གཡུང་དྲུང་བོན་གྱི་དྲྭ་རྒྱ།

མཁན་པོ་ཚུལ་བློ་ལ་རྒོལ་ལན་དུ་ཕུལ་བ་ལུང་རིག་ཚད་མའི་རྔ་སྒྲ།

mmexport1390281655407དེ་ཡང་གསེར་རྟ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་རྒྱ་ཡིག་གི་ལམ་ནས་བོན་པོའི་ཆོས་ལུགས་མཚམས་སྦྱོར་བྱས་པའི་ནང་དུ། བོན་པོའི་ཆོས་ལུགས་སངས་རྒྱས་ཆོས་ལུགས་མིན་ཚུལ་གྱི་གཏམ་འགའ་ཡོད་པས། དེ་ལ་ཉིན་འགའི་སྔོན་དུ་བགྲོ་གླེང་གི་ཚུལ་དུ་རྩོམ་ཐུང་ཞིག་བྲིས་ནས་བོན་བརྒྱ་དགོན་པས་གཙོ་གཉེར་བྱས་པའི་དཔྱོད་ལྡན་མཆོད་པའི་མེ་ཏོག་གི་རྩོམ་སྒྲིག་པ་ལ་བསྐུར་ཟིན་མོད། འོན་ཀྱང་དེའི་རྗེས་ནས་སྣང་ཞིག་དགོན་པའི་དགེ་བཤེས་འགའ་གྲོང་ཁྱེར་ཁྲིན་འདུ་རུ་སོང་ནས་མཁན་པོ་ཁོང་དང་བགྲོ་གླེང་མཛད་ནས་ཁོང་གིས་སྔར་གྱི་རྩོམ་དེ་ལ་གསལ་བཤད་ཅིག་བྲིས་འདུག གསལ་བཤད་དེ་ཧི་མ་ལ་ཡའི་བོན་གྱི་དྲ་བ་རུ་བཀོད་ཡོད། ཡིན་ནའང་གསལ་བཤད་བྱས་པའི་བོད་ཡིག་གི་རྩོམ་དང་དེ་སྔ་རྒྱ་ཡིག་གི་རྩོམ་གཉིས་ལ་གོ་བ་ལེན་སྟངས་མི་འདྲ་ས་རེ་བྱུང་ཡོད་པས། གསལ་བཤད་བྱས་པའི་བོད་རྩོམ་དེའི་ནང་དུ་གཡུང་དྲུང་བོན་ལ་བརྟག་དཔྱད་དང་དགག་སྒྲུབ་ཅི་ཡང་མཛད་མེད་ཚུལ་དང་། ད་དུང་གྲུབ་མཐའི་བར་གྱི་རྩོད་པས་སྔར་བོད་ཁམས་ལ་འཕོང་རྐྱེན་བཟོས་པས་ད་ལྟ་དེ་ལྟར་བྱེད་མི་རུང་སོགས་མཁས་མདོག་བཙུན་མདོག་གིས་བྲིས་ཡོད་མོད། འོན་ཀྱང་ལུང་རིག་གཉིས་གའི་འཕྲང་ལ་འཕྱར་ན་དེ་ལས་སྐྱོན་མང་དུ་མཐོང་བས་ཚིག་འཁྲུལ་གྱིས་མགོ་སྐོར་བཏང་བ་ཙམ་ལས་བདེན་པ་དང་གཟུ་བོར་གནས་པའི་ཚིག་མཐོང་རྒྱུ་མེད། དེས་བས་འདི་ནས་དེ་ལ་དཔྱད་གཏམ་ཞིག་སྤེལ་རྒྱུ་སྤྲོ་བས་འཆད་པར་བྱ་བ་ལ།
སྤྱིར་佛教ཞེས་ན་སངས་རྒྱས་ཆོས་ལུགས་སྤྱི་ལ་གོ་དགོས་མོད། འོན་ཀྱང་མཁན་པོ་ཁོང་གིས་རྒྱ་ཡིག་གི་རྩོམ་ནང་དུ་佛教ཞེས་པའི་ཐ་སྙད་འདི་ལ་བོད་ཡིག་ཏུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཞེས་གསལ་བཤད་ཀྱིས་ཚུལ་དུ་བྲིས་འདུག ཁོང་གིས་བཤད་དོན། “དེ་ལ་འདིར་ཐོག་མར་ངེས་པར་གོ་དགོས་པ་ནི་སྔོན་གྱི་ཤེས་རབ་སྒྲོན་མའི་འོད་སྣང་གི་དེབ་རྣམས་ཀྱི་གོང་གི་གཞུང་ཚིག་ནང་ན་སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་ཏེ། ཁོ་བོའི་ཞེ་འདོད་འདི་ཉིད་ཡིན། དེ་ཡིན་པར་གོང་དུ་སངས་རྒྱས་པའི་ཆོས་བོད་དུ་ད་དུང་མ་བྱུང་བའི་གོང་རོལ་ནས་བོན་གྱི་ཆོས་འདི་ཡོད་འདུག་ཅེས་པ་འདིས་ཀྱང་བདེ་བླག་ཏུ་གོ་ཐུབ་བོ། སྔར་གྱི་རྒྱ་ཡིག་གི་མ་དཔེ་ན། ༼苯教本身不属于佛教༽ ཞེས་པ་ལྟ་བུའི་ཚིག་རྣམས་ཀྱི་ནང་གི་༼佛教༽ཞེས་པ་དག་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཁོ་ན་ལ་གོ་བར་འགྱུར་བ་ཡིན་ཏེ།” ཞེས་སངས་རྒྱས་ཆོས་ལུགས་ཞེ་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཁོ་ན་ལ་གོ་ཚུལ་ཁས་ལེན་གསལ་བོར་གསུང་ཡོད། ཡང་“རྒྱ་ནག་ན་ཡོངས་གྲགས་སུ་༼佛教༽ཞེས་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་གོ་བ་ལེན་པ་ཡིན། ” ཞེས་དང་ད་དུང་དེ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་རྒྱའི་ཚིག་མཛོད་ཅིག་གི་ལུང་ཡང་དྲངས་འདུག
དེ་ནི་བན་བོན་གཉིས་གའི་བཀའ་ལུང་ལྟར་ལྟ་བ་དང་སྟོན་པ། བསྟན་པ། སྐྱབས་འགྲོ་སོགས་ཀྱིས་གྲུབ་མཐའ་ཕྱི་ནང་གི་ཁྱད་པར་འབྱེད་ཚུལ་དང་ཡོངས་སུ་འགལ་བས། དེ་ལ་འདིར་དྲི་རྒྱུ་ནི། རྒྱ་ནག་ན་ཡོངས་གྲགས་སུ་༼佛教༽ཞེས་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཁོ་ན་ལ་གོ་བ་མི་ལེན་ཏེ། རྒྱ་ནག་གི་སངས་རྒྱས་ཆོས་ལུགས་ཀྱི་དེབ་དག་ཏུ། “ཆོས་ཞེ་ན་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་ཆོས་མཐའ་དག་དང་། སངས་རྒྱས་ཆོས་ལུགས་ཀྱི་བཞེད་གཞུང་ཡོད་ཚད་དང་བཅས་པ་ཡིན།” ཞེས་གསུངས་ཡོད་པས་ཕྱིར། དེ་ལྟར་རྒྱ་ཡིག་གི་སངས་རྒྱས་ཆོས་ལུགས་ཀྱི་དྲི་བ་དྲིས་ལན་ཉིས་བརྒྱ་བ་ལས། “法”是指诸佛所说的一切教法,包括佛教的一切理论学说。ཞེས་ཆོས་ཞེ་ན་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་ཆོས་མཐའ་དག་ལ་གོ་བ་ལས། དམིགས་སུ་བཀར་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཁོ་ན་ལ་གོ་ཚུལ་གྱི་ཁས་ལེན་མེད་པས་ཕྱིར། ཞེས་གསུངས་པས་རྒྱ་ནག་ལ་ཡོངས་གྲགས་ཡིན་ཞེས་མགོ་སྐོར་བཏང་ན་འཁྲུལ་སྣང་དུ་ཟད་དོ།། ཡང་དེ་ཉིད་ལས། “དད་མོས་ཀྱི་ལྟ་བའི་སྟེང་ནས་བཤད་ན། སངས་རྒྱས་ཆོས་ལུགས་ནི་སངས་རྒྱས་དད་མོས་བྱ་ཡུལ་དུ་འཛིན་པའི་ཆོས་ལུགས་ཡིན།” 从信仰观念上说,佛教是以佛为崇拜对象的宗教。ཞེས་གསུངས་པས་སངས་རྒྱས་ཤཱཀྱ་ཐུབ་བ་ཁོ་ནར་དད་མོས་བྱ་ཡུལ་དུ་འཛིན་པའི་ཆོས་ལུགས་ཞེས་བཤད་མེད་དོ།། རྒྱ་ཡིག་གི་དེབ་དེ་ནི། 《佛教200题》黄颂一主编,2006年4月由中国社会科学出版社出版。ཞེས་པ་ཡིན་པས་སྤྲོ་བ་ཡོད་པ་རྣམས་ཀྱིས་གཟིགས་རོགས་གནོངས།
ཡང་ཞར་དུ་འདྲི་རྒྱུ་ཞིག་ལ། ཡུལ་གཅིག་ལ་ཡོངས་གྲགས་ཡིན་པས་དབང་དུ་བཏང་ཡང་དེ་ཚད་ལྡན་ཡིན་པས་ཁྱབ་པ་ཐལ། རྒྱ་ནག་ན་ཡོངས་གྲགས་སུ་༼佛教༽ཞེས་པ་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ལ་གོ་བ་ལེན་པ་ཡིན་ཞེས་འཁྲུལ་བློ་དེ་རྒྱུ་མཚན་དུ་བྱས་པས་ཁྱེད་ཀྱིས་ཚད་ལྡན་དུ་འཛིན་པས་ཕྱིར། དེས་ན་རྒྱ་ནག་གི་ཡུལ་དུ་འཕགས་ཡུལ་དང་བོད་ལ་མི་འདྲ་བར་གནས་བརྟེན་བཅོ་བརྒྱད་ཡོད་པ་དང་འཕགས་པ་སྤྱིན་རས་གཟིགས་ཀྱང་མོ་ལྷ་ཡིན་པ་ཡོངས་གྲགས་ཡིན་པས། ཁྱེད་ཀྱིས་རྒྱ་གར་དང་རྒྱ་ནག་གང་གི་ལུགས་ཚད་ལྡན་དུ་འཛིན། ཡང་ན་རྒྱ་ནག་གི་ཡུལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ཞེས་པའི་སྐུ་བརྙེན་ཐམས་ཅད་ཀྱི་ཐུགས་ཀར་གཡུང་དྲུང་བོན་འཁོར་ཡོད་པ་ཇི་ལྟར་འགྲེལ། སངས་རྒྱས་ཤཱཀྱ་ཐུབ་པ་བོན་པོ་ཡིན་ཟེར་རམ་ཡང་ན་དེ་སངས་རྒྱས་ཤཱཀྱ་ཐུབ་པ་མ་ཡིན་པར་བོན་གྱི་སྟོན་པ་གཤེན་རབ་ཡིན་ཟེར། རྒྱུ་མཚན་ནི་གཡུང་དྲུང་བོན་འཁོར་འདི་གཡུང་དྲུང་བོན་གྱི་ཐུན་མིན་གྱི་བཀའ་རྟགས་ཡིན་པ་བོད་ཡུལ་དུ་ཡོངས་གྲགས་ཡིན་པས་ཕྱིར། ཡུལ་གཅིག་ལ་ཡོངས་གྲགས་ཡིན་ན་ཁྱེད་ཀྱིས་ཚད་ལྡན་དུ་འཛིན་པས་ཕྱིར། ལན་ཞིག་གསུང་བར་མཁྱེན་མཁན་པོ་ལེགས།
འོ་ན་ཁྱེད་ཀྱི་འདོད་པ་ལྟར་ན་༼佛教༽ཡིན་ན་སངས་རྒྱས་ཤཱཀྱ་ཐུབ་པའི་གསུངས་པའི་ཆོས་ཡིན་པས་ཁྱབ་པ་འདོད་པ་ཡིན་ནམ་ཅི། དེ་མིན་ན་“སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་”པའི་རྒྱུ་མཚན་གང་ཡིན། བདག་རྐྱེན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་མིན་གྱིས་འབྱེད་པ་ཡིན་ནམ། རྒྱུ་མཚན་གཞན་དག་ཡོད། བདག་རྐྱེན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་མིན་གྱིས་འབྱེད་པ་ཡིན་ཟེར་ན། འོ་ན་སངས་རྒྱས་གཞན་གྱིས་གསུངས་པའི་བསྟན་པ་མེད་པར་འདོད་པ་ཡིན་ནམ། ཡང་ན་སངས་རྒྱས་གཞན་གྱིས་གསུངས་པའི་བསྟན་པ་ཡོད་ཀྱང་དེ་ལ་༼佛教༽མི་ཟེར་པར་འདོད་པ་ཡིན། དེ་ལྟར་རྒྱུ་མཚན་གཞན་འཇོག་རྒྱུ་མེད་དེ་ཚིག་དེའི་ཤུགས་ལས་བདག་རྐྱེན་ཁོ་ནས་འབྱེད་པ་གསལ་བས་ཕྱིར། ཁྱེད་ཀྱིས་༼佛教༽ནང་བ་སངས་རྒྱས་པའི་ཆོས་ཡིན་ན་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཡིན་པས་ཁྱབ་ཅེས་ཁས་བླངས་ཡོད་པས།       འོ་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་སངས་རྒྱས་པའི་ཆོས་མ་གཏོགས་སངས་རྒྱས་གཞན་གྱིས་གསུངས་པའི་སངས་རྒྱས་པའི་ཆོས་མེད་པར་ཐལ། “སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་”པས་ཕྱིར། རྟགས་ཁས། ཁྱབ་ཏེ་སངས་རྒྱས་པའི་ཆོས་ཞེས་བྱུང་ཚད་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ལ་གོ་དགོས་ན་དེ་ལས་གཞན་པའི་སངས་རྒྱས་པའི་ཆོས་མེད་པས་ཁྱབ་པས་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་ཤཱཀྱ་ཐུབ་པ་མ་ཐེ་བའི་སྐལ་བཟང་སངས་རྒྱས་སྟོང་ཕྲག་ལྷག་ཡོད་པ་གང་ཞིག དེ་དག་གིས་གསུངས་པའི་བསྟན་པ་ཡང་སངས་རྒྱས་པའི་ཆོས་ཡིན་པའི་ཕྱིར། རྟགས་གཉིས་ག་གྲུབ་ཏེ་མདོ་སྡེ་བསྐལ་བ་བཟང་པོ་རུ་སངས་རྒྱས་སྟོང་པོ་རེ་རེ་ལ་རིགས་དང་ཡུལ་དང་དམ་པའི་ཆོས་གནས་ཚད་སོགས་དོན་ཚན་བཅུ་གཅིག་གི་སྒོ་ནས་གསལ་བཤད་བྱས་ཡོད་པས་ཕྱིར། དེ་ཐལ། གཞུང་དེ་ནི་ཁྱེད་ཀྱིས་འདོད་པའི་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་སངས་རྒྱས་པའི་ཆོས་ཡིན་པས་ཕྱིར། རིག་ལམ་གྱི་འགྲོ་ཚུལ་ལྟར་ན་འདི་ན་འཁོར་གསུམ་ཞིག་ཡོད་པར་སྣང་། ཡང་ན་བྱམས་ཆོས་སྡེ་ལྔ་ཆོས་ཅན། སངས་རྒྱས་པའི་ཆོས་མ་ཡིན་པ་ཐལ། “སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་”པ་གང་ཞིག དེ་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་མ་ཡིན་པས་ཕྱིར། རྟགས་དང་པོ་རང་གིས་ཁས་ལེན་ཡིན་ལ། རྟགས་གཉིས་པ་གྲུབ་ཏེ་རྒྱལ་བ་བྱམས་པ་མགོན་པོས་གསུངས་པ་ཡིན་པས་ཕྱིར། འདོད་ལན་འདེབས་རྒྱུ་ཡིན་མིན་ཁྱེད་རང་གིས་མཁྱེན།
ད་དུང་ཚིག་མཛོད་དེའི་འགྲེལ་ལས་在后汉明帝时,由西域传入中国,ཞེས་དམ་པའི་ཆོས་ཡུལ་རྒྱ་ནག་ལ་ཧན་རྗེས་མའི་མུན་ཏེའི་དུས་སུ་དར་བ་ཡིན་ཟེར་བ་ཡང་མཐའ་གཅིག་ཏུ་ཁས་ལེན་ཐུབ་བམ། དེ་ལས་གཞན་པའི་གསུང་སྒྲོས་མང་དུ་ཡོད་པས་ཕྱིར། ལྷག་པར་དུ་དེང་སྐབས་ཀྱི་མཁས་པ་ཚོས་ཧན་འེར་ཏེའི་ཡོན་ཧྲིག་ཁྲི་ལོ་དང་པོར་(哀帝元寿元年公元前2年)ཡུལ་རྒྱ་ནག་ཏུ་དར་བ་ཞལ་མཐུན་པས་ཕྱིར། ཚིག་མཛོད་གཅིག་གི་འདོད་ཚུལ་ཙམ་གྱིས་མགོ་སྐོར་གཏོང་འདོད་ན་འཁྲུལ་སྣང་མ་ཡིན་ནམ།
གཞན་ཡང་“སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ནི་དེའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཡོད་ལ་མ་སོང་ན་མེད་”ཅེས་པ་འདིའི་འདོད་དོན་གང་ཡིན། ནང་བའི་ལུགས་ཀྱི་མཆོག་གསུམ་དང་སྐྱབས་འགྲོ། ཐར་བ་སོགས་ནང་དོན་གྱི་སྒོ་ནས་མཚུངས་མིན་བརྟག་དགོས་པ་ཡིན་ནམ་མིན། དང་པོ་ལྟར་ཡིན་ཟེར་ན། འོ་ན་སངས་རྒྱས་གཡུང་དྲུང་བོན་ལུགས་ཀྱི་མཆོག་གསུམ་དང་སྐྱབས་འགྲོ། ཐར་བ་སོགས། སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་དེ་གསུམ་དང་ཁྱད་པར་གང་ན་ཡོད། གསུང་རྒྱུ་ཡོད་ན་གསུངས་དང་བགྲོ་གླེང་བགྱི་བར་དགའ་སྤྲོ་འདུག གཉིས་པ་ལྟར་མིན་ཟེར་ན། འོ་ན་བདག་རྐྱེན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་མིན་གྱིས་འབྱེད་དགོས་པ་ཐལ། དེ་གཉིས་གང་རུང་ཞིག་ཡིན་དགོས་པས་ཕྱིར། དེ་ལྟར་མིན་ཚེ་ཁྱེད་ཀྱིས་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་སངས་རྒྱས་པའི་ཆོས་ཞེས་བའི་འབྱེད་ཆོས་གང་ཡིན་གསལ་བོར་ཤོད། བདག་རྐྱེན་གྱི་སྒོ་ནས་འབྱེད་པར་འདོད་ན། འོ་ན་སངས་རྒྱས་ཤཱཀྱ་ཐུབ་པ་མ་གཏོགས་སངས་རྒྱས་གཞན་མེད་པར་འདོད་པ་ཡིན་ནམ། ཡང་ན་མཆོག་གསུམ་ཡིན་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་ཡིན་པ་ལས་སངས་རྒྱས་གཞན་གྱིས་མཆོག་གསུམ་གསུངས་མེད་པར་འདོད་པ་ཡིན། ཡང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ཡོད་ཀྱང་དེ་དང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་ལ་ཁྱད་པར་ཡོད་ཅེས་པ་ཡིན། ཡང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་བའི་གོ་མི་ཆོད་ཅེས་པ་ཡིན། ཡང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་མ་ཐོབ་ན། སངས་རྒྱས་གཞན་གྱི་གསུང་ལ་བརྟེན་ནས་ཐར་བ་ཐོབ་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་པའི་གོ་མི་ཆོད་པའམ་མི་འདྲ་ཞེས་པ་གང་ཡིན།
དང་པོ་སངས་རྒྱས་ཤཱཀྱ་ཐུབ་པ་མ་གཏོགས་སངས་རྒྱས་གཞན་མེད་པར་འདོད་མི་ནུས་ཏེ། སངས་རྒྱས་ཤཱཀྱ་ཐུབ་པ་ལས་གཞན་པ་མདོ་སྡེ་བསྐལ་བ་བཟང་པོ་ལས་དངོས་སུ་གསུངས་པའི་སངས་རྒྱས་སྟོང་ཕྲག་ལྷག་ཡོད་པ་གང་ཞིག གཞན་ཡང་མཚན་དངོས་སུ་གསུངས་མེད་ཀྱང་སྒྲོན་བསྐལ་གཞན་དང་ཞིང་ཁམས་གཞན་དུ་སྔར་བྱོན་ཟིན་པ་དང་མ་འོངས་འབྱོན་འགྱུར་གྱི་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་གྲངས་ལས་འདས་པ་ཡོད་པས་ཕྱིར། དེ་ཐལ། དཔའ་བོ་གཙུག་ལག་ཕྲེང་བས། ཚུལ་འདིས་ནམ་མཁས་ཇི་སྲིད་ཁྱབ་གྱུར་པ། དེ་སྙེད་རྒྱལ་བའི་ཞིང་དང་སྐུ་ཡང་གནས། ཤིན་ཏུ་ངེས་པའི་དོན་དུ་སྐུ་དང་ཞིང་། ཚད་མེད་ཕ་མཐའ་བཟུང་བར་མི་ནུས་སོ། ཞེས་གསུངས་པས་ཕྱིར།
གཉིས་པ་མཆོག་གསུམ་ཡིན་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་ཡིན་པ་ལས་སངས་རྒྱས་གཞན་གྱིས་མཆོག་གསུམ་གསུངས་མེད་པར་འདོད་པ་ཡིན་ཟེར་ན། འོ་ན་རྒྱལ་བ་བྱམས་པ་མགོན་པས། “འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།། རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར།། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད།།” ཅེས་གསུངས་པ་དེ་མཆོག་གསུམ་ཇི་ལྟར་དཀོན་ཚུལ་གསུངས་པ་ཡིན་པས་ཕྱིར། དེའང་སངས་རྒྱས་ཤཱཀྱ་ཐུབ་པའི་གསུང་མ་ཡིན་པས་ཕྱིར།
གསུམ་པ་ཡང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ཡོད་ཀྱང་དེ་དང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་ལ་ཁྱད་པར་ཡོད་པར་འདོད་ན། འོ་ན་སངས་རྒྱས་རྣམས་ཐུགས་རོ་གཅིག་པ་མ་ཡིན་པར་ཐལ། སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་དང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་གྱི་ཁྱད་པར་ཡོད་པར་འདོད་པས་ཕྱིར། རྟགས་ཁས་ལེན་ཡིན་ལ་ཁྱབ་པའང་ཡོད་པས་ཕྱིར། འདོད་མི་ནུས་ཏེ་སངས་རྒྱས་ཐམས་ཅད་ཐུགས་རོ་གཅིག་པ་ཡིན་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་པས་ཕྱིར། ཡང་ཁྱད་པར་ཡོད་ཟེར་ན་དེའི་ཁྱད་པར་གསུངས་རྒྱུ་དགོས་པས་དེང་སྐབས་ཚན་རིག་འཕེལ་རྒྱས་ཀྱིས་དབང་གིས་ཕན་ཚུན་ལ་ཕྲིན་སྦྲེང་རྒྱུ་ཤིན་ཏུ་སླ་བས་ལན་གསུངས་བར་མཁྱེན། ཁྱད་པར་མེད་ཟེར་ན་འོ་ན་གཡུང་དྲུང་བོན་གྱི་སྐྱབས་འགྲོ་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུང་བའི་སྐྱབས་འགྲོ་གཉིས་རྒྱུ་ཐ་དད་པར་ཁས་བླངས་པས་དེ་གཉིས་ཀྱི་ཁྱད་པར་གང་ཡིན། ་གང་གིས་གསུངས་པའི་བདག་རྐྱེན་ཁོ་ནས་ཁྱད་པར་ཕྱེས་པ་ཡིན་ནམ་ཅི།
བཞི་བ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་བའི་གོ་མི་ཆོད་པར་འདོད་པའམ། ལྔ་བ་ཡང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་མ་ཐོབ་ན། སངས་རྒྱས་གཞན་གྱི་གསུང་ལ་བརྟེན་ནས་ཐར་བ་ཐོབ་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་པའི་གོ་མི་ཆོད་པར་འདོད་ན། འོ་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཆོས་ཅན། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་མེད་པ་ཐལ། ཁྱེད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་པས་ཕྱིར། དེ་ཐལ། ཁྱེད་སློབ་པ་ལམ་ལ་གནས་དུས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་བས་ཕྱིར། དེ་ཐལ། ཁྱེད་སློབ་པ་ལམ་ལ་གནས་དུས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མེད་པས་ཕྱིར། དེ་ཐལ་ཁྱེད་སློབ་པ་ལམ་ལ་གནས་དུས་སངས་རྒྱས་ཤཱཀྱ་ཐུབ་པ་མེད་པས་ཕྱིར། དེ་ཐལ་དེའི་དུས་སུ་ཁྱེད་སློབ་ལམ་པ་ཡིན་པས་ཕྱིར། རྟགས་གྲུབ། ཡང་ཁྱེད་སངས་རྒྱས་གཞན་གྱི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་ནས་སངས་རྒྱས་པ་ཡིན་པས་ཕྱིར། གོང་ནས་ཀྱང་ཁྱབ་ཏེ། མཆོག་གསུམ་ལ་སྐྱབས་སུ་སོང་མ་སོང་སློབ་པ་ལམ་གྱི་གནས་སྐབས་སུ་འཇོག་དགོས་པ་ལས། མངོན་པར་རྫོགས་སངས་རྒྱས་ཚེ་སྐྱབས་སུ་འགྲོ་མི་དགོས་ཏེ་རང་སྐྱབས་ཀྱི་མཐར་ཐུག་ཏུ་གྱུར་བའི་ཕྱིར། རྩ་བར་འདོད་ལན་འདེབས་མིན་ཁྱེད་རང་གིས་མཁྱེན། གོང་ནས་དེ་ལྟར་མ་ཡིན་པར་སངས་རྒྱས་གཞན་གྱི་ཆོས་ལས་གསུངས་བའི་མཆོག་གསུམ་ལ་སྐྱབས་སུ་སོང་ནའང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་བའི་གོ་ཆོད་པའམ། སངས་རྒྱས་གཞན་གྱི་གསུངས་ལ་བརྟེན་ནས་ཐར་བ་ཐོབ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་པའི་གོ་ཆོད་པར་འདོད་ན། འོ་ན་དེ་རྒྱུ་འབྲས་འཛོལ་བ་མ་ཡིན་པའི་རྒྱུུ་མཚན་གང་ཡིན། གོང་གི་“ཁོང་ཅག་གི་རང་གཞུང་ན་གསུངས་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་བ་ནི་མེད་དེ། རྒྱུ་གང་ལ་བསླང་པ་དེ་ལ་དེའི་འབྲས་བུ་འབྱུང་དགོས་ཀྱི། རྒྱུ་གཞན་ལ་བསླབས་ནས་འབྲ་བུ་གཞན་འབྱུང་བ་རྒྱུ་འབྲས་འཛོལ་བ་ནི་མི་སྲིད་པའི་ཕྱིར་རོ།” ཞེས་དང་“བོན་ལ་རང་གཞུང་ནས་བཤད་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ནི་དེའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཡོད་ལ་མ་སོང་ན་མེད་”ཅེས་པ་འདི་སངས་རྒྱས་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་གཡུང་དྲུང་གི་བོན་དམིགས་སུ་བཀར་ནས་དེ་ལྟར་བཤད་པ་ཨེ་ཡིན། དེ་གཉིས་ག་རྒྱུ་ཐ་དད་དང་འབྲས་སུ་ཐ་དད་དུ་འཇོག་པའི་རྒྱུ་མཚན་གང་ཡིན། ཡང་བདག་རྐྱེན་ཁོ་ནས་ཕྱེས་པ་ཡིན་ནམ་ཅི། ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ཞེས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་མཆོག་གསུམ་དང་མི་མཐུན་པའི་ཡན་གར་བ་ཞིག་ཡོད་པར་འདོད་དམ་ཅི།
ཡང་། འོ་ན་ཁྱེད་ཀྱིས་སངས་རྒྱས་ལ་སྐྱབས་སུ་འགྲོ་སྐབས་སངས་རྒྱས་ཤཱཀྱ་ཐུབ་པ་ཁོ་ན་ལ་སྐྱབས་སུ་འགྲོ་བ་ལས་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་བསམ་གྱིས་མི་ཁྱབ་པ་ལ་སྐྱབས་སུ་མི་འགྲོ་བར་ཐལ། “སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་”ན། སངས་རྒྱས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གོ་དགོས་པས་ཁྱབ་པས་ཕྱིར། ཅེས་པ་ཡང་རྩེད་མོའི་ཚུལ་དུ་དྲིས་པའོ།།
ཡང་འོ་ན་རྗེ་བཙུན་བྱམས་པ་མགོན་པས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་བམ་མི་ཐོབ། དང་པོ་ལྟར་ཐོབ་པར་འདོད་ན། འོ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་པ་ལ་དེའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་ན་ཆོག་པ་ཐལ། རྗེ་བཙུན་བྱམས་པ་མགོན་པས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་པའི་ཕྱིར། འདོད་ན་གོང་གི་ཁས་ལེན་དང་འགལ་འགྲོ དེ་གཉིས་གས་གསུངས་པའི་མཆོག་གསུམ་ལ་ཁྱད་པར་མེད་པས་འབྲས་བུ་ཐོབ་པར་འདོད་ལ་གོང་གི་ཁས་བླང་དང་མི་འགལ་ཟེར་ན། འོ་ན་དེ་གཉིས་ལ་ཁྱད་པར་མེད་པ་རྟགས་གང་གིས་གྲུབ། ཡང་གཡུང་དྲུང་བོན་ལུགས་ཀྱི་མཆོག་གསུམ་དང་དེ་གཉིས་ལ་ཁྱད་པར་ཡོད་པ་རྟགས་གང་གིས་གྲུབ། ཡང་ན་གཡུང་དྲུང་བོན་ལུགས་ལ་མཆོག་གསུམ་དང་སྐྱབས་འགྲོ་མེད་ཟེར་བ་གང་ཡིན་གསལ་བོར་གསུངས། རྗེ་བཙུན་བྱམས་པ་མགོན་པས་གསུངས་པའི་མཆོག་གསུམ་མེད་ཅེས་ཁས་ལེན་མི་ཏུབ་པས། གོང་གི་འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།། ཅེས་པའི་ལུང་ཚུག་གིས་གྲུབ་པས་ཕྱིར། གཉིས་པ་ལྟར་རྗེ་བཙུན་བྱམས་པ་མགོན་པས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་མི་ཐོབ་ཟེར་ན། དེ་ལྟར་ན་ཁྱེད་རང་ལ་སྟོན་པ་ཤཱཀྱ་ཐུབ་པ་དངོས་སུ་བྱོན་ནས་གོ་བརྡ་མ་སྤྲད་ན་ཁྱེད་ཀྱི་རྒྱུད་ཀྱི་བདག་འཛིན་མ་རིག་པ་ལས་བྱུང་བའི་གྲུབ་མཐའི་ཕྱོགས་ཞེན་ནི་གང་གིས་ཀྱང་ཟློག་པར་མི་ནུས་པས། ད་ང་རང་ཡང་ལྐུག་པའི་རྟུལ་ཞུགས་འཛིན་པ་ལས་འོས་མེད་དོ།།
ཡང་ཁོང་གིས་“འོན་ཀྱང་བོན་གྱི་ཆོས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཡིན་པར་བཟུང་ནས་བསླབས་ན་ནོར་བ་རེད། དཔེར་ན་རུའུ་ལུགས་དང་ཏའོ་ལུགས་རྣམས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མ་ཡིན་པ་བཞིན་དུ་བོན་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མིན།” ཞེས་པའི་ཚིག་འདིས་འདོད་དོན་གང་ཡིན། གཡུང་དྲུང་བོན་གྱི་དགོངས་དོན་ཡང་རུའུ་ལུགས་དང་ཏའོ་ལུགས་གཉིས་ཀྱི་གཞུང་གི་བཞེད་དོན་དང་མཚུངས་ཟེར་བ་ཡིན་ནམ་ཅི། མིན་ན་བོན་གྱི་ཆོས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཡིན་པར་བཟུང་ནས་བསླབས་ན་ནོར་བ་ཡིན་པའི་དཔེ་ལ་དེ་གཉིས་ག་འཇོག་དོན་ཅི། གཡུང་དྲུང་གི་བོན་དང་དེ་གཉིས་ལ་མཚུངས་ཆོས་མེད་ན་མཚུངས་དཔེ་རུ་བཀོད་པའི་ལུགས་འདི་མཁས་པ་གང་གིས་འདོད། གཡུང་དྲུང་གི་བོན་དང་དེ་གཉིས་ག་མཚུངས་ཟེར་ན། རྟགས་གང་གིས་གྲུབ། གསལ་བོར་གསུངས་དང་། ཡང་དེ་དག་ལ་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་མ་ཡིན་པའི་མཚུངས་ཆོས་ཡོད་པས་མཚུངས་དཔེ་རུ་བཞག་གོ་ཟེར་ན། འོ་ན་རྗེ་བཙུན་བྱམས་པས་གསུངས་པའི་ཆོས་ལའང་དེའི་མཚུངས་ཆོས་ཡོད་པས་དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཡིན་པར་བཟུང་ནས་བསླབས་ན་ནོར་བ་ཡིན་པར་ཐལ། དཔེར་ན་རུའུ་ལུགས་དང་ཏའོ་ལུགས་རྣམས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མ་ཡིན་པ་བཞིན་དུ་རྒྱལ་བ་བྱམས་པས་གསུངས་པའི་ཆོས་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མིན་ཞེས་འོདད་དགོས་པས་ཕྱིར། ཇི་ལྟར་འདོད་གསུངས་རོགས།
ཡང་ཁོང་གིས་“བོན་གྱི་དགོན་པ་དག་གི་བླ་མ་དང་གྲྭ་བ་འགའ་རེས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པ་ཆེན་པོ༼བོན་པོའི་བཀའ་ནའང་དེའི་རྫོགས་པ་ཆེན་པོ་ཡོད། མཆན༽ སོགས་སངས་རྒྱས་པའི་ཆོས་སློབ་པར་མཛད་པ་དང་ཐུགས་ཉམས་སུ་བཞེས་པ་ཡོད་ཀྱང་དེ་ནི་གང་ཟག་སྒེར་གྱི་ཉམས་ལེན་ཡིན་གྱི། བོན་པོའི་ཆོས་ཀྱི་ངོ་བོའི་ཚབ་བྱེད་མི་ཐུབ། འདིའི་དབྱེ་བ་ལེགས་པར་འབྱེད་དགོས་སོ། །” ཞེས་པའི་ཚིག་འདིའི་འདོད་དོན་གང་ཡིན། ཁྱེད་ཀྱིས་བོན་ལའང་རྫོགས་པ་ཆེན་པོ་ཡོད་པར་ཁས་བླང་བ་གང་ཞིག བོན་གྱི་བླ་མ་དང་གྲྭ་བ་དག་གིས་རྫོགས་པ་ཆེན་པོ་ལ་ཉམས་ལེན་བྱེད་པ་དེ་གཡུང་དྲུང་བོན་གྱི་རྫོགས་པ་ཆེན་པོ་མ་ཡིན་པ་གང་གིས་རྟོགས། གཡུང་དྲུང་བོན་ལུགས་ཀྱི་རྫོགས་པ་ཆེན་པོ་དང་སངས་རྒྱས་ཤཱཀྱ་ཐུབ་པའི་གསུངས་པའི་རྫོགས་པ་ཆེན་པོ་ལ་ཁྱད་པར་ཡོད་ཟེར་བ་ཡིན་ནམ་ཅི། ༼བན་ལུགས་ཀྱི་རྫོགས་པ་ཆེན་པོ་ནི་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་མིན་སྐབས་འདིའི་རྩོད་གཞི་མ་ཡིན་པས་བཞག་གོ༽ དེས་ན་གཡུང་དྲུང་བོན་གྱི་རྫོགས་པ་ཆེན་པོས་བོན་གྱི་ངོ་བོའི་ཚབ་བྱེད་ཨེ་ཐུབ། མ་གཞི་ཁྱེད་རང་གིས་འདོད་པའི་རྫོགས་པ་ཆེན་པོ་ནི་བན་བོན་ལུགས་གཉིས་ཀྱི་རྫོགས་པ་ཆེན་པོ་དང་མི་འདྲ་བར་བདག་འཛིན་མ་རིག་པའི་ངོ་བོར་གྲུབ་པ་ཞིག་ཡིན་ལས་ཆེ། དེ་ལྟར་མིན་ན་ཕྱོགས་དང་རིས་སུ་བཅད་པ་ཐལ་པས་ཕྱིར། ངེད་ཀྱི་ལུགས་ལ་ཕྱོགས་དང་རིས་སུ་བཅད་ན་རྫོགས་པ་ཆེན་པོར་མི་འགྱུར་བས། བོན་ལུགས་སུ་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ལས། “ཐུགས་རྗེ་ཕྱོགས་དང་རིས་མེད་པའི། ། སྤྱོད་པ་བླང་དོར་མེད་པའོ།།” ཞེས་དང་། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་རིན་པོ་ཆེའི་ཐེག་འགྲེལ་དུ་ཁྱབ་པ་སྣང་ལྡན་གྱི་ཐེག་པའི་རབ་དབྱེའི་ལུང་དྲངས་པ་འདི་ལྟར། “རྫོགས་པ་ཆེན་པོ་ནི་ཕྱོགས་རིས་མེད་པའི་སྒོ་ནས་འཇུག་གོ།” ཞེས་དང་བན་ལུགས་སུ་མཁས་དབང་ནམ་མཁའི་ནོར་བུས། “རྫོགས་པ་ཆེན་པོ་ནི་གཞི་ལམ་འབྲས་གསུམ་གང་གི་ཆ་ནས་ཀྱང་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བ། སྐྱེ་འགྲོ་ཐམས་ཅད་ཀྱི་ཡང་དག་པའི་ལམ་གྱི་མཐར་ཐུག་ཡིན་སྟབས། དེ་ལ་ཕྱོགས་དང་རིས་སུ་བཅད་པ་ཡིན་ན་རྫོགས་ཆེན་མ་ཡིན་པ་དེ་ག་རང་ནས་ཐག་ཆོད་ཀྱི་ཡོད་པ་རེད།” ཞེས་གསུངས་པས། དེ་ནི་བཀའ་རྙིང་མ་བའི་རྫོགས་ཆེན་གྱི་སྐྱེས་བུ་ཆེན་པོས་གསུང་བ་ཡིན་ལ་བོན་ལུགས་དང་མཐུན་པས་དེ་ལྟར་ཁས་ལེན་མིན་ཁྱོད་རང་གིས་བསམ་བློ་ཐོངས། འདིའི་དབྱེ་བ་ཅི་ལྟར་ལེགས་པར་འབྱེད་དགོས་པའང་གསལ་བོར་གསུངས་རོགས།
ཡང་གོང་ནས། “སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པ་ཆེན་པོ༼བོན་པོའི་བཀའ་ནའང་དེའི་རྫོགས་པ་ཆེན་པོ་ཡོད། མཆན༽ སོགས་སངས་རྒྱས་པའི་ཆོས་སློབ་པར་མཛད་པ་དང་ཐུགས་ཉམས་སུ་བཞེས་པ་ཡོད་ཀྱང་།” ཞེས་པའི་སྐབས་ཀྱི་སངས་རྒྱས་པའི་ཆོས་ཞེས་པ་སངས་རྒྱས་ཆོས་ལུགས་སྤྱི་ལ་གོ་དགོས་སམ་ཡང་ན་ཤཱཀྱ་ཐུབ་པའི་ཆོས་ཁོ་ན་ལ་གོ་དགོས། སངས་རྒྱས་ཆོས་ལུགས་སྤྱི་ལ་གོ་ན། འོ་ན་གཡུང་དྲུང་བོན་འདི་སངས་རྒྱས་པའི་ཆོས་ཀྱི་ཁོངས་གཏོགས་མིན་པར་འདོད་པ་ཨེ་ཡིན། ཤཱཀྱ་ཐུབ་པའི་ཆོས་ཁོ་ན་ལ་གོ་དགོས་ན་སྔོན་མ་ལྟར་འདིའི་སྐབས་སུའང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཞེས་གསལ་བཤད་མི་བྱེད་པར་སངས་རྒྱས་པའི་ཆོས་ཞེས་རང་སོར་འཇོག་དོན་ ཅི། “བོན་པོའི་ཆོས་ཀྱི་ངོ་བོའི་ཚབ་བྱེད་མི་ཐུབ་”ཅེས་པའི་འདོད་དོན་གང་ཡིན། སྤྱིར་ན་ནང་བ་སངས་རྒྱས་བའི་དགོངས་དོན་སྟོན་པའི་གཞུང་ལུགས་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པ་ཁོ་ནས་གསུངས་པར་འདོད་པ་ཡིན་ནམ་ཅི། ད་དུང་ཁྱེད་ཀྱིས་གསལ་བཤད་བྱ་རྒྱུ་མང་པོ་འདུག ཡང་གཡུང་དྲུང་བོན་པོ་རྣམས་ཀྱིས་གཞུང་ལུགས་གང་ཞིག་ཉམས་སུ་བླང་ན་ད་གཟོད་བོན་པོའི་ཆོས་ཀྱི་ངོ་བོའི་ཚབ་བྱེད་ཐུབ། གསལ་བོར་གསུངས་རོགས།
ཡང་ཁོང་གིས། “བོན་པོའི་བླ་མ་འགའ་རེས་བོན་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གཅིག་མཚུངས་རེད། ཁྱོད་ཀྱིས་གང་ལ་བསླབ་ཀྱང་ཆོག་ཟེར། དོན་ལ་བོན་པོའི་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ཆེས་འགག་རྩར་གྱུར་བའི་མི་འདྲ་ས་ནི། དེ་ཉིད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བ་དེ་རེད།” ཚིག་འདི་འདོད་དོན་ནི་བོན་པོའི་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གཉིས་གཅིག་མཚུངས་མིན་ཞེས་ཁ་ཚོན་བཅད་ཟིན་པས། དེས་ན་དེ་གཉིས་གཅིག་མཚུངས་མིན་པ་ནང་དོན་གྱི་ཆ་ནས་ཁྱད་པར་འབྱེད་དམ་ཡང་ན་བདག་རྐྱེན་ཁོ་ནས་འབྱེད། ཁོ་བོར་རྣམ་དཔྱོད་ཀྱི་རིག་པ་ཆེར་མི་ལྡན་པས། དེ་གཉིས་ལ་ནང་དོན་གྱི་ཆ་ནས་གཅིག་མཚུངས་མིན་པའི་ཁྱད་པར་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་དང་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ལ་ཁྱད་པར་གང་ཡོད་མི་ཤེས་པས་མཁན་པོ་མཆོག་གིས་གསལ་བོར་གསུངས་རྒྱུ་སྐུ་མཁྱེན་གསུང་མཁྱེན་ཐུགས་མཁྱེན་ཞེས་ཡང་ཡང་ཞུའོ། ཡང་གོང་ནས་སྨྲས་པ་ལྟར་འདིའི་སྐབས་ཀྱི་མཆོག་གསུམ་གྱི་ཁྱད་པར་དོན་གྱི་སྒོ་ནས་མི་འབྱེད་པར་བདག་རྐྱེན་ཁོ་ནས་འབྱེད་པར་འདོད་ན། འོ་ན་སངས་རྒྱས་འོད་སྲུང་གིས་གསུངས་པའི་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལའང་ཆེས་འགག་རྩར་གྱུར་བའི་མི་འདྲ་ས་ཡོད་པ་ཐལ། དེ་ཉིད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བས་ཕྱིར། དེ་ཐལ་དེའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མེད་པས་ཕྱིར། དེ་ཐལ་དེའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ད་དུང་སློབ་པ་ལམ་ལ་གནས་པའི་དུས་ཡིན་པས་ཕྱིར། དེ་ཐལ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་སྐབས་ཡིན་པས་ཕྱིར།
ངེད་ཅག་གཡུང་དྲུང་བོན་གྱི་ལུགས་ལ། ཡུལ་ཁྱད་པར་ཅན་གྱིས་ཟིན་པས་འཇིགས་པ་སེལ་བའི་ཐབས་ལ་འཇུག་པ་དེ་སྐྱབས་འགྲོའི་མཚན་ཉིད་ཡིན་ལ། སྐྱབས་ཀྱི་ཡུལ་མཆོག་གང་ཞིག ཐོབ་བྱ་མཐར་ཐུག་དེ། སངས་རྒྱས་དཀོན་མཆོག་གི་མཚན་ཉིད་ཡིན་པས། དེས་ན་གཡུང་དྲུང་བོན་པོ་ལས་ཡང་དག་པའི་སྐྱབས་སུ་འགྲོ་ཚུལ་ཤེས་པ་དག་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ་དུས། མཚན་ཉིད་དེ་ལྡན་གྱི་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་འགྲོ་བ་ལས། དམིགས་སུ་བཀར་ནས་སངས་རྒྱས་སྟོན་པ་གཤེན་རབ་གཅིག་པུ་ལ་སྐྱབས་སུ་འགྲོ་བ་མིན་ནོ།། རྒྱུ་མཚན་ཡང་ངེད་ཀྱི་ལུགས་ལ་བདག་འཛིན་མ་རིག་པ་མ་སྤང་བར་སངས་རྒྱ་ཚུལ་མེད་པས་སོ།། དེ་བཞིན་དུ་སངས་རྒྱས་གང་གི་ལུགས་ཀྱི་མཆོག་གསུམ་ལ་སྐྱབས་སུ་སོང་ཡང་། མཐར་ཐུག་གི་ཐོབ་བྱའི་འབྲས་བུ་བླ་མེད་བྱང་ཆུབ་ལ་ཁྱད་པ་མེད་པར་འདོད་པས། རྒྱུ་མཚན་ཡང་སངས་རྒྱས་ཐམས་ཅད་ཐུགས་རོ་གཅིག་པར་འདོད་ཅིང་བླ་མེད་བྱང་ཆུབ་ཀྱི་འབྲས་བུ་ལ་ཁྱེད་དང་ང་ཞེས་བདག་འཛིན་གྱི་འཆིང་བ་མེད་པར་འདོད་པའོ། ཡང་སངས་རྒྱས་གང་གིས་གསུངས་པའི་ལམ་ལ་བསྟེན་ནས་སྐྱབས་སུ་སོང་ནའང་བླ་མེད་བྱང་ཆུབ་ཀྱི་ས་རུ་སླེབས་ཐུབ་པར་འདོད་པས། དཔེར་ན་ལྷ་ས་ལ་འགྲོ་བར་འདོད་ཚེ་ཁམས་དང་མཚོ་སྔོན། ལུ་ཡུལ། འཇང་ཡུལ་སོགས་རང་གང་ལ་ཉེ་ན་ལམ་དེ་ལ་ཞུགས་ཆོག་པས། མཐའ་གཅིག་ཏུ་ལམ་གཅིག་ལ་མ་ཞུགས་ན་ལྷ་སར་འགྲོ་མི་ཆོག་པ་ལྟ་བུའི་རྒྱུ་མཚན་མེད་པས་ཕྱིར། དེ་བཞིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་ལའང་མདོ་སྔགས་ཀྱི་ཐེག་པ་ཆེན་པོ་གང་ལ་ཞུགས་ནའང་བླ་མེད་བྱང་ཆུབ་ཀྱི་ས་རུ་སླེབས་ནུས་པས། ཁྱེད་ཀྱི་འཁྲུལ་བློ་ལ་བན་ལུགས་སུ་སངས་རྒྱས་ལ་སྐྱབས་སུ་འགྲོ་སྐབས་སངས་རྒྱས་ཤཱཀྱ་ཐུབ་པ་ཁོ་ན་ལ་སྐྱབས་སུ་འགྲོ་བ་ལྟར་བརྗོད་ཡོད་པས། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་དང་དེའི་ཐར་བ་ཞེས་བཀར་ཡོད་པ་གང་ཞིག སངས་རྒྱས་ཞེས་པའང་སངས་རྒྱས་ཤཱཀྱ་ཐུབ་པ་ཁོ་ན་ལ་གོ་དགོས་ཚུལ་ཤུགས་ལས་གསུངས་ཡོད་པས་ཕྱིར། ཁོ་བོས་ཤེས་གསལ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འཇུག་ཡང་དག་རྣམས་ཀྱིས་ཀྱང་སངས་རྒྱས་ལ་སྐྱབས་སུ་འགྲོ་སྐབས་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་རྣམས་ལ་སྐྱབས་སུ་འགྲོ་བ་ལས། སངས་རྒྱས་རྣམས་ལ་དབྱེ་བསལ་བྱས་ནས་སྐྱབས་སུ་འགྲོ་ཚུལ་ཡོད་པ་མ་ཐོས་པས་ཤེས་ལྡན་གཟུ་བོར་གནས་པ་དག་གིས་དཔྱོད་འཚལ།
ཡང་ཁོང་གིས་འོག་ནས་བཤད་དོན་ལ། “དེ་ལས་གཞན་དུ་གཞུང་འདི་རྣམས་ཀྱི་ནང་ན་ནང་བ་སངས་རྒྱས་པ་ཡིན་ན་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་ཁོ་ན་ཡིན་དགོས་མི་དགོས་དང་། བོད་གངས་ཅན་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་མ་ཡིན་པའི་ནང་བ་སངས་རྒྱས་པའི་ཆོས་ཤིག་ཡོད་མེད་དང་། རྒྱལ་བ་གཤེན་རབ་དང་སངས་རྒྱས་ཤཱཀྱ་ཐུབ་པ་གཉིས་སངས་རྒྱས་གཅིག་གི་སྤྲུལ་བ་ཡིན་མིན་དང་། རྒྱལ་བ་གཤེན་རབ་སངས་རྒྱས་ཡིན་མིན་དང་། བོན་གྱི་ཆོས་ལུགས་མུ་སྟེགས་པའི་ལུགས་ཡིན་མིན་དང་། བོན་གྱི་རང་ལུགས་ལ་རྫོགས་པ་ཆེན་པོ་ཡོད་མེད་དང་། བན་བོན་གཉིས་ཀྱི་ཆོས་ལ་འདྲ་མཚུངས་ཡོད་མེད་སོགས་ལ་བརྟག་དཔྱད་དང་དགག་སྒྲུབ་དང་ཁ་ཚོན་བཅད་པ་གང་ཡང་མེད་ཅིང་།” ཞེས་གསུངས་ཡོད་པ་འདི་དང་གོང་གི། “བོན་པོའི་བླ་མ་འགའ་རེས་བོན་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གཅིག་མཚུངས་རེད། ཁྱོད་ཀྱིས་གང་ལ་བསླབ་ཀྱང་ཆོག་ཟེར། དོན་ལ་བོན་པོའི་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ཆེས་འགག་རྩར་གྱུར་བའི་མི་འདྲ་ས་ནི།” ཞེས་དང་། “བོན་པོའི་ཆོས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མ་ཡིན་པ་དེ་ལྟ་ན”ཞེས་ཁ་ཚོན་བཅད་ཟིན་དང་སྔ་ཕྱི་ཚིག་གི་ཁས་ལེན་མི་མཐུན་པས། དེ་ལ་འདིར་དྲི་བ་ལ། ཁྱེད་ཀྱིས་ནང་བ་སངས་རྒྱས་པ་ཡིན་ན་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་ཁོ་ན་ཡིན་དགོས་མི་དགོས་ཀྱི་ཁ་ཚོན་བཅད་མེད་ན། འོ་ན་“༼佛教༽ཞེས་པ་དག་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཁོ་ན་ལ་གོ་བར་འགྱུར་བ་ཡིན་ཏེ།” ཞེས་པའི་ཚིག་འདི་ཅི་ལྟར་འགྲེལ་དགོས། ཡང་དག་པའི་གཏན་ཚིགས་དག་གིས་ཕ་རོལ་པོ་ལ་གོ་བརྡ་སྤྲོད་དགོས་པ་ལས། ཚིག་འཁྲུལ་འདི་དག་གི་དགོས་པ་གང་ཡིན། བསམ་གཟས་ནས་རྩོད་པ་དང་འགན་ཟླ་བསླངས་ནས་ད་དུང་། “བན་བོན་གྱི་རྩོད་པ་དང་བན་དེའི་གྲུབ་མཐའ་སོ་སོའི་བར་གྱི་རྩོད་པ་འདིས་སྔོན་གྱི་དུས་སུ་ཕུང་ཁྲོལ་གྱི་བྱ་བ་མང་དུ་བྱས་པས་ད་ནི་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ནས་ཕྱོགས་སོ་སོ་ནས་གཟབ་པར་བྱ་དགོས་པ་ཡིན།” ཞེས་དང་ཡང་། “གྲུབ་མཐའི་ཚིག་གི་བརྗོད་ཚུལ་ཕྲན་བུ་རེ་ལ་བརྟེན་ནས་ཆགས་སྡང་སྣ་ཚོགས་པ་མི་སྤེལ་བར་སྙིང་ནས་ཞུའོ།།”ཞེས་གསུངས་པ་འདི་ངོ་མ་ངོ་མཚར་བའི་ཡུལ་ཞིག་ཏེ། དེས་ན་ཁྱེད་ཀྱིས་ཀྱང་གྲུབ་མཐའི་ཚིག་གི་བརྗོད་ཚུལ་ཕྲན་བུ་ལ་བརྟེན་ནས་བོན་པོའི་མཚམས་སྦྱོར་ཞེས་པ་དེ་བྲིས་པ་མིན་ན། ཁྱེད་ལ་དེབ་དེ་འབྲི་སྐབས་བོན་པོའི་ཆོས་གླེང་བར་སྐབས་སུ་མ་བབས་པས་དེ་ལྟར་ལོག་བཤད་བྱེད་དོན་ཅི། ཁྱེད་རང་གིས་འདིའི་ཕྱོགས་ལ་མི་གཟབ་པར་གཞན་ལ་སློབ་གསོ་གཏོང་ཚུལ་འདི་དགོད་བྲོ་བའི་གནས་ཤིག་མ་ལེགས་སམ། ཡང་ཁྱེད་ཀྱི་བོད་རྩོམ་དུ་སྔར་གྱི་རྒྱ་ཡིག་གི་也许、绝不会སོགས་ཐ་སྙད་འགའ་རེ་ཇི་བཞིན་པར་བསྒྱུར་མེད་པ་འདི་ཅི་ཡིན། འདི་ལྟར་ཁ་ཞེ་གཉིས་འཛིན་གྱི་སྤྱོད་ཚུལ་གྱིས་གོང་འོག་ཚིག་གི་ཁས་ལེན་མི་མཐུན་པའི་བསླུ་བའི་ཚིག་སྨྲ་བ་འདི་དམ་པའི་དགོངས་སྤྱོད་དུ་འགྲོ་བར་མི་སེམས་སོ།།

སྨྲས་པ།

བསྐལ་སྟོང་སངས་རྒྱས་ཐུགས་ཀྱི་ཡང་སྙིང་དོན། །

བླ་མེད་བྱང་ཆུབ་སྒྲུབ་པ་ཟབ་མོའི་ལམ། །

ཤཱག་གཤེན་ལུགས་གཉིས་ནམ་མཁའི་ནོར་བུའི་འོད། །

སྐལ་ལྡན་གླིང་བཞིར་སྙོམས་པོར་ཤར་འདི་མཚར། །

འོན་ཏེ་མ་རིག་རྨོངས་མུན་སྟུག་ཆེ་བས། །

ལོག་སྨྲ་བྱང་ལྟས་ཕུག་པ་གཏིང་རིང་དུ། །

ཐུན་གསུམ་མུན་པའི་དཔུང་གིས་རབ་འདེགས་དང་། །

ལྷན་དུ་འབྱུང་བོའི་སྐད་ངན་སུན་པའི་གནས། །

སྨྲ་ངན་ཅ་ཅོ་སྒྲོག་ལ་རྒོལ་བའི་ཚུལ། །

བདག་འདྲ་རྣམ་དཔྱོད་དམན་ལ་འོས་མིན་ཡང་། །

ལུང་རིག་སྨྲ་བའི་སེང་ཆེན་མཐའ་དག་གིས། །

བཏང་སྙོམས་བཞག་འདིས་ཡིད་སེམས་སྐྱོ་བ་ལ། །

དེའི་ཕྱིར་ཕས་རྒོལ་དབྱུག་གུས་ཉེར་བསྐུལ་ཚེ། །

སྔ་མེད་ལུང་རིག་ཚད་མའི་རྔ་བོ་ཆེ། །

དཔྱད་གསུམ་དག་པའི་དབྱངས་ཀྱིས་གྲགས་པ་གང་། །

སངས་རྒྱས་བསྟན་པ་སྤྱི་ཡི་རྒྱན་དུ་ཤོག །

ཞེས་པའང་སྒ་རིགས་ཀྱི་སྤྲུལ་མིང་བ་མཁར་ནག་སྐལ་བཟང་རྒྱ་མཚོས་ལྕགས་སྟག་སྟོན་ཟླ་འབྲིང་བོའི་ཚེས་བཅུ་བདུན་ལ་བྲིས་པའོ།།

ཟིན་བྲིས་ལས་དྲངས།