གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་དབུ་འཛུགས་གནང་བ།

more here

IMG_0011གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་དབུ་འཛུགས་གནང་བ།
དེ་ཡང་གསལ་བསྒྲགས་སྔོན་སོང་ལྟར་ཕྱི་ལོ་༢༠༡༤ཟླ་༦ཚེས་༣ཉིན་གྱི་ཕྱག་ཚོད་༢།༣༠སྟེང་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་དངོས་སུ་དབུ་འཛུགས་གནང་ཡོད།
སྔོན་འགྲོའི་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། དེ་མིན་སྐུ་མགྲོན་སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་ག་གཟི་དགེ་བཤེས་ཉི་མ་དོན་འགྲུབ་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་དང་། བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་འགོ་སྐུ་ངོ་གཡུང་དྲུང་འཆི་མེད་ལགས་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་འབྲེལ་དྲུང་ཆེ་སྤུ་བླ་གཡུང་དྲུང་སྐལ་བཟང་ལགས་དང་། སྐབས་བཅུ་གསུམ་པའི་གསུང་བཤད་སློབ་དཔོན་རྣམ་པ། ཚོགས་སྡེ་ཁག་གི་སྐུ་ཚབ་དང་ཚོགས་མི་རྣམ་པ། ཝཱཎཱ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གི་སློབ་ཕྲུག་དང་། ལྡི་ལི་མཐོ་སློབ་དང་། ཅན་ཊི་གྷར་མཐོ་སློབ་དང་། བོན་གཞིས་ཉིན་སློབ་ཀྱི་སློབ་ཕྲུག་བཅས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་སྐྱ་སེར་སུམ་བརྒྱ་ལྷག་ཙམ་འཛོམས་ཡོད་འདུག

IMG_0137དེ་ཡང་ཐོག་མར་སྐབས་བཅུ་གསུམ་པའི་ཚོགས་གཙོ་རྒན་ཆེན་ཚང་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ནས་བགྲོ་གླེང་ངོ་སྤྲོད་ཀྱི་གསུང་བཤད་དང་། སྐུ་ངོ་གཞིས་འགོ་ལགས་ནས་བགྲོ་གླེང་དང་འབྲེལ་བའི་གསུང་བཤད། དབུས་གཡུང་དྲུང་བོན་འཛིན་སྐྱོང་ཟུང་འབྲེལ་དྲུང་ཆེ་ལགས་ནས་བགྲོ་གླེང་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། མཐར་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ནས་བགྲོ་གླེང་འབྲེལ་བའི་གསུང་བཤད་བཀའ་སློབ་ཟབ་རྒྱས་གནང་ཡོད།
དེ་རྗེས་སྐབས་བཅུ་གསུམ་པའི་དྲུང་ཡིག་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་སྐབས་བཅུ་གསུམ་པའི་སྔོན་འགྲོའི་མཛད་སྒོ་ཡོངས་སུ་མཇུག་གྲུབ་པར་བྱས།

IMG_0134

ཕྱི་དྲོའི་ཕྱག་ཚོད་༤།༣༠སྟེང་དངོས་གཞིའི་མཛད་སྒོ་དབུ་འཛུགས་ཞུས་ཡོད་པ་དང་། དེ་ཡང་ཐོག་མར་ཚོགས་གཙོ་ལགས་ནས་དངོས་གཞིའི་མཛད་རིམ་དབུ་འཛུགས་ཞུས་ཡོད་པ་རེད། གསུང་བཤད་སློབ་དཔོན་ག་གཟི་བུ་མོ་གཟི་གཡང་ལགས་གདན་ཞུས་ཀྱིས་བོན་གྱི་ལོ་རྒྱུས་གྱི་ཡིག་ཆ་གལ་ཆེན་ཁག་ངོ་སྤྲོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་སོགས་ཞུས་ནས་ཕྱག་ཚོད་ལྔ་དང་ཕྱེད་ཀའི་ཐོག་ཉིན་དང་པོའི་དངོས་གཞིའི་མཛད་རིམ་ཡང་ཡོངས་སུ་མཇུག་གྲུབ་ཡོད་པ་བཅས་ཀྱི་ངོ་སྤྲོད་གནས་བསྡུས་ཙམ་མོ།

པར་པ་སྐྱིད་སྲས་དགེ་ལེགས་ཉི་མ།