གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་།

2011111514014438༧གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་ཞེས་པའི་སྔགས་དགོན་དེ་ནི་ཡུལ་ཆེན་མོ་མ་ཧཱ་བྷ་ར་ཏའི་བྱང་ཕྱོགས་སུ་གནས་ཆགས་པའི་བོན་གཞིས་ཐོབ་རྒྱལ་གསར་པའི་རྒྱབ་ངོས། ༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ནུབ་ངོས་སུ། ཕྱི་ལོ་༢༠༠༥ལོར་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་གསར་སྐྲུན་གྱི་དབུ་འཛུགས་གནང་སྟེ་ད་ལོར་ལེགས་འགྲུབ་བྱུང་ཡོད་པའི་༧གཡུང་དྲུང་བོན་གྱི་གོས་དཀར་ལྕང་ལོ་ལྡན་པའི་སྔགས་ཀྱི་འདུས་སྡེ་ཞིག་རེད།

དེ་ཡང་‘‘ཛམ་བུ་བཀྲ་ཤིས་མངོན་པར་མཚན་པའི་ནོར་འཛིན་གྱི་གཞིར་འཁོད་པའི་ཉི་འོག་གི་སྐྱེ་རྒུ་སྤྱི་དང་བྱེ་བྲག་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་གམ་དུ་འཁོད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་བ་སོགས་རིས་མེད་ཀྱི་ཁྲིམས་ལྡན་འདུས་པའི་སྡེ། གསང་སྔགས་འཆང་བ་གཡུང་དྲུང་བོན་སོགས་ལྷ་སྡེར་གཏོགས་སོ་ཅོག་’’ཅེས་ཕྱི་ལོ་༡༦༧༩ལོར་གོང་ས་ལྔ་པ་ ༼༡༦༡༧།༡༦༨༢༽ཆེན་པོས་མི་དབང་སངས་རྒྱས་རྒྱ་མཚོ་༼༡༦༥༣།༡༧༠༥༽སྡེ་སྲིད་དུ་བསྐོ་བཞག་གནང་སྐབས་བཀའ་ཡིག་ནང་དུ་གཡུང་དྲུང་བོན་གྱི་སྡེ་ལ་དམིགས་བསལ་དུ་མཐོངས་ཆེན་གནང་བ་ཞིག་ རེད་ལ། བཀའ་ཡིག་དེ་ནི་ཕོ་བྲང་པོ་ཏ་ལའི་ཤར་ཕྱོགས་ཕོ་བྲང་དཀར་པོ་ཞེས་པའི་གསུམ་སྐས་སྒོ་མཆོར་གྱི་གྱང་ངོས་སུ་འཁོད་ཡོད་པ་དང་དེའི་འོག་ཏུ་རྒྱལ་དབང་རང་གི་ཕྱག་ རྗེས་ཡང་ཕྱག་ཐམ་གྱི་ཚུལ་དུ་བཀོད་འདུག་པ་བཅས་ཀྱིས་མཚོན་པས། གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་ཕྱི་ལོ་༢༠༠༥ལོའི་ཟླ་བ་བཞི་ཚེས་ལྔ་ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་ ཞེས་པ་གསར་བཞེངས་ཀྱི་དབུ་འཛུགས་གནང་ཡོད་པ་དང་།

དེ་ནས་རིམ་བཞིན་ལོ་ངོ་དྲུག་གི་རིང་ལ་རིན་པོ་ཆེ་ཁོང་རང་ཉིད་ཀྱིས་དངོས་སུ་ཐུགས་བཀོད་སོགས་མཛད་དེ་བཞེངས་བསྐུན་གནང་བ་རེད། ད་རུང་ལོ་རེ་བཞིན་དབྱར་ཆར་གྱིས་རྨིང་གཞི་སོགས་ཡང་དང་བསྐྱར་དུ་བཤིག་ནས་སྐུ་ ཚེགས་ཆེན་པོ་མཛད་ཡོད་ན་ཡང་། ཕྱི་ལོ་༢༠༡༡ལོར་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ཞིང་ཟླ་༡༡ཚེས་༥ཉིན་རྟེན་འབྲེལ་ གྱི་རབ་གནས་སོགས་མཛད་ཅིང་དེར་བསྟུན་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་ག་རྒྱས་མཛད་གནང་ཡོད་པ་བཅས་ཀྱི་རྟེན་འབྲེལ་མངོན་དུ་བྱུང་ཡོད།

དེ་མིན་ཐོག་མར་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་ནས་གཤེན་ཀླུ་སྒོམ་སྒྲུབ་གླིང་ཞེས་གསོལ་ཡོད་པ་དང་རྗེས་སུ་ཅུང་བསྒྱུར་མཛད་གནང་ཏེ། གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་ཞེས་གསོལ་ཡོད་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་ཙམ་མོ།།

བཟོ་བཅོས་དང་བསྐྱར་བཀོད་བྱས་པ་ཡིན།