གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་ལ་དྲི་བ་དང་དྲིས་ལན།

DSC01610༡༽ དྲི་བ། གནའ་ཆོས་བོན་དེ་མི་ལོ་སྟོང་ཕྲག་དུ་མའི་གོང་ནས་གསུངས་འདུག་པས། མཉམ་མེད་ཤཀྱཱ་སེང་གེ་དང་དུས་མཉམ་པ་ཡིན་ནམ་དེའི་གོང་ནས་ཡིན། ལོ་ཚིགས་གསལ་པོ་ཁུངས་གཏུགས་འདྲ་ཡོད་དམ།

ལན། ཕྱིས་འབྱུང་གཡུང་དྲུང་བོན་གྱི་ལོ་རྒྱུས་མང་དག་ནང་དུ་སྟོན་པ་གཤེན་རབ་སྐུ་འཁྲུངས་ནས་སྤྱི་ལོའི་སྔོན་དུ་ལོ་༡༦༠༡༧ སོང་བར་བཤད་ཡོད། འོན་ཀྱང་དོན་དངོས་ཐོག་དངོས་གཙོ་རིག་པའི་ལམ་ནས་གཡུང་དྲུང་བོན་གྱི་ལོ་རྒྱུས་རྙིང་པ་ཁག་གཅིག་ལ་ཞིབ་དཔྱད་གནང་ན་ད་ནས་ཡར་རྩིས་པའི་ལོ་༣༩༠༠ གོང་དུ་སྟོན་པ་གཤེན་རབ་འཇིན་རྟེན་མི་ཡུལ་ལ་བཞུགས་ཡོད་པ་གསལ་པོ་རེད། དེས་ན་གཤེན་རབ་མི་བོ་ནི་མཉམ་མེད་ཤཀྱཱ་སེང་གེའི་སྔོན་དུ་བྱུང་བར་འདོད།

༢༽ དྲི་བ། ལྟ་བ་ཡས་ཕུབ་ཅེས་པ་ལྟ་བ་མཐར་ཐུག་རྟེན་འབྱུང་དང་མཐུན་པ་ཞིག་གམ་མི་མཐུན་པ་ཞིག་ཡིན།

ལན། རྟེན་འབྱུང་ཞེས་པ་དེའི་གོ་དོན་འགའ་ཤས་བཤད་དུ་ཡོད་སྲིད་ཀྱང་། ལྟ་བ་ཡས་ཕུབ་ཅེས་པའི་དོན་ནི། སྤྱིར་ཐེག་པའི་ཁྱད་པར་དབང་གིས་ལྟ་བ་མི་འདྲ་བ་གསུང་ཡོད་ཀྱང་ཐེག་པའི་ཡང་རྩེ་བླ་མེད་རྫོགས་པ་ཆེན་པོའི་དབང་དུ་བྱས་ན། ལྟ་བ་མཐའ་གཞི་རྒྱ་གྲོལ་སྟོང་པ་རང་གསལ་གྱི་སྙིང་པོར་འཁོར་འདས་ཐམས་ཅད་རང་བཞིན་གྱིས་རྫོགས་ཤིང་སྣང་སྲིད་རྟེན་གཡོའི་བཀོད་པ་ཇི་སྙེད་བྱུང་བ་ཐམས་ཅད་མེད་སྣང་སྟོང་གཟུགས་ཆེན་པོའི་རང་བཞིན་དེ་ལ་བརྗོད།

༣༽ དྲི་བ། སྤྱོད་པ་མས་འཛེགས་ཞེས་སྙིང་རྗེ་ཆེན་པོ་ནི། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། གང་གི་ཐུགས་བརྩེའི་ཉེར་བཟུང་ནས། ཞེས་པའི་ཐུགས་བརྩེ་བ་ཆེན་པོ་གསུངས་པ་དེ་རང་ཡིན་ནམ།

ལན། གཞི་སྙིང་རྗེ་ཆེན་པོ་ཞེས་པ་དེ་ནི། རིས་སུ་མ་ཆད་པའི་འགྲོ་བ་ཀུན་ལ་དམིགས་ཏེ་འཁོར་བ་སྡུག་བསྔལ་གྱི་གཡང་ས་ལས་་སྒྲོལ་འདོད་ཀྱི་བློ་བཅོས་མིན་གྱི་མྱོང་བ་ཐོན་པ་དེ་ལ་བརྗོད་པས། ཀླུ་གྲུབ་ཞབས་ཀྱིས་བཞེད་པའི་ཐུགས་བརྩེ་ཞེས་པ་དེ་དང་མཐུན་སྲིད་ཀྱང་། སྤྱོད་པ་མས་འཛེགས་ཞེས་པ་དེ་ནི། ལས་འབྲས་ཀྱི་བླང་དོར་ཚུལ་བཞིན་སྤྱོད་ནས་འགྲོ་བ་གཞན་ལ་གནོད་འཚེ་སྤངས་ནས་ཕན་པ་སྒྲུབ་པ་ལ་འཇུག་པ་དེ་ལ་བརྗོད།

༤༽ དྲི་བ། དེ་དང་དུས་མཚུངས་ལྟ་བ་ཡས་ཕུབ་ཀྱི་གོ་དོན་གང་ཡིན་ནམ།

ལན། ལྟ་བ་ཡས་ཕུབ་ཀྱི་དོན་གོང་དུ་བཤད་ཟིན།

༥༽ དྲི་བ། ལྟ་བ་དེས་སྤྱོད་པ་མས་འཛེགས་ཀྱི་རྒྱབ་རྟེན་ཇི་ལྟར་བྱེད་དམ།

ལན། སྤྱོད་པ་ཇི་ལྟར་བཟང་པོར་སྤྱད་ཀྱང་ལྟ་བ་ཡས་ཕུབ་ཀྱིས་རྩིས་ཟིན་པ་མེད་ན་འཁོར་བའི་རྩ་བ་གཅོད་མི་ནུས་པར་འདོད་ཀྱིན་ཡོད། དེས་ན་སྤྱོད་པ་ལ་ལྟ་བས་ཟིན་པ་གལ་ཆེན་རེད།

༦༽ དྲི་བ། ཡང་སྤྱོད་པ་མས་འཛེགས་ཞེས་པ་སྙིང་རྗེ་ཆེན་པོ་ལ་གོ་རྒྱུ་ཨེ་ཡིན་ནམ།

ལན། སྤྱོད་པ་མས་འཛེགས་ནི་གཞི་སྙིང་རྗེ་ཆེན་པོ་ལ་གོ་རྒྱུ་མིན།

༧༽ བོན་གཞུང་ནང་ཆོས་རྣམས་རང་ངོས་ནས་གྲུབ་པར་འཇོག་གི་ཡོད་དམ་མེད།

ལན། སྤྱིར་བོན་པོའི་གཞུང་ལས་བཤད་པའི་ཐེག་པ་འགའ་ཤས་ཀྱིས་ཆོས་རྣམས་རང་ངོས་ནས་གྲུབ་པ་འདོད་ཀྱིན་ཡོད། འོན་ཀྱང་མདོ་ལུགས་ལ་གཡུང་དྲུང་སེམས་པ་སྤྲོས་མེད་པ་དང་སྔགས་དང་རྫོགས་ཆེན་གང་གི་ལུགས་ལ་ཆོས་རྣམས་རང་ངོས་ནས་གྲུབ་པ་དང་རང་བཞིན་གྱིས་གྲུབ་པར་བཞེད་ཀྱིན་མེད།

༨༽ དྲི་བ། བོད་དུ་ནང་ཆོས་མ་དར་གོང་ནས་བོན་དར་ཡོད་ན་ཕྱིས་ནང་ཆོས་དར་བ་དེས་བོན་ནུབ་པ་རེད་དམ། དེ་མིན་གནད་དོན་གཞན་ཞིག་ལ་བརྟེན་ནས་ཡིན་ནམ། ཆོས་རྒྱལ་རྣམ་པས་དཀའ་བ་བརྒྱ་ཕྲག་ཧུར་བཞེས་ཀྱིས་དར་བར་མཛད་པ་དེ་བོན་ལ་མ་དགའ་བ་རང་ཨེ་ཡིན། ནང་ཆོས་དེ་དངོས་གནས་སྤུས་དག་པོ་ཞིག་ཡོད་པ་དང་། བོད་དུ་དར་བར་མཛད་ན་ཕན་པ་རྒྱ་ཆེ་གཟིགས་པ་ལས་ཡིན་གྱི། ནང་ཆོས་དང་གཅིག་མཚུངས་སམ་དེ་ལས་ལྷག་པའི་གནའ་རིག་ཡོད་ཡོད་པར་གསར་དུ་དར་ཞིང་རྒྱས་པར་མཛད་པའི་གནད་འགག་ཆེན་པོ་ཞིག་ཡོད་པ་ནི་སྨ྄ོས་དགོས་སམ་སྙམ། ཅི་སྟེ་ཡོད་ན་ཅི་ཡིན་ནམ།

ལན། དུས་རབས་བདུན་པ་ནས་རྒྱ་གར་ནང་ཆོས་བོད་ལ་དར་འགོ་བཙུགས་ཡོད། དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་གཡུང་དྲུང་བོན་ལོག་ཆོས་ཤིག་ཡིན་པར་དགོངས་ནས་ཆོས་གདན་འདྲེན་ཞུས་པ་གཏན་ནས་མིན་པར་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་ཐུག་ནས་ཆོས་དང་དུ་བླངས་པ་ཡིན། དེའི་སྔོན་བོད་རྒྱལ་གྲི་གུམ་བཙན་པོས་ཀྱང་གཡུང་དྲུང་བོན་ཐེངས་གཅིག་བསྣུབས་པའི་ལོ་རྒྱུས་ཡོད། སྐབས་དེ་དུས་བོན་གཤེན་རིག་འཛིན་རྣམས་དབང་ཆ་ཧ་ཅང་མཐོ་ཞིང་ཆབ་སྲིད་དང་ཆོས་གང་ཅིའི་ཐད་ལ་རྒྱལ་བློན་རྣམས་ཀྱིས་ཁོང་རྣམ་པ་ལ་བློ་འདྲི་བྱེད་སྲོལ་ཡོད། ཆོས་ལུགས་མི་སྣ་འགའ་ཤས་ཀྱིས་ཆབ་སྲིད་ལ་ཇུས་གཏོགས་བྱས་པ་ཡང་སྲིད། བཙན་པོའི་ཐུགས་ལ་མ་འོངས་པར་རྒྱལ་སྲིད་བོན་གྱིས་ལེན་པའི་དོགས་བློ་ཞིག་སྐྱེས་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བཙན་པོ་འགས་གཡུང་དྲུང་བོན་བསྣུབས་ཡག་ལ་རེམས་ཡོད། མཐར་དུས་རབས་བརྒྱད་པའི་ནང་ཁྲི་སྲོང་ལྡེའུ་བཙན་སྐབས་གཡུང་དྲུང་བོན་རྒྱ་ཆེར་བསྣུབས་ཡོད་པ་དང་། བོན་པོའི་ཆོས་ལུགས་མི་སྣས་རྒྱ་གར་ནང་ཆོས་བོད་དུ་སྤེལ་བའི་ཐད་ལ་བཀག་འགོག་ཤུགས་ཆེར་བྱས་པར་བརྟེན། བོན་པོའི་མི་མང་པོ་སྐེ་བཅད་པ་སོགས་མི་སྤྱོད་ལས་འདས་པའི་ཆད་པ་ཕོག་མྱངས་ཡོད་པ་བན་བོན་གཉིས་ཀའི་ལོ་རྒྱུས་ནང་དུ་གསལ་ཡོད་པ་རེད། དེ་རྗེས་རྒྱལ་པོ་འུ་དུམ་བཙན་པོས་དམ་པའི་ཆོས་བསྣུབས་པ་དེ་ཡང་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་ཐུག་པ་མ་གཏོགས་ཆོས་ཡང་དག་པ་མ་ཡིན་པའི་རྒྱུ་མཚན་གྱིས་མིན་པར་གོང་མ་དེ་ཡང་དེ་བཞིན་རེད་སྙམ།

༩༽ དྲི་བ། བོད་ཁུལ་ནང་བསྟན་ནི་མདོ་སྔགས་ཡོངས་སུ་རྫོགས་པའི་དཔལ་ན་ལཎཌའི་བཞེད་གཞུང་དྲི་མ་མེད་པ། ལུང་དང་གཙོ་བོ་རིགས་ལམ་གུང་བསྒྲིགས་ནས་གཏན་ལ་ཕབ་པ་ཞིག་ཡིན་ན། དེང་དུས་མཚན་རིག་པ་སྙན་ཅན་མཁས་མཆོག་Einstein ནས་མ་འོངས་པར་མཚན་རིག་དང་མཉམ་སྐྱོད་དངོས་གཉིས་ཀར་བསྟན་པའི་ཆོས་ལུགས་ཐུན་མོང་བ་ཞིག་སྲིད་ཚེ་དེ་ནི་ནང་ཆོས་འཇོག་ཆོག་པ་གསུངས་པ་དེ་ལྗིད་ཁོག་ཡོད་པའི་བཀའ་མོལ་ཞིག་ལ་ངོས་འཛིན་ཞུ་ཐུབ་པ་ཡིན། དེས་ན་བོན་ནང་འདི་འདྲའི་ཞིབ་ཚགས་པོའི་རྣམ་གཞག་མཐར་ཐུག་དྲི་མ་མེད་པའི་རིགས་པས་ཕྱེ་དགོས་པའི་རིང་ལུགས་སུ་འཇོག་ཚུལ་ཨེ་ཡོད་དམ།

ལན། གཡུང་དྲུང་བོན་གྱི་ནང་དུ་ཚན་རིག་དང་མཐུན་པའི་རིགས་ལམ་ནས་གྲུབ་པའི་གནད་གལ་ཆེན་མང་པོ་ཡོད་སྲིད། དཔེར་ན་བོན་པོའི་མནའ་དཔེ་སྣང་སྲིད་མཛོད་ཕུགས་ལས་སྲིད་པ་ཆགས་རབས་བཤད་པ་དེ་ཚན་རིག་གི་བཤད་ཚུལ་དང་མཐུན་པོ་ཡོད་པ་བཞིན་རེད། གཙོ་ཆེ་ཤོས་བོན་པོའི་གཞུང་ཆེན་རྣམས་སུ་འགྲོ་བའི་བདེ་སྐྱིད་ཡོད་དོ་ཅོག་ནང་དུ་སེམས་དེ་བཅོས་བསྒྱུར་བྱས་པ་ལ་བརྟེན་ནས་འབྱུང་བར་བཤད་པས་དེ་ནི་ཚན་རིག་དང་གོ་བསྡུར་མི་ཐུབ་པའི་གནད་ཅིག་རེད་བསམ་ཡོད།

༡༠༽ དྲི་བ། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་མཐར་ཐུག་གི་སྐྱབས་གནས་ཉག་གཅིག་ཏུ་འཇོག་ན་ཨེ་འགྲིག བོན་སྟོན་ནས་མངའ་བརྙེས་ལ་སྟོན་པ་སངས་རྒྱས་ཀྱིས་མངའ་མ་བརྙེས་པའི་གོ་འཕང་ཟུར་གསལ་ཞིག་ཨེ་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྫོགས་ཆེན་གྱི་ཆོས་འཁོར་བསྐོར་བར་ཁས་བླངས་ཐུབ་བམ། བོན་ཆོས་གཉིས་ཀྱི་མཐར་ཐུག་གི་གོ་འཕང་ལ་མཐོ་དམའ་ཡོད་དམ་མེད། ཡོད་ན་ཇི་འདྲ་ཡིན། མེད་ན་ནང་ཆོས་ལས་ཟུར་དུ་ཕྱེ་དགོས་དོན་ནི་ཚིག་ཙམ་དུ་ཟད་པ࿒མ་ཡིན་ནམ།

ལན། གཡུང་དྲུང་བོན་ལུགས་ལ་སྟོན་པ་ཤཀྱཱའི་དབང་པོ་སྐྱབས་གནས་སུ་བཟུང་ན་ལོས་འགྲིག ཁོང་ཙམ་དུ་མ་ཟད་ཕྱོགས་བཅུ་ན་བཞུགས་པའི་བདེ་བར་གཤེགས་པ་ཡོངས་སུ་རྫོགས་པ་ལ་སྐྱབས་སུ་འགྲོ་དགོས་པར་གསུང་ཡོད།
བོན་གྱི་སྟོན་པ་མངའ་བརྙེས་ནས་སངས་རྒྱས་མ་ཐོབ་པའི་གོ་འཕང་ཟུར་གསལ་ཞིག་མེད་པར་འདོད།
སྟོན་པ་བཅོས་ལྡན་འདས་ཀྱིས་རྫོགས་ཆེན་དངོས་སུ་གསུང་པའི་ཚུལ་བན་བོན་གཉིས་ཀྱི་གཞུང་ཆེན་རྣམས་སུ་གསལ་ཁ་གང་ཡང་ད་ལྟའི་བར་ཁོ་བོས་མ་མཐོང་བས་ཁོང་གིས་རྫོགས་ཆེན་གསུང་པ་ཁས་ལེན་གི་མེད། བོན་ཆོས་གཉིས་ཀྱི་མཐར་ཐུག་གི་གོ་འཕང་ལ་མཐོ་དམའ་ཡོད་དམ་མེད་ཅེས་དྲི་ཡོང་དུས་དེ་ལ་ཁ་ཐུག་ཏུ་ལེན་རྒྱག་རྒྱུར་དཀའ་ལས་ཕྲན་བུ་འདུག གང་ཡིན་ཟེར་ན། དཔེར་ན་བོན་པོའི་ནང་དུ་ཐེག་པ་ལ་རིམ་པ་མི་འདྲ་བ་དགུ་བཤད་ཡོད།
དེ་དག་གི་མཐར་ཐུག་གི་འབྲས་བུ་དེ་རང་རང་ལུགས་ལ་འབྲས་བུ་འཐར་ཐུག་ཡིན་ཡང་གོང་མ་གོང་མ་ནས་འབྲས་བུ་ཐུན་མོང་མ་ཡིན་པ་རེ་རེ་འཇོག་རྒྱུ་མེད་པ་མ་ཡིན་པས། དེ་བཞིན་ཞིབ་ཕྲ་བགོས་པ་ཡིན་ན་བན་བོན་གཉིས་ཀྱི་མཐར་ཐུག་གི་འབྲས་བུ་ལའང་ཐུན་མིན་གྱི་ཁྱད་ཆོས་རེར་འཇོག་རྒྱུ་ཡོད་འགྲོ་སྙམ།

དྲི་བ་འདོན་མཁན་རིགས་ལྡན་རྒྱལ་པོ། ལན་བླན་མཁན་གངས་སེང་།

ཁ་བརྡ་དྲྭ་ཚིགས་ལས་དྲངས།