མཁན་ཉི་མ་བསྟན་འཛིན་གྱི་རང་རྣམ་ལས་འཕྲོས་པའི་དཔྱད་པ།

2010070522201261གཡུང་དྲུང་བོན་ལ་ཡང་གྲུབ་མཐའ་གཞན་དག་དང་འདྲ་བར་སོ་སོའི་བསྟན་པ་ལ་མཛད་རྗེས་རླབས་ཆེན་འཇོག་མཁན་གྱི་སྐྱེས་བུ་བརྗོད་ཀྱིས་མི་ལང་བ་བྱོན་ཡོད་ལ། སྐྱེས་ཆེན་དམ་པ་དེ་དག་གི་མཛད་པ་རྗེས་དྲན་དང་ལོ་རྒྱུས་ཀྱི་གར་སྟེགས་ཐོག་ཏུ་འོད་སྟོང་འབར་བའི་ཆེད་དུ་ཕྱི་རབས་པས་དམ་པ་དེ་དག་གི་མཛད་རྣམ་ཐོར་བུ་བཀོད་ནས་མི་རབས་ནས་མི་རབས་ལ་བརྒྱུད་པའི་སྲོལ་རྒྱུན་ཆགས་ཡོད། སྔོན་བྱོན་དམ་པའི་རྣམ་ཐར་ལ་ཡང་རིགས་གཉིས་སུ་དབྱེ་རུང་བ་སྟེ་དམ་པ་རང་གིས་དངོས་སུ་བྲིས་པའི་རྣམ་ཐར་ལོ་རྒྱུས་ལ་རང་རྣམ་ཞེས་པ་དང་དེ་ལས་གཞན་པ་ནི་ཕྱི་རབས་པས་དམ་པ་དེའི་སྐུ་ཚེའི་འཕེལ་རིམ་རྣམས་ངག་སྒྲོས་ལ་གཞིར་བཞག་ནས་བྲིས་པའི་རྣམ་ཐར་དང་གཉིས་སོ། །དེ་ཡང་མང་ཆེ་ནི་གཞན་གྱིས་བྲིས་པའི་རྣམ་ཐར་ཤ་སྟག་ཡིན། རང་རྣམ་ཡིན་ཡང་རུང་གཞན་གྱིས་བྲིས་པའི་རྣམ་ཐར་ཡིན་ཡང་རུང་དེ་གཉིས་ཀ་བརྗོད་བྱེད་ཀྱི་རྣམ་པའི་སྒོ་ནས་དབྱེ་བ་ཕྱེས་པ་ཞིག་རེད། བརྗོད་བྱ་ནང་དོན་གྱི་སྒོ་ནས་དབྱེ་ན་རྣམ་ཐར་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་བ་ཡོད་པ་སྐབས་འདིར་རྒྱས་པར་མི་སྤྲོའོ། །རང་རྣམ་ནི་ཤིན་ཏུ་མཐོང་དཀོན་པའི་རྩོམ་རིག་གི་གྲས་ཤིག་ཡིན་པ་དང་ནང་དོན་གྱི་ཐད་ནས་ཀྱང་དེ་ཙམ་གྱིས་དོན་དངོས་དང་ཧེ་བག་ཆེན་པོ་ཡོང་གི་མེད། དེ་ལས་ལྡོག་སྟེ་གཞན་གྱིས་བྲིས་པའི་རྣམ་ཐར་ལ་ཆེ་བསྟོད་ཀྱི་རྣམ་པ་ཤུགས་ཆེན་འབྱུང་བས་ལོ་རྒྱུས་ཞིབ་འཇུག་ལ་དཔྱད་གཞིའི་རིན་ཐང་ཤུགས་ཆེན་ངན་པ་ཐེབས་སྲིད་པས་རྣམ་ཐར་རིགས་གཉིས་པོ་དེའི་ནང་ནས་རང་རྣམ་གྱི་རིགས་ལ་རིན་ཐང་ཅུང་ཆེ་བ་ཡོད། སྐབས་དོན་བརྗོད་པར་བྱ་བ་ནི་གཡུང་དྲུང་བོན་གྱི་སྔོན་བྱོན་མཁས་པའི་སྐར་ཚོགས་ཁྲོད་ན་འོད་སྣང་ཆེས་ཆེར་འཕྲོ་བ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་གཙང་ཐོབ་རྒྱལ་སྨན་རི་དགོན་གྱི་མཁན་རབས་ཉེར་གསུམ་པ་སྐམ་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རང་རྣམ་གྱི་སྐོར་ལ་དཔྱད་པའི་ཚུལ་དུ་ཅུང་ཙམ་བརྗོད་པར་འདོད་པ་ལ་དོན་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པ་སྟེ། ཐོག་མར་དམ་པ་དེ་ཉིད་ཀྱི་རྣམ་ཐར་མདོར་བསྡུས་དང་དེ་ནས་ཁོང་གིས་བརྩམས་པའི་རང་རྣམ་གྱི་ཁྱད་ཆོས་སྐོར། མཇུག་ཏུ་དུས་རབས་བཅུ་དགུ་བའི་ནང་བོན་གྱི་དགོན་སྡེའི་དཔལ་འབྱོར་ཡོང་ཁུངས་དང་བེད་སྤྱོད་གཏོང་སྟངས་ཀྱི་སྐོར་ལ་དཔྱད་པ་བྱེད་རྒྱུ་དང་བཅས་ཁག་གསུམ་མོ། །

༡༽ རྣམ་ཐར་མདོར་བསྡུས་བསྟན་པ།
མཁན་ཉི་མ་བསྟན་འཛིན་ནི་ཡུལ་མདོ་སྨད་སྡེ་དགེ་ལྷ་ཐོག་གི་མངའ་ཁོངས་སུ་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ༡༨༡༣ལོར་ཡབ་གཡུང་དྲུང་བཀྲ་ཤིས་དང་ཡུམ་རག་ཟ་བསོད་དགའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རིགས་རུས་ནི་འོད་གསལ་ལྷ་ལས་ཆད་པའི་སྐམ་རིགས་ཀྱི་གདུང་དུ་གཏོགས། བྱིས་པའི་མཚན་ལ་ཁྲོ་བོ་འབུམ་ཞེས་གསོལ། ཆུང་བྱིས་པའི་དུས་སུ་བོན་གྱི་བླ་མ་གྲགས་ཅན་མང་པོའི་དྲུང་ནས་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་མང་པོ་གསན། དགུང་ལོ༡༡ཆུ་ལུག་སྟེ་སྤྱི་ལོ༡༨༢༣ལོར་སྨན་རི་དགོན་གྱི་མཁན་པོ་སྐུ་མདུན་བསོད་ནམས་བློ་གྲོས་ཀྱི་བཀའ་ལྟར་དབུས་གཙང་དུ་ཕེབས་པའི་ལམ་ལ་ཆས་སོ། །ལམ་བར་རྐོང་པོ་བརྒྱུད་ནས་ཡོང་སྐབས་རྐོང་པོ་བོན་རིར་གནས་མཇལ་ཞུས་ཨ་ཁུ་དང་ལྷན་དུ་བོན་རིར་བསྐོར་བ་བཅུ་གསུམ་རེ་བྱས། བོན་རིའི་གནས་མདུན་གྱི་བོན་དགོན་དྲུག་ལ་འགྱེད་དང་མང་ཇ་ཕུལ། དེ་ནས་ལྷ་སར་འབྱོར་ནས་ཇོ་བོ་མཇལ། མུ་མཐུད་ཡར་གཙང་གི་ཕྱོགས་སུ་བསྐྱོད་དེ་སྙེ་མོ་རྨེའུ་ཚང་དགོན་པར་མཇལ་བ་དང་ཟླ་གཅིག་ཙམ་ལ་བཞུགས། དེ་རྗེས་གཙང་ཐོབ་རྒྱལ་སྨན་རི་དགོན་དུ་འབྱོར་ནས་ཨ་ཁུ་དང་ལྷན་དུ་ཀུན་འདུན་རིན་པོ་ཆེའི་དྲུང་ནས་་གཙང་མ་གཙུག་ཕུད་ཀྱི་ཁྲིམས་ཉི་ཤུ་རྩ་ལྔ་ཞུས་ནས་ཁོང་ལ་མཚན་ཉི་མ་བསྟན་འཛིན་དུ་གསོལ་བ་དང་ཨ་ཁུ་ལ་མཚན་གཡུང་དྲུང་ཉི་རྒྱལ་ཞེས་གནང་། དེ་ནས་བཟུང་སྟེ་ཉི་མ་བསྟན་འཛིན་ཁོང་ཉིད་བོན་གྱི་གྲྭ་ས་ཆེན་པོ་སྨན་རི་དགོན་གྱི་སྒྲིག་ལ་དངོས་སུ་ཞུགས། ཨ་མདོ་དྲང་སྲོང་བཟོད་པ་རྒྱལ་མཚན་གྱི་དྲུང་ནས་དྲང་སྲོང་གི་སྡོམ་པ་ཉིས་བརྒྱ་ལྔ་བཅུའི་ཁྲིམས་རྫོགས་པར་ཞུས་ནས་མཚན་ལ་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་ཞེས་གསོལ། བོན་གྱི་མཁས་གྲུབ་མང་པོ་དང་མཇལ་ནས་ཐོས་བསམ་རྒྱ་ཆེན་མཛད།
དགུང་ལོ༡༧ནས༢༡བར་འབྲས་ཡུལ་སྐྱེད་ཚལ་དུ་བཞུགས་ནས་མཚན་ཉིད་ལ་སྦྱངས་བརྩོན་བྱས། དགུང་ལོ༢༣ཐོག་སླར་ཡང་གཙང་སྨན་རི་དགོན་དུ་ལོག་ཕེབས་ནས་སྨན་རི་མཁན་ཆེན་གྱི་ཐོབ་ཐང་ཞུ་བའི་བརྟག་སྒྲིལ་མཛད་སྒོར་ཞུགས་ཏེ་ཁོང་ལ་བརྟག་སྒྲིལ་བབས་པ་དང་སྨན་རི་མཁན་ཆེན་གྱི་ཁྲི་སར་འཁོད་ནས་མཚན་སྙན་གྱི་གྲགས་པ་བོན་གྱི་ས་སྟེང་ཡོངས་སུ་ཁྱབ། དེ་རྗེས་བྱ་དུར་རྟོགས་ལྡན་ཚུལ་ཁྲིམས་གཡུང་དྲུང་གི་དྲུང་ནས་རྫོགས་ཆེན་ཞང་ཞུང་སྙན་རྒྱུད་དང་ཚེ་དབང་བོད་ཡུལ་མའི་དབང་ལུང་ཁྲིད་གསུམ་རྫོགས་པར་ཞུས། རྫོགས་ཆེན་ཨ་ཁྲིད་སྔོན་འགྲོ་དང་དངོས་གཞི་བསགས་སྦྱངས་ཟླ་བ་གཉིས་ཙམ་ལ་མཛད། དེ་རྗེས་བྱང་རྫ་དམར་ཡུལ་དུ་གདུལ་བྱ་ལ་ཕེབས། ཡར་སྨན་རི་ལ་བྱོན་ནས་སྐུ་གདུང་གསེར་གདུང་གཡུང་དྲུང་བཀྲ་ཤིས་སྒོ་མང་བཞེངས། སྨན་རི་ལ་གསང་སྔགས་སྒྲུབ་ཆེན་གྱི་སྲོལ་བཙུགས། དེ་ནས་བཟུང་སྟེ་ཐོས་བསམ་རྒྱ་ཆེན་མཛད་པའི་འབྲས་བུ་གཡར་དུ་ཟ་བ་སྨིན་པའི་རྟགས་སུ་གཡུང་དྲུང་བོན་གྱི་རིག་གཞུང་སྤྱི་དང་སྒོས་སུ་གསང་སྔགས་ཉམས་ལེན་དང་ཆོ་ག་ཕྱག་ལེན་སྐོར་གྱི་ལྗགས་རྩོམ་བསམ་གྱིས་མི་ཁྱབ་པ་མཛད་ནས་གཡུང་དྲུང་བོན་གྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་བའི་མཛད་པ་རླབས་ཆེན་བཞག
སངས་རྒྱས་ཀྱི་གསུང་རྟེན་དུ་གྱུར་བའི་བཀའ་འགྱུར་རིན་པོ་ཆེ་རྒྱ་ཆེའི་དད་ལྡན་སེར་སྐྱ་རྣམས་ཀྱི་དད་པའི་གསོས་སུ་སྨིན་པར་འགྱུར་ཆེད་ཁོང་གིས་སྨན་རི་དགོན་ལ་བཀའ་འགྱུར་རིན་པོ་ཆེ་བཞུགས་སའི་ལྷ་ཁང་ཞིག་ཅི་ནས་དགོས་རྒྱུ་གལ་ཆེན་གཟིགས་ནས་བྱ་བ་དེ་ཉིད་ལེགས་འགྲུབ་ཡོང་ཆེད་མ་དངུལ་གསོག་གྲབས་ཀྱི་ཆེད་དུ་ངལ་བ་ཚད་མེད་དང་བླངས་ཀྱིས་དགུང་ལོ༣༡ཐོག་ཡང་བསྐྱར་བྱང་འབྲོག་ཁུལ་དང་མདོ་སྨད་ཡུལ་དུ་གདུལ་བྱར་ཕེབས། ལམ་བར་དུ་དད་ལྡན་སེར་སྐྱ་པོ་མོ་དང་སྡེ་བ་དང་ཚོ་བ་མང་པོའི་རེ་སྐུལ་ལྟར་ཆོ་ག་ཕྱག་ལེན་གྱི་མཛད་པ་མང་པོ་བསྒྲུབ། དེའི་ནང་ནས་ཧོར་ཚོ་སོ་དགུའི་ནང་གསེས་བྱང་འབྲོག་རྫ་དམར་ཚོ་བའི་མངའ་ཁོངས་སུ་ཕེབས་སྐབས་ཚོ་དཔོན་སྦྱིན་པའི་རེ་སྐུལ་ལྟར་ཚོ་བ་ཡོངས་ཀྱི་སྤྱི་ཡི་རིམ་གྲོ་ལྟ་བུ་མཁའ་ཀློང་གསང་མདོས་ཀྱི་ཆོ་ག་རྒྱ་ཆེན་ཞིག་སྤེལ་བར་མཛད། སྤྱི་རིམ་རྒྱ་ཆེན་དེ་གྲུབ་རྗེས་ཡུལ་མི་སྡེ་དཔོན་རྣམས་ཀྱིས་ཐུགས་རྗེ་ལེགས་འབུལ་དང་དགའ་སྤྲོའི་སེམས་པ་མཚོན་ཆེད་རྫ་དམར་ཚོ་བས་རྟ་རྒྱུགས་མདའ་འཕེན་དང་བྲོ་གླུ་སོགས་ངོ་མཚར་བའི་ལྟད་མོ་སོགས་གྲ་རྒྱས་པོ་ཕུལ། དེ་ནས་ཨ་གྲགས་དང་སོག་སྡེ་དང་ཧོར་སྦྲ་ཆེན་དང་ཁྱུང་པོ་བརྒྱུད་ནས་སྡེ་དགེ་དང་རྫ་ཁོག་བརྒྱུད་དུ་ཕེབས། སྐབས་དེར་རྒྱལ་རོང་ཁྲོ་ཆེན་རྒྱལ་པོ་ཚེ་དབང་ནམ་མཁའ་ཉིད་ཀྱིས་ཞུ་བ་ཡང་ཡང་ཕུལ་བར་བརྟེན་རྒྱལ་རོང་ཁྲོ་ཆེན་ལ་ཕེབས་དགོས་བྱུང་། ཁྲོ་ཆེན་རྒྱལ་པོ་ཚེ་དབང་ནམ་མཁའ་ཉིད་ཀྱིས་བསུ་བ་གཟབ་རྒྱས་མཛད། བླ་མས་རྒྱལ་མོ་རོང་ལ་བཞུགས་རིང་རྒྱལ་པོའི་གཙོས་པའི་སེར་སྐྱ་མང་ཚོགས་ལ་གཡུང་དྲུང་བོན་གྱི་ཡི་དམ་གྱི་དབང་ལུང་དང་བྱིན་རླབས་ཞབས་བརྟེན་སྨོན་ལམ་དང་རྟེན་བཞེངས་ལ་རབ་གནས་བཅས་ཕུན་སུམ་ཚོགས་པར་བསྩལ། རྒྱལ་པོས་བླ་མ་ལ་འབུལ་རྟེན་དུ་གཡུང་དྲུང་བོན་གྱི་བཀའ་འགྱུར་པོད༡༡༢བྱས་པ་ཆ་ཚང་ཞིག་ལ་གླེགས་ཐུམ་དང་བཅས་པ་ཕུལ། དེ་བཞིན་རྒྱུ་དངོས་བསམ་གྱིས་མི་ཁྱབ་པ་ཕུལ། དེའི་རིང་ལ་རྒྱལ་རོང་རྒྱལ་པོ་ནས་རྒྱལ་རོང་གི་ཁྱད་ཆོས་ལྡན་པའི་བྲོ་གར་དང་རྩེད་མོ་སོགས་ཀྱི་ལྟད་མོ་མང་པོ་ཕུལ་དེ་བཞིན་གསོལ་སྟོན་ཡང་གཟབ་རྒྱས་བཤམས། དེ་ལྟར་རྒྱལ་རོང་ཁྲོ་ཆེན་དུ་ཟླ་བ་གཉིས་ཙམ་བཞུགས་ནས་ཡར་ཕེབས་འགོ་བརྩམས།
མེ་རྟ་ལོ་སྟེ་སྤྱི་ལོ༡༨༤༦ལོའི་སྟོན་ཁར་གཙང་སྨན་རི་དགོན་དུ་འབྱོར། ཐེངས་འདིའི་གདུལ་བྱ་ལ་ཕེབས་ཡུན་དུས་ཚོད་ནི་མི་ལོ་བཞི་ཙམ་འགོར་ཡོད། ལུག་ལོ་སྟེ་སྤྱི་ལོ༡༨༤༧ལོར་སྨན་རིའི་འདུ་ཁང་ཐོག་ཏུ་བཀའ་འགྱུར་ལྷ་ཁང་དང་བླ་བྲང་རྩེའི་གསོལ་ཐབས་མདུན་མེ་ཁང་བཅས་གསར་བཞེངས་གནང་བ་མ་ཟད་འདུ་ཁང་ཡང་ཉམས་གསོ་གནང་། དེ་རྗེས་ཀྱི་ལོ་ཟླ་ཕལ་ཆེར་སྨན་རི་དང་གཡུང་དྲུང་གླིང་དེ་བཞིན་མཁར་སྣ་བཅས་ལ་བཞུགས་ནས་བཤད་སྒྲུབ་ཀྱི་མཛད་པ་བསྐྱངས། ཆུ་བྱི་ལོ་སྤྱི་ལོ༡༨༥༢ལོ་སྟེ་བླ་མ་འདི་ཉིད་དགུང་ལོ༤༡གི་ལོ་ལ་སྐུ་ལ་སྙུང་གཞི་ཕོག་ནས་ཞལ་གྲགས་རྒྱུ་མེད་པར་གྱུར། སྐབས་དེར་སྨན་རི་དགོན་དུ་འབྲེལ་ཡོད་ཀྱི་སྐུ་རིམ་ཞབས་བརྟན་མང་དག་བསྒྲུབ་ཀྱང་ངག་ལྐུགས་པའི་སྙུང་གཞི་དེ་རྩ་བ་ནས་དྲག་བསྐྱེད་མ་བྱུང་། དེ་ནས་བཟུང་ལོ་ཟླ་ཕལ་ཆེར་མཁར་སྣའི་སྒྲུབ་ཕུག་ཏུ་བསྐྱལ། མཁར་སྣ་ལ་བཞུགས་པའི་རིང་ལ་བོན་གྱི་རིག་གནས་དང་འབྲེལ་བའི་ལྗགས་རྩོམ་མང་པོ་གནང་། མཐར་དགུང་ལོ་ལྔ་བཅུ་ཐམ་པ་སྟེ་སྤྱི་ལོ༡༨༦༢ལོ་ལ་སྐུ་ཞི་བར་གཤེགས།
མཁན་ཉི་མ་བསྟན་འཛིན་ནི་གཡུང་དྲུང་བོན་གྱི་རིག་པའི་གནས་ཚང་མར་མངའ་བརྙེས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན་པས་ཁོང་གིས་བོན་གྱི་བསྟན་པ་ལ་མཛད་རྗེས་རླབས་ཆེན་བཞག་ཡོད་པས་ལྗགས་རྩོམ་ཡང་བསམ་གྱིས་མི་ཁྱབ་པ་མཛད་པ་དཔེ་མཚོན་ཙམ་ཞུས་ན། «གསེར་གདུང་བཀྲ་ཤིས་སྒོ་མང་གི་དཀར་ཆག»དང་། «རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་འབུལ་བའི་ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག» «ཚེ་ཆོག་འཆི་མེད་གཏེར་གྱི་བུམ་བཟང་»དང་«དེའི་ཉེར་མཁོ་དགེ་སྤྱོད་ཡན་ལག་བརྒྱད་ལྡན»། དེ་བཞིན«ཚེ་ཆོག་ཕྱག་རྒྱ་ཁ་བསྐོང་དད་པའི་པེ་བེའུ»དང་«ཙཀླི་རྒྱབ་ཡིག»སོགས་དང་། «བོན་སྐྱོངས་སྤྱི་ཡི་བསང་མཆོད་ཨུད་དཔལ་རྒྱས་པའི་ཕྲེང་བ»དང་«སྤྱི་བསང་ཨུད་འབར་རྒྱས་འཕྲེང་གི་ཉེར་མཁོའི་ཆ་ལག་ཟུར་བཀོད»། «མཁའ་ཀློང་གསང་བའི་མདོས་ཆེན་གྱི་བཅའ་ཐབས་གསལ་བྱེད་ཉི་འོད»དང་«མཁའ་ཀློང་གསང་བའི་མདོས་ཆེན་གྱི་ཟིན་རིས་ཉུང་འདུས་གསལ་བྱེད་མེ་ལོང་»། «མཁའ་ཀློང་གསང་བའི་མདོས་ཆེན་གྱི་བཅའ་ཐབས་ཀྱི་དགེ་སྤྱོད»དང་«སྤྱི་སྤུངས་ཞི་ཁྲོའི་ཟིན་རིས་རབ་གསལ་སྒྲོན་མེ»བཅས་བརྩམས། ཕྱི་མཚན་ཉིད་ཀྱི་སྐོར་ལ་ཡང་བརྩམས་ཆོས་མང་སྟེ་དཔེར་ན«མཚན་ཉིད་ཚིགས་བཀྲའི་རིམ་པ་རབ་དཀར་པད་མོའི་འཕྲེང་བ»དང་«ཐུན་མོང་བསྡུད་གྲྭའི་རྣམ་བཤད་རིག་པའི་བློ་སྒོ་འབྱེད་པའི་ལྡེ་མིག» དེ་བཞིན«ཤེར་ཕྱིན་མངོན་རྟོགས་ལམ་གྱི་རིམ་པའི་རྣམ་བཤད་གླེགས་བམ་དང་པོ་དང་གཉིས་པ»བཅས་བརྩམས། དེ་བཞིན«སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ»ཞེས་པ་གཡུང་དྲུང་བོན་གྱི་བསྟན་རྩིས་རྒྱས་པ་ཞིག་བརྩམས་པ་དེ་ནི་བོན་གྱི་བསྟན་པའི་ལོ་རྩིས་ལ་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཆགས་ཡོད། གོང་ཞུས་ཕྱག་དཔེ་དེ་དག་ནི་ཕྱིས་ཀྱི་བོན་པོའི་རྗེས་འཇུག་པ་ཚང་མས་ལོ་ཟླ་རེ་བཞིན་ཉམས་ལེན་བྱེད་རྒྱུར་མཁོ་བའི་རྩ་ཆེའི་ཡིག་རིགས་ཤིག་ཆགས་ཡོད་ལ་དེ་ནི་ཁོང་གིས་གཡུང་དྲུང་བོན་ལ་བཞག་པའི་མཛད་རྗེས་མཚོན་ཐུབ།

༢༽ རང་རྣམ་འདི་ཡི་ཁྱད་ཆོས།  

མཁན་ཉི་མ་བསྟན་འཛིན་གྱི་རང་རྣམ་འདིའི་མཚན་བྱང་ཆ་ཚང་ལ«དཔལ་གཤེན་བསྟན་སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ»ཞེས་ཟེར་དེ་ལ་ས་བཅད་ཆེ་བ་ལྔ་སྟེ། དང་པོ་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་བྱུང་ཚུལ་བསྟན་པའི་ས་བཅད། གཉིས་པ་གཡུང་དྲུང་བོན་གྱི་རྒྱུད་གསུམ་བླ་མའི་ཡིན་ཚུལ་བསྟན་པའི་ས་བཅད། གསུམ་པ་སྨན་རི་མཁན་རབས་དང་པོ་མཉམ་མེད་ཆེན་པོའི་རྣམ་ཐར་གྱི་ས་བཅད། བཞི་བ་དེ་ཉིད་ཀྱི་རྒྱལ་ཚབ་མཁན་རབས་རིམ་བྱོན་གྱི་ལོ་རྒྱུས་ས་བཅད། ལྔ་བ་མཁན་ཆེན་རང་ཉིད་ཀྱི་ལོ་རྒྱུས་ས་བཅད་དང་ལྔ་འོ། །མདུན་གྱི་ས་བཅད་ཆེན་པོ་བཞི་བོ་ནི་མདོར་བསྡུས་ཙམ་ལས་མེད། ནང་དོན་གཙོ་བོ་ས་བཅད་ལྔ་བར་བཞག་ཡོད་པ་སྟེ་ས་བཅད་ལྔ་བ་ལ་ཡང་ནང་གསེས་ལེའུ་ཆུང་བཅོ་ལྔ་ཙམ་བཀོད་ཡོད་པ་འདི་ལྟར་སྣང་སྟེ། དང་པོ་རྒྱུད་པ་རུས་ཀྱི་ཆེ་བ་བརྗོད་པ། གཉིས་པ་ལུས་བསྐྱེད་ཡབ་ཡུམ་གྱིས་བསྐུལ་ཞིང་དལ་འབྱོར་སྐྱེ་བ་བླངས་ཚུལ། གསུམ་པ་བཤེས་གཉེན་མཆོག་དང་མཇལ་ནས་ངེས་པའི་ལུང་གིས་ཟིན་ཚུལ། བཞི་བ་ཐོས་བསམ་རྒྱ་ཆེར་སྦྱངས་ནས་རྩོད་གྲྭར་ཞུགས་ནས་རབ་འབྱམས་མིང་བཏགས་བླངས་ཚུལ། ལྔ་བ་གདན་སར་བླ་མའི་བཀའ་དང་ལྷ་སྲུང་གི་ལུང་གིས་བསྐོས་བཞིན་བསྟན་པའི་ཁུར་ཆེན་བཞེས་ཚུལ། དྲུག་པ་དྲིན་ཆེན་དམ་པར་གཏུགས་ནས་སྔོན་འགྲོ་དངོས་གཞིར་འཇུག་ཚུལ། བདུན་པ་བདེར་གཤེགས་སྐུ་གདུང་བཞེངས་ནས་མངའ་དབུལ་རབ་གནས་མཛད་ཚུལ། བརྒྱད་པ་གསང་སྔགས་བསྒྲུབ་ཆེན་སྲོལ་བཙུགས་ཚུལ། དགུ་བ་བཀའ་འགྱུར་ལྷ་ཁང་བཞེངས་ཚུལ། བཅུ་བ་སྐྱེས་རབས་བཀོད་པར་བྱས་ནས་སྐོར་ཆོག་འཁོར་ལོ་བཞེངས་ཚུལ། བཅུ་གཅིག་པ་ནད་གདོན་དགེ་བསྐུལ་རྟོགས་ནས་དགེ་སྦྱོར་རྒྱ་ཆེར་མཛད་ཚུལ། བཅུ་གཉིས་པ་སྟོང་མཆོད་རྒྱུན་འཛུགས་མཛད་ཚུལ། བཅུ་གསུམ་པ་རྒྱལ་ཚབ་མཁན་མཆོག་བསྐོས་ནས་དབེན་གནས་སུ་བསྒོམ་ཚུལ། བཅུ་བཞི་བ་བླ་མའི་བཀའ་ཡི་བསྐུལ་ནས་རྣམ་ཐར་ཡི་གེར་བཀོད་ཚུལ། བཅོ་ལྔ་བ་དེ་ཡི་རྗེས་སུ་བྱུང་བའི་མཛད་པ་དང་བཅོ་ལྔའོ། །
རྣམ་ཐར་ཐོག་མར་འབྲི་འགོ་བརྩམས་པའི་དུས་ནི་ས་ཁྱི་ལོ་སྟེ་སྤྱི་ལོ༡༨༣༨ལོ་ལ་ཡིན་དེ་ནི་བླ་མ་ཉིད་སྨན་རི་མཁན་ཆེན་དུ་འཁོད་པའི་རྗེས་ཀྱི་ལོ་གསུམ་པ་དེ་རེད། སྐབས་དེར་ཁོང་གི་ཨ་ཁུ་གཡུང་དྲུང་ཉི་རྒྱལ་གྱིས་བསྐུལ་ནས་བླ་མ་ཉིད་ཀྱི་ལོ་རྒྱུས་རྣམ་ཐར་འབྲི་འགོ་བརྩམས་ན་སླད་འགྲོ་བ་སེམས་ཅན་ལ་ཕན་ཐོག་ཚུལ་གསུངས་ནས་བླ་མ་ཉིད་ཀྱིས་སྔར་བྱས་ཐོ་རུ་བཀོད་པ་ཚང་མ་རིམ་བཞིན་རྣམ་ཐར་གྱི་ཚུལ་དུ་བཀོད་གནང་མཛད། བློ་འཕངས་པ་ཞིག་ལ་རང་རྣམ་འདི་ཉིད་ཆ་ཚང་བ་ཞིག་བྲིས་གནང་ཐུབ་མེད་པས་ས་བཅད་ལྔ་བའི་ལེའུ་བཅོ་ལྔ་བ་ཚང་མེད། དེར་བརྟེན་མཁན་ཉི་མའི་དགོངས་པ་རྫོགས་པའི་ལོ་རྣམ་ཐར་འདིའི་ནང་འཁོད་མེད་པས་ཕྱིས་སུ་བྲིས་པའི་དེབ་ཐེར་ཡིག་ཆ་ལ་གཞི་བཅོལ་ནས་གཏན་ལ་ཕབས་པ་ཡིན། ཡོངས་གྲགས་ཀྱི་རྣམ་ཐར་རྣམས་སུ་བླ་མའི་ཆོས་ཕྱོགས་ཀྱི་མཛད་པ་གཙོ་བོར་བརྗོད་པ་ལས་དེ་མིན་སྤྱི་ཚོགས་ཀྱི་མཛད་པ་མང་པོ་བཀོད་པའི་སྲོལ་ཆེས་ཆེར་དར་མེད། དེར་བརྟེན་བླ་མའི་རྣམ་ཐར་ལས་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་རྟོགས་ཐུབ་རྒྱུ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བ་ཞིག་ཆགས་ཡོད། ད་ལྟའི་བར་དུ་བོད་ཡོངས་ལ་བླ་མའི་རྣམ་ཐར་བྲིས་པ་བརྒྱ་ཕྲག་མང་པོ་ཡོད་མོད་འོན་ཀྱང་དངོས་སུ་གྲགས་པ་ཆེ་ཤོས་ནི་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཙམ་རེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་མི་ལའི་རྣམ་ཐར་ནང་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པའི་གནས་ཚུལ་མང་པོ་བཀོད་ཡོད་པས་རེད།
དོན་དངོས་ཐོག་བླ་མ་སྐྱེས་ཆེན་དམ་པ་ཡིན་ཡང་རུང་གྲུབ་ཐོབ་དང་སྤྲུལ་སྐུ་ཡིན་ཡང་རུང་ཚང་མ་མི་ལུས་ཤ་ཁྲག་གི་ཕུང་པོ་གཡར་ནས་ཡོང་བ་ཞིག་ཡིན་ཕྱིན་ཚང་མ་སྐབས་དེའི་སྤྱི་ཚོགས་དེའི་ཁོར་ཡུག་གི་ཁྲོད་དུ་གནས་ཡོད་པས་མི་ཡུལ་གྱི་འཚོ་བ་བསྐྱེལ་དགོས་པ་སྨོས་མེད་རེད། གང་ཞིག་མི་ཡི་ཡུལ་དུ་འཚོ་གནས་བྱས་པ་ཙམ་གྱིས་སྐབས་དོན་གྱི་སྤྱི་ཚོགས་འཚོ་བ་དང་བྲལ་ཐབས་མེད་པ་ནི་སྨོས་མེད་རེད། དེར་བརྟེན་སྐྱེས་ཆེན་དམ་པའི་རྣམ་ཐར་ནང་དུ་སྤྱི་ཚོགས་འཚོ་བ་མཚོན་པའི་གནས་ཚུལ་མ་འཁོད་ན་རྣམ་ཐར་དེ་ཉིད་ཀྱི་རིན་ཐང་དེ་ཙམ་གྱིས་ཆ་ཚང་བར་མངོན་ཐུབ་ཀྱི་མེད། མཁན་ཉི་མ་བསྟན་འཛིན་གྱི་རང་རྣམ་ལ་ཡོངས་ཁྱབ་ཀྱི་སྐྱོན་ནད་དེ་འགོས་མེད། དེ་ཡང་རང་རྣམ་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་ཕྱོགས་ཁ་ཤས་ནས་མངོན་ཐུབ་པ་སྟེ་ཐོག་མར་རང་རྣམ་འདིའི་འབྲི་སྟངས་ཀྱི་ཐད་ནས་ཉིན་ཐོ་ལྟ་བུའི་འབྲི་སྟངས་ཏེ་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་བྲིས་ཡོད་པ་སྟེ་ལོ་རེ་རེ་བཞིན་གྱི་གནས་ཚུལ་སྔ་ཕྱི་ལྟར་བཀོད་ཡོད། དེའི་ནང་དུ་ཆོས་ཕྱོགས་ཀྱི་མཛད་པ་ཙམ་མ་ཡིན་པ་འཇིག་རྟེན་པའི་གནས་ཚུལ་ཡང་མང་ཙམ་བཀོད་ཡོད་པས་རྣམ་ཐར་གྱི་དཔྱད་གཞིའི་རིན་ཐང་ཆེ་རུ་བཏང་ཡོད། ནང་དོན་གྱི་ཐད་ནས་བྱས་ན་དམིགས་བསལ་གྱི་ཁྱད་ཆོས་ཁག་ཁ་ཤས་མངོན་ཐུབ་པ་དཔེར་ན། རྣམ་ཐར་འདིའི་ནང་དུ་བླ་མ་རང་གི་གདུང་རྒྱུད་སྐམ་ཚང་གི་རྒྱུད་པ་བླ་རབས་མང་པོ་བཀོད་པ་དེ་རེད།
དེ་ཡང་རྣམ་ཐར་ལྟར་ན་ཉི་མ་བསྟན་འཛིན་གྱི་གདུང་རྒྱུད་སྐམ་རིགས་ཡིན་པ་དང་དེ་ནི་ཐོག་མར་འོད་གསལ་ལྷ་ལས་ཆད་ནས་ཕྱིས་སུ་བོད་བཙན་པོའི་དབུ་བླ་མཛད། དེ་ནས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དུས་དབུས་གཙང་ཁུལ་དུ་གཡུང་དྲུང་བོན་བསྣུབས་པས་སྐམ་གཡུང་དྲུང་བདུད་འདུལ་ཞེས་པའི་རིག་འཛིན་དེ་མར་མདོ་སྨད་ཕྱོགས་སུ་བྱོན། རྒྱ་བོད་སོ་མཚམས་ཟོང་ཆུ་སྟག་གླིང་ཟེར་བའི་ས་ཡི་ཤར་ཕྱོགས་འོད་དེ་རལ་གསུམ་ཞེས་པའི་ས་ཆར་ཕེབས་ནས་བཞུགས། དེ་རུ་བླ་རབས་བདུན་རིང་བསྒྲུབ་པ་མཛད་ནས་བསྟན་པ་སྤེལ། དེ་ནས་རྒྱལ་རོང་རྒྱལ་ཁག་དང་མི་ཉག་རྒྱལ་པོ་རྣམས་ཀྱི་དབུ་བླ་མཛད། དེ་ནས་ཡང་བསྐྱར་རིམ་བཞིན་ཡར་བྱོན་ནས་ཏྲེ་ཤོད་གངས་ཀྱི་ར་བ་རུ་བཞུགས། སྐབས་དེར་སྐམ་བླ་མ་གཡུང་དྲུང་མགོན་པོ་ཞེས་པ་ཞིག་ཡོད་པ་དེ་ལ་སྲས་གསུམ་གྱི་ཆེ་བ་དུས་གསུམ་མཁྱེན་པ་སྟེ་ཀརྨ་བཀའ་རྒྱུད་ཀྱི་བླ་མ་དེའོ། །སྲས་ཆུང་བ་གཉིས་མུ་མཐུད་གཡུང་དྲུང་བོན་གྱི་བསྟན་པ་བཟུང་། དེ་ནས་སྐམ་ཚང་བླ་རབས་འགའ་བེ་རི་རྒྱལ་པོའི་དབུ་བླ་མཛད། བེ་རི་རྒྱལ་པོ་དོན་ཡོད་རྒྱལ་གྱི་སྐབས་རྒྱ་ནག་གོང་མའི་དམག་དཔུང་གིས་བེ་རི་གཏོར་ནས་དགོན་པ་མང་པོ་རྩ་གཏོར་བཏང་བའི་དུས་སྐམ་ཚང་བླ་མ་སྡེ་དགེ་རྒྱལ་པོའི་དབུ་བླར་གྱུར་ནས་བླ་རྒྱུད་རིམ་བཞིན་འཕེལ་ནས་ཉི་མ་བསྟན་འཛིན་བར་དུ་བརྒྱུད་པའོ། །བླ་རབས་འཕེལ་རིམ་གྱི་ལོ་རྒྱུས་དུམ་བུ་འདིས་སྐམ་ཚང་བླ་རྒྱུད་ཙམ་མ་ཡིན་པར་དེ་ནས་བོན་དང་བོད་སྤྱིའི་ལོ་རྒྱུས་ཞིབ་འཇུག་ལ་ཡང་ཕན་ཐོག་ཡོད་པ་ནི་རྣམ་ཐར་འདིའི་རིན་ཐང་གཞན་ཞིག་རེད།
དེ་བཞིན་རྣམ་ཐར་འདིའི་དམིགས་བསལ་ཁྱད་ཆོས་གཞན་ཞིག་ནི་སྨན་རི་མཁན་ཆེན་བསྐོས་རྗེས་བསྟན་པའི་དོན་དུ་བྱང་འབྲོག་དང་མདོ་སྨད་ཁུལ་དུ་ཐེངས་གཉིས་བྱོན་པའི་སྐབས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་པ་དང་། དེའི་ནང་དུ་ཆོས་ལུགས་ཀྱི་མཛད་སྒོ་དབང་དང་བྱིན་རླབས་དང་རབ་གནས་མཛད་ཚུལ་ཞིབ་ཕྲ་བཀོད་པ་མ་ཟད་སྐབས་དེའི་སྤྱི་ཚོགས་འཚོ་བའི་གནས་ཚུལ་ཡང་ཁ་གསལ་བཀོད་ཡོད་པ་དཔེར་ན། བྱང་འབྲོག་རྫ་དམར་ཚོ་བའི་མངའ་ཁོངས་སུ་སླེབས་སྐབས་ཚོ་བའི་དཔོན་དམངས་ཡོངས་ཀྱིས་བསྐུལ་ངོར་མཁའ་ཀློང་གསང་བའི་མདོས་ཆེན་གྱི་ཆོ་ག་ཞིག་གཙོ་སྐྱོངས་གནང་རྗེས་རྫ་དམར་ཚོ་བ་ཡོང་གིས་བཀའ་དྲིན་ཞུ་ཆེད་རྟ་རྒྱུག་མདའ་འཕེན་གྱི་རྩེད་མོ་དང་དེ་བཞིན་གླུ་གར་གྱི་ལྟད་མོ་ཕུན་སུམ་ཚོགས་པར་ཕུལ་བ་དང་། དེ་བཞིན་ཤར་རྒྱལ་མོ་རོང་དུ་བསྐྱོད་སྐབས་རྒྱུ་འབྱོར་གྱི་ཡོན་གྱ་ནོམས་པ་ཕུལ་བ་མ་ཟད་ཡུལ་དེའི་ཁྱད་ཆོས་ལྡན་པའི་བྲོ་གར་གྱི་ལྟད་མོ་ཡང་ཕུལ་བར་བྲིས་ཡོད་པ་ལྟ་བུའོ། །སྦྱིན་བདག་རྣམས་ཀྱིས་ཕུལ་བའི་རྒྱུ་འབྱོར་རྣམས་ཚང་མ་ཐོ་འགོད་ཁ་གསལ་བྱས་ནས་དེ་དག་འགྲོ་སོང་གང་དུ་བཏང་ཡོད་མེད་ཀྱང་ཁ་གསལ་བཀོད་ཡོད། དེའི་ནང་དུ་གསེར་དང་དངུལ། རིན་ཆེན་གཡུ་དང་བྱུ་རུ། ཇ་དང་ཐ་ན་ཁ་བཏགས་ཙམ་ཡང་ཐོ་ཁ་གསལ་བར་བཀོད་ཡོད་པ་དཔེར་ན། ཕུ་དུ་ཁང་ཤེས་རབ་དབང་ཕྱུག་དང་བསོད་ནམས་དབང་ཕྱུག་གཉིས་ནས་ཁ་བཏགས་གཅིག་དང་འབྲུ་གཙང་ཁལ་བརྒྱ་ཐམ་པ་གཡུ་སྤུས་ལེགས་སྲང་གསུམ་རི་བ་ཕུལ་ཞེས་པ་ལྟ་བུའོ། །དེ་འདྲ་བའི་དཔེར་བརྗོད་མང་པོ་ཞིག་ཡོད་འདིར་ཡིག་ཚོགས་མང་བའི་སྐྱོན་དུ་འགྲོ་བས་དེ་ཙམ་མོ། །

༣༽ དཔལ་འབྱོར་ཡོང་ཁུངས་དང་བེད་སྤྱོད་གཏོང་སྟངས་ཀྱི་སྐོར་ལ་དཔྱད་པ།
རྣམ་ཐར་འདི་ལས་སྐབས་དེའི་གཙང་སྨན་རི་དགོན་གྱི་དཔལ་འབྱོར་ཡོང་ཁུངས་ཀྱི་ཐད་ལ་བསམ་གཞིགས་བྱེད་རྒྱུ་ཡོད་པ་ནི་རྣམ་ཐར་འདིའི་རིན་ཐང་གཞན་ཞིག་མངོན་ཐུབ། དེ་ཡང་བཅོས་བསྒྱུར་མ་བྱས་གོང་བོད་ཀྱི་དགོན་སྡེ་ཆེ་ཁག་ཕལ་ཆེར་ལ་སོ་སོའི་ཆོས་གཞིས་ཡོད་པས་དཔལ་འབྱོར་ཡོང་ཁུངས་སྤྱིར་བཏང་བྱས་ན་ཆོས་གཞིས་དེ་དག་ལས་འབྱུང་གི་ཡོད་པས་བླ་མ་རྣམ་པས་ངལ་བ་དུ་མ་ཁྱད་བསད་བྱས་ནས་གདུལ་བྱ་ལ་ཕེབས་དགོས་མེད་མོད། འོན་ཀྱང་སྨན་རི་དགོན་ལ་ཆོས་གཞིས་དེ་འདྲ་མེད་པས་སྨན་རི་མཁན་པོར་འཁོད་རྗེས་བྱ་བ་དང་པོ་དེ་དགོན་པའི་གཏོང་སྒོ་རྒྱུན་བསྲིང་ཡོང་ཆེད་བྱང་ཕེབས་མཛད་དགོས་པ་དེ་རེད། རྣམ་ཐར་ལས་ཤེས་རྟོགས་བྱུང་བར་གཞིགས་ན་སྨན་རི་དགོན་པའི་མཁན་པོ་རྣམ་པ་གདུལ་བྱ་ལ་བྱང་ཕེབས་མཛད་སྐབས་ས་ཁུལ་ཁག་ཁ་ཤས་ཡོད་པ་ནི་སྟོད་དྭངས་ར་ཁུལ་དང་། བར་གྱི་ཧོར་ཚོ་བ་སོ་དགུ་སྨད་ཀྱི་ཁམས་ཁུལ་དེ་ལས་ཤར་དུ་རྒྱལ་མོ་རོང་ཁུལ་སོགས་ཡིན། དེ་ཡང་བྱང་ཕེབས་ཞེས་པ་མང་ཆེ་སྟོད་ཀྱི་དྭངས་ར་དང་གནམ་མཚོ་ཁུལ་དང་། དེ་བཞིན་ཧོར་ཚོ་སོ་དགུ་དེ་བཞིན་ཁྱུང་པོ་ཁུལ་བཅས་ཀྱི་ས་ཁུལ་རྣམས་ཡིན། ས་ཐག་རིང་བའི་རྐྱེན་གྱིས་ཁམས་ཁུལ་དང་རྒྱལ་རོང་ཁུལ་དུ་ཕེབས་ཚད་ཉུང་ཙམ་ཡིན། སྤྱིར་བཏང་བྱས་ན་སྨན་རིའི་བླ་ཐོག་རེ་ལ་ཐེངས་རེ་ཙམ་ལས་ཕེབས་ཐུབ་ཀྱི་མེད་མང་ཆེ་དྭངས་ར་དང་ཧོར་དང་ཁྱུང་པོ་ཁུལ་དུ་ཕེབས་ཀྱི་ཡོད། མཁན་ཉི་མ་བསྟན་འཛིན་གྱི་རང་རྣམ་ལྟར་ན་ཁོང་སྨན་རིའི་མཁན་པོ་འཁོད་རྗེས་བྱང་ཕེབས་ལ་ཐེངས་མ་གཉིས་བྱོན་པ་དང་དེའི་ནང་ནས་ཐེངས་རྗེས་མ་དེ་ཐག་རིང་ཤོས་རྒྱལ་རོང་ཁུལ་དུ་སླེབས་ཡོད། ཁོང་གིས་རང་རྣམ་ནང་དུ་བྱང་ཕེབས་ཐེངས་གཉིས་པོ་དེའི་བརྒྱུད་རིམ་ཤིན་ཏུ་ཁ་གསལ་བྲིས་གནང་ཡོད། རྒྱལ་རོང་བར་དུ་ཕེབས་པའི་བྱང་ཕེབས་དེར་ལོ་ངོ་བཞི་ཙམ་འགོར་ཡོད། རྗེས་སུ་ཡར་སྨན་རི་དགོན་དུ་འབྱོར་ནས་གདུལ་བྱར་ཕེབས་སྐབས་ལྷ་སྡེ་རྣམས་ཀྱིས་ཕུལ་བའི་འབུལ་བ་ཆ་ཚང་སྨན་རི་དགོན་དུ་བཞག་ནས་འདུ་ཁང་ཐོག་ཏུ་བཀའ་འགྱུར་ལྷ་ཁང་དང་བླ་བྲང་རྩེའི་གསོལ་ཐབས་མདུན་མེ་ཁང་བཅས་གསར་བཞེངས་གནང་བ་མ་ཟད་འདུ་ཁང་ཡང་ཉམས་གསོ་གནང་། བྱང་ཕེབས་དེ་འདྲ་བྱོན་བར་དུས་ཚོད་རིང་བ་ཙམ་མ་ཟད་ལམ་དུ་དཀའ་ཚེགས་ཡང་ཤིན་ཏུ་ཆེ་བའི་བྱ་བ་ཞིག་ཡིན་པས་བླ་ཐོག་རེར་ཐེངས་རེ་ལས་ཕེབས་ཐུབ་ཀྱི་མེད་པ་ནི་ཤེས་གསལ་རེད། རྣམ་ཐར་འདི་ལ་ད་དུང་དམིགས་བསལ་ཁྱད་ཆོས་གཞན་ཞིག་ཡོད་པ་སྟེ་མཁན་ཉི་མ་དང་མཇལ་འཕྲད་བཀའ་མོལ་བྱུང་རིགས་ཀྱི་བླ་མ་ཆེ་གྲས་ཕན་ཚུན་ཞབས་བརྟན་གསོལ་འདེབས་འབུལ་རེས་གནང་བ་རྣམས་ཕལ་ཆེར་ཆ་ཚང་བཀོད་འདུག དེ་ཡང་མང་ཆེ་མཁན་ཉི་མ་ཁོང་རང་གིས་ཕར་ཕུལ་བ་རྣམས་རེད། དེ་ཡང་ཞབས་བརྟན་གསོལ་འདེབས་དེ་དག་ཕལ་ཆེ་བ་དད་ལྡན་སེར་སྐྱ་ཕོ་མོས་རེ་བསྐུལ་མནན་མོ་བྱས་མཐར་ཁོང་གིས་བྲིས་ནས་ཕུལ་བ་ཤ་སྟག་རེད། དོན་དེ་ནས་སྐབས་དེ་དུས་གྲགས་ཅན་བླ་མ་རྣམས་ལ་ཞབས་བརྟན་གསོལ་འདེབས་འབུལ་རྒྱུ་ཆེས་ཆེར་དར་བར་མངོན་ཐུབ་ལ་ལུགས་སྲོལ་དེ་ཡུན་རིང་གི་ལོ་རྒྱུས་ལྡན་པ་ཡང་ཟུར་ནས་མཐོང་ཐུབ། མདོར་ན་མཁན་ཉི་མའི་རང་རྣམ་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་མང་པོ་ལྡན་འདུག་པར་སྐབས་འདིར་ཆེད་རྩོམ་ཐུང་ངུ་ཞིག་གིས་དེ་དག་ཚང་མ་ངོ་སྤྲོད་དང་དཔྱད་པ་ཞུ་ཐུབ་ཐབས་ག་ལ་ཡོད། རྩོམ་ཐུང་འདིའི་དམིགས་ཡུལ་ཉག་གཅིག་པུ་དེ་ནི། སོ་ཕག་འཕངས་ནས་གཡང་ཊི་ལེན། །ཞེས་པའི་དཔེ་ལྟར་དཔྱད་རྩོམ་ཐུང་ངུ་འདི་བརྒྱུད་དེ་གཅིག་ནས་མཁན་ཉི་མ་བསྟན་འཛིན་གྱི་མཛད་པ་རྒྱུས་མངའ་ཡོང་རྒྱུ་དང་། གཉིས་ནས་རྣམ་ཐར་གྱི་ནང་དོན་སྔར་ལས་ཞིབ་ཚགས་བལྟ་ཀློག་བྱས་ཏེ་དེའི་ནང་ནས་ཞིབ་འཇུག་ལས་ཀར་སྨན་པའི་དོན་ཆེན་མང་པོ་རྙེད་ཐུབ་རྒྱུའི་རེ་བ་ཡོད་པ་བཅས་རེད།
རྩོམ་པ་པོ། དོན་འགྲུབ་ལྷ་རྒྱལ།
2010ལོའི«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་བདུན་པ་ལས་བཤུས།

1,304 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།