤུགས་མ་ཆགས་པར་ད་དུང་རང་ཉིད་སྤོབས་པའི་ངང་ནས་རང་གི་ཆོས་ལུགས་དང་ལུགས་སྲོལ་སོགས་ལ་དོ་སྣང་ཤུགས་ཆེན་པོ་གནང་ནས་དེ་ལ་སྲུང་སྐྱོབ་གནང་དགོས་པ་མ་ཟད་སྤོབས་པའི་ངང་ནས་ཤེས་ཐུབ་པ་ཞིག་ཡོད་དགོས་པ་ནི་ང་རང་ཚོ་བོན་ཕྲུག་ཞིག་ཡིན་པའི་འགན་འཁྲི་ཆེན་པོ་ཡོད་པ་དེ་མཁྱེན་དགོས་པ་མ་ཟད་ཕྱག་ལས་ཡང་གནང་དགོས་ཀྱི་ཡོད། དེང་དུས་མི་མང་ཕལ་ཆེར་རང་རང་གི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ཆེད་ལ་རང་ཉིད་མཐོ་སློབ་ཐོན་ཕྱིན་ནས་རྗེས་སུ་རང་ཉིད་ལས་ཀ་ལོགས་ཞིག་བཙལ་ནས་བསྡད་ཀྱི་ཡོད། དེ་རྣམས་རང་ཉིད་ལ་དངུལ་ལེགས་པོ་དང་མང་པོ་ཞིག་ཐོབ་པའི་ཕྱིར་ཡིན། རང་ཉིད་དངུལ་ཆེད་དུ་ལས་གང་གནང་བ་རྣམས་ལེགས་པ་ཡིན་པ་དང་དངུལ་གཅིག་པུའི་རང་གི་མི་ཚེ་དོན་དང་ལྡན་པ་ཞིག་བཟོ་མི་ཐུབ། རང་ཉིད་མི་ཚེ་དོན་དང་སྡན་པ་ཞིག་ཡོང་བའི་ཕྱིར་རང་ཉིད་གྱི་ཆོས་དང་རིག་གཞུང་སོགས་ལ་ཡང་འབད་བརྩོན་གནང་ན་རང་ལ་བདེ་བ་དེ་ཐོབ་ཐུབ། དེ་འདྲ་སོང་ཙང་མི་ཚེ་ནང་རང་ཉིད་བྱ་བ་གང་ཞིག་བྱ་རྒྱུ་དེའི་ལྷན་དུ་རང་གི་ཆོས་དང་ལུགས་སྲོལ་རྣམས་ཡང་ཕྱག་ལས་གནང་དགོས། དེ་ནི་ང་རང་ཚོའི་བོན་ཕྲུག་ཚང་མ་ལ་འགན་འཁྲི་ཆེན་པོ་ཞིག་ཡོད། ཐ་མ་ལ་གཡུང་དྲུང་བོན་གྱི་བསྟན་པ་དེ་ཉི་མའི་འོད་ཟེར་ལྟར་དར་ཁྱབ་ཡོང་པའི་སྨོན་འདུན་བཅས།།
བོན་རྒྱལ་ལོ།

1,527 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།