གཡུང་དྲུང་བོན་གྱི་དྲྭ་རྒྱ།

མདོ་སྔགས་རྫོགས་གསུམ་གྱི་གཞུང་ལས་བཤད་པའི་བླ་མའི་མཚན་ཉིད།

refuge_new_small2གཡུང་དྲུང་བོན་གྱི་ལུགས་ལ་བླ་མ་ཞེས་པ་དེ་གང་འདྲ་ཞིག་ཡིན། བླ་མའི་རིགས་ཇི་ཙམ་ཞིག་ཡོད་ཅེ་ན། སྤྱིར་བླ་མའི་མིང་ཙམ་ཡོད་མཁན་ནི་དེང་སང་གི་དུས་སུ་ཧ་ཅང་མང་ནའང་། མདོ་སྔགས་རྫོགས་གསུམ་གྱི་གཞུང་ལས་བཤད་པའི་བླ་མ་མཚན་ཉིད་དང་ལྡན་པ་ནི་ཤིན་ཏུ་དཀོན་པ་ཡིན། དེ་ཡང་བླ་མ་ནི། སངས་རྒྱས་ཀྱི་ཞལ་ཚབ། ཐར་པའི་དད་དཔོན། འདྲེན་པའི་གཙོ་བོ། སྡུག་ལྡན་གྱི་སྐྱབས་གནས། གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་དེ་ངོས་འཛིན་མ་ནོར་བ་བྱེད་དགོས། དེའི་སྒྲ་དོན་ནི། ལྟ་དགོངས་ཡང་དག་གི་དོན་རྟོགས་ཤིང་སྲིད་ཞི་གཉིས་ཀྱི་བླ་རུ་གྱུར་པས་ན་བླ་དང་། འགྲོ་དྲུག་སེམས་ཅན་ལ་མ་ལྟར་བྱམས་པས་ན་མ་ཞེས་བྱ། དེ་ལྟ་བུའི་བླ་མ་ལ་དཔོན་གསས་ཞེས་བརྗོད་པས་དེའི་དོན་ནི། དབང་ལུང་མན་ངག་ཐམས་ཅད་ཀྱི་བརྒྱུད་པ་འཛིན་ཞིང་བསྟན་པའི་བདག་པོ་གྱུར་པས་ན་དཔོན་དང་། ཡོན་ཏན་གྱི་གཞི་རྒྱ་ཆེ་བས་གང་ཟག་ཕལ་གྱིས་འགྲན་ཟླ་མི་འོས་པས་ན་གསས་ཞེས་བྱའོ། མདོར་ན་དཔོན་གསས་དང་བླ་མ་གཉིས་དོན་གཅིག་ཡིན་ལ། སྐབས་འགར་དཔོན་གསས་བླ་མ་ཞེས་འབོད། བླ་མ་ཞེས་མིང་སྨོས་ཚད་བླ་མ་ཡིན་པའི་ངེས་པ་མེད་ལ་བླ་མ་ནི། གཞུང་ལས་བཤད་པའི་མཚན་ཉིད་ཚང་དགོས་པ་ནི་ཤིན་ཏུ་གལ་ཆེ། མཚན་ཉིད་ཇི་ལྟ་བུ་ཞིག་ཚང་དགོས་ཞེ་ན།

ཕྱི་མདོ་ལུགས་ལྟར་ན་བླ་མའི་མཚན་ཉིད་ནི།

ལམ་རིམ་སུམ་བརྒྱ་པ་ལས། ཐོས་བསམ་སྒོམ་གསུམ་རྒྱུད་སྦྱང་ཤེས་རབ་ཆེ། ཐུགས་རྗེ་སེམས་བསྐྱེད་དབང་ཐོབ་ནུས་པ་ལྡན། བརྩོན་པས་དཀའ་སྤྱད་རང་གི་འདིའི་དོན་མིན། ཚད་ཟིན་སྟོན་མཁས་སྐྱོ་མེད་རང་ཉིད་གྲོལ། ཞེས་པས་དེའི་དོན་ནི། ཐོས་བསམ་སྒོམ་གསུམ་གྱིས་རྒྱུད་སྦྱངས་ཤིང་གཞུང་དོན་ལ་མ་རྨོངས་པའི་ཤེས་རབ་ཆེ་བ། བྱམས་སྙིང་རྗེ་དང་སེམས་བསྐྱེད་ཀྱིས་རྒྱུད་བརླན་ཞིང་བླ་མ་གོང་མ་ལས་དབང་ལུང་དང་བྱིན་རླབས་ཐོབ་ནས་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་བཀོད་ནུས་པ། བརྩོན་འགྲུས་ཀྱིས་སེམས་ཅན་གྱི་དོན་དུ་དཀའ་བ་སྤྱོད་ནུས་ཤིང་སྙན་གྲགས་དང་བཀུར་བསྟི་རྙེད་ཚོལ་སོགས་རང་གི་ཚེ་འདིའི་དོན་སྒྲུབ་པ་་སྤངས་པ། སློབ་བུའི་བློ་ཚོད་དང་མཐུན་པའི་གདམས་ངག་སྟོན་མཁས་ཤིང་འགྲོ་དོན་མཛད་པ་ལ་ངལ་དུབ་དང་སྐྱོ་སུན་མེད་པའི་ཁྱད་བོན་དེ་དག་དང་ལྡན་པ་ནི་མཚན་ལྡན་གྱི་བླ་མ་དམ་པ་ཞེས་བྱ།
དེ་དག་གི་དོན་བསྡུས་ཚུལ་གྱི་སྒོ་ནས་བཤད་ན། སྦྱངས་པའི་ཤེས་རབ་ཆེ་བ། ཀུན་སློང་གི་བསམ་པ་དག་པ། གཞན་རྒྱུད་འདུལ་བའི་ཐབས་ལ་མཁས་པ་གསུམ་དང་ལྡན་པ་ནི། བླ་མ་ཡོན་ཏན་སུམ་ལྡན་ཞེས་བྱ། དེའི་དང་པོ་ཐོས་བསམ་སྦྱངས་པའི་སྟོབས་ཀྱིས་བོན་སྒོ་སྤྱི་དང་ཁྱད་པར་གང་འཆད་པར་བྱ་བའི་གཞུང་གི་ཚིག་དོན་ལ་མ་རྨོངས་པའི་བློ་གྲོས་དང་ལྡན་ཞིང་བསླབ་གསུམ་གྱི་ཉམས་ལེན་གྱིས་རྒྱུད་ཕྱུག་པ། གཉིས་པ་བསྟན་འགྲོ་སྤྱི་ལ་ལྷག་བསམ་དཀར་ཞིང་ཁྱད་པར་སློབ་བུ་ལ་ཕན་འདོད་ཀྱི་བསམ་པ་བཅོས་མ་མ་ཡིན་པའི་བརྩེ་སེམས་ཆེ་བ། གསུམ་པ་བརྗོད་བྱེད་ཀྱི་བརྡ་དག་ཅིང་ཚད་གསུམ་ཟུང་འབྲེལ་གྱི་སྒོ་ནས་གདུལ་བྱའི་དབང་པོ་དང་འཚམས་པར་གང་ལ་གང་འདུལ་གྱི་བོན་སྟོན་མཁས་ཤིང་ཁྱད་པར་སློབ་མས་མི་ཤེས་པའི་དོན་ལ་ལན་གྲངས་ཇི་ལྟར་དྲིས་ཀྱང་སྐྱོ་སུན་དང་ངལ་དུབ་མེད་པར་ངེས་པར་བསླབ་ནུས་པའོ།

ནང་གསང་སྔགས་ལུགས་ལྟར་བླ་མའི་མཚན་ཉིད་ནི།

རྫུ་འཕྲུལ་དྲ་བ་གཡུང་དྲུང་གསང་བའི་རྒྱུད་ལས། མངའ་བདག་གཙོ་བོས་བཀའ་བསྩལ་པ། སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། དཔོན་གསས་མཚན་བརྟག་ངས་བཤད་ཀྱི། ཉོན་ཅིག་ཡེ་གཤེན་གཙུག་ཕུད་འཁོར། རྩེ་གཅིག་དད་པའི་སེམས་བསྐྱེད་ལ། དབང་པོ་མ་ཡེངས་བརྟན པར་ཉོན། དབང་རྣམས་ནོད་པའི་དཔོན་གསས་ནི། གསང་བའི་གཤེན་རབ་བཅུད་ལྡན་ལ། གཡུང་དྲུང་གསང་བའི་རྒྱུད་ཆེན་པོ། སྒོ་བཞི་གསས་མཁར་ཀུན་སྟོན་ཞིང་། ལྟ་སྒོམ་སྤྱོད་པའི་དོན་དང་ལྡན། ཨ་དཀར་གསང་བའི་དོན་ཆེན་རྟོགས། དམ་ཚིག་མ་ཉམས་ཡི་དམ་བརྩོན། དབང་ཐོབ་དཔོན་གསས་ངེས་པ་ཡིན། ཞེས་པས་དེའི་དོན་ནི། སྤྱིར་ཐོས་པ་དང་བསམ་པའི་ཤེས་རབ་ལ་བརྟེན་ནས་སྒོ་བཞི་མཛོད་ལྔའི་དོན་ཐུགས་སུ་ཆུད་པ། སེམས་ཅན་ལ་ཕྱོགས་རིས་མེད་པ་བུ་གཅིག་གི་མ་ལྟར་བརྩེ་བ། ལྷག་པར་གསང་སྔགས་ཨ་དཀར་བའི་རྒྱུད་ཟབ་མོའི་དོན་རྟོགས་ཤིང་ལྟ་སྒོམ་སྤྱོད་པའི་ཉམས་ལེན་ལ་གནས་པ། གསང་སྔགས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་ལ་སྐྱོན་ཀྱི་དྲི་མས་མ་གོས་ཤིང་རང་གི་ཡི་དམ་ལྷག་པའི་ལྷ་མཆོག་གི་དབང་བཞིས་རྒྱུད་བྱིན་གྱིས་བརླབས་པ། གསང་སྔགས་བསྐྱེད་རྫོགས་ཀྱི་རིམ་པའི་རྣལ་འབྱོར་ལ་བརྩོན་ཞིང་བསྙེན་སྒྲུབ་ཀྱི་ཕྱག་ལེན་ལ་མཁས་པ་དེ་ནི་གསང་བ་སྔགས་ཀྱི་བླ་མར་བཀུར་འོས་པ་ཡིན།

གསང་བ་རྫོགས་པ་ཆེན་པོའི་ལུགས་ལྟར་བླ་མའི་མཚན་ཉིད་ནི།

རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་ལྟར་ན། གཞི་ཐུན་མོང་གི་ཡོན་ཏན་དྲུག། ཐུན་མོང་མ་ཡིན་པའི་ཡོན་ཏན་དྲུག ཁྱད་པར་གྱི་ཡོན་ཏན་གསུམ་ཏེ་བཅོ་ལྔ་གསུངས་སོ། དང་པོ་ཐུན་མོང་གི་ཡོན་ཏན་དྲུག་ནི། བོན་ཁུངས་ནས་ཕྱུང་བའི་བརྒྱུད་པའི་ཟམ་མ་ཆད་པའི་ལུང་དང་ལྡན་པ། ཐོས་བསམ་གྱི་ཤེས་རབ་ཀྱིས་རང་རྒྱུད་ཡོངས་སུ་འབྱོངས་པ། སྒོམ་པའི་ཤེས་རབ་ཀྱིས་སེམས་གཏན་ལ་ཕེབས་པའི་རང་རིག་རང་ལ་ཤར་བ། གདུལ་བྱ་ལ་གདམས་ངག་ཕྱིན་ཅི་མ་ལོག་པར་སྟོན་ཤེས་པ། འགྲོ་བ་སེམས་ཅན་རྣམས་ལ་ཐུགས་རྗེའི་བྲི་བཀོལ་མེད་པ། འཆད་རྩོད་རྩོམ་པ་སོགས་བསྟན་འགྲོའི་དོན་སྒྲུབ་པ་ལ་བརྩོན་འགྲུས་ཆེ་བའོ།
གཉིས་པ་ཐུན་མོང་མ་ཡིན་པའི་ཡོན་ཏན་དྲུག་ནི། ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཐུགས་སུ་ཆུད་ཀྱང་གཞན་གྱི་ལྟ་སྒོམ་ལ་ཁྱད་གསོད་མི་བྱེད་པ། རང་གི་ཉམས་མྱོང་གི་སྒོམ་པ་ཡལ་བར་མི་དོར་བ་ཉམས་ལེན་ལ་དཀའ་སྤྱད་ནུས་པ། སྒོ་གསུམ་བྱ་བྱེད་ཀྱི་སྤྱོད་པ་བོན་གྱི་གཞུང་དང་མཐུན་ཞིང་ཕྱིན་ཅི་མ་ལོག་པ། ལྟ་སྒོམ་སྤྱོད་གསུམ་མཐར་ཕྱིན་པའི་འབྲས་བུ་རང་སེམས་སངས་རྒྱས་མངོན་དུ་སྣང་བ། འཇིག་རྟེན་གྱི་ནོར་རྫས་ལ་ཞེན་ཆགས་ཆུང་བ། ཕྱི་མ་འབའ་ཞིག་གི་དོན་དུ་གཉེར་བའོ།
གསུམ་པ་ཁྱད་པར་གྱི་ཡོན་ཏན་་གསུམ་ནི། གདམས་ངག་གིས་གཞན་གྱི་རྒྱུད་ཁྲོལ་བ། བྱིན་རླབས་སྟོགས་ཀྱིས་གཞན་གྱི་བར་ཆོད་སེལ་ནུས་པ། གཞན་ཕན་སེམས་བསྐྱེད་ཀྱི་གོ་ཆ་ཆེ་བའོ། དེ་ལྟར་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལས་བཤད་པའི་བླ་མའི་ཡོན་ཏན་ཆ་ཚང་ལྡན་པ་ནི་དཔོན་གསས་རབ་དང་། ཕལ་ཆེར་ལྡན་པ་འབྲིང་། ཕྱེད་ཀ་ལྡན་ན་བླ་མ་ཡིན་ཞེས་གསུངས་སོ། མདོར་ན་བླ་མ་ལ་ངེས་པར་ལྡན་དགོས་པའི་ཡོན་ཏན་ནི། འཇིག་རྟེན་བོན་བརྒྱད་ཀྱི་ཀུན་སློང་དོར་ནས་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུད་བརླན་པ། མདོ་སྔགས་རྫོགས་གསུམ་གང་ལ་ཞུགས་ཀྱང་དེའི་ཉམས་ལེན་ལ་མྱོང་བ་ཡོད་པ་དེ་གཉིས་ནི་ངེས་པར་དུ་དགོས་སོ་ཞེས་རྩ་བའི་བླ་མ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་གསུང་ངོ་།
བླ་མའི་དབྱེ་བ་ནི། རྫོགས་པ་ཆེན་པོ་ཨ་ཁྲིད་ལྟར་ན་བཀའ་རྒྱུད་བླ་མ་དང་། སྒྲུབ་རྒྱུད་བླ་མ། དགོངས་རྒྱུད་བླ་མ། ཕྱི་རྒྱུད་བླ་མ། ནང་རྒྱུད་བླ་མ། གསང་རྒྱུད་བླ་མ་དང་དྲུག་བཞེད། དེ་དག་གི་དོན་ནི། བཀའ་རྒྱུད་ལུང་མན་ངག་ལ་འཆད་ཁྲིད་གཙོ་བོ་མཛད་པའི་བླ་མ་ལ་བཀའ་རྒྱུད་བླ་མ་དང་། སྒྲུབ་པ་ཉམས་ལེན་གཙོ་བོ་གནང་བའི་བླ་མ་ལ་སྒྲུབ་རྒྱུད་བླ་མ། འདི་ལ་རྟོགས་ལྡན་ཞེས་མཚན་གསོལ། དགོངས་ཉམས་ཁྱད་པར་ཅན་དང་ལྡན་ཞིང་བྱིན་རླབས་ཀྱིས་འགྲོ་བའི་ཤེས་རྒྱུད་དགྲོལ་ནུས་པ་ལ་དགོངས་རྒྱུད་བླ་མ་ཞེས་བྱའོ། ཕྱི་མ་གསུམ་ནི་གོང་གི་མདོ་སྔགས་རྫོགས་གསུམ་གྱི་བླ་མ་དང་དོན་གཅིག་གོ། གཞན་ཡང་བླ་མའི་རིགས་ལ་མང་དུ་ཡོད་དེ། གདུང་རྒྱུད་བླ་མ། སྤྲུལ་སྐུ། མཁན་པོ། སློབ་དཔོན། དགེ་བཤེས་སོགས་སོ།

མདོར་ན་མཚན་གང་གསོལ་ཡང་གོང་བཤད་ཀྱི་ཡོད་ཏན་རྣམས་ཚང་ན་མཚན་ལྡན་གྱི་བླ་མ་ཞེས་བླ་མར་བཀུར་འོས་པ་ཡིན། གདུང་རྒྱུད་བླ་མ་ཞེས་རིགས་རྒྱུད་བླ་མར་བརྩི་བ་གཤེན་དང་བྲུ་ཞུ་སྤ་རྨེའུ་ཁྱུང་སོགས་མང་དུ་ཡོད། འོན་ཀྱང་དེ་དག་གང་ཡིན་ཡང་གོང་བཤད་ཀྱི་བླ་མའི་མཚན་ཉིད་མ་ཚང་ན་རུས་རྒྱུད་གཅིག་བུས་བླ་མ་མཛད་ཐུབ་པ་མིན། དེང་སང་སྤྲུལ་སྐུ་ཞེས་མང་པོར་ཡོད་ནའང་བོན་པོའི་གཞུང་ལུགས་རྣམས་སུ་བསྟན་པའི་སྤྲུལ་སྐུ་ནི། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ལྟ་བུ་རྫོགས་སྐུ་གཤེན་ལྷ་འོད་དཀར་ལས་སྤྲུལ་པ་ཡིན་པས་དེ་ལ་མཆོག་གི་སྤྲུལ་སྐུ་ཞེས་གསུང་། གཞན་ཡང་མཚན་ལྡན་བླ་མ་ཞིག་སྐུ་གཤེགས་ནས་སླར་ཡང་སྐྱེ་བ་མིར་བཞེས་སྲིད་ནའང་། གྲྭ་ས་ཆེན་མོ་ཡ་བཞི་ཞེས་པ་བྲུ་ཡི་གདན་ས་གཡས་རུ་དབེན་ས་ཁ་དང་། གཤེན་གྱི་གདན་ས་དར་སྡིངས་གསེར་སྒོ་ཁྲ་མོ་དང་ཁྲི་བརྟན་ནོར་བུ་རྩེ། ཞུ་ཡི་གདན་ས་དབང་ལྡན་ལྷུན་གྲུབ་སྒང་། རྨེའུ་གདན་ས་དཔལ་ལྡན་བཟང་པོ་རི་བཅས་དང་། གདན་ས་གོང་འོག་བར་གསུམ་ཞེས་པ་རྗེ་མཉམ་མེད་ཆེན་པོའི་གདན་ས་གཙང་བཀྲ་ཤིས་སྨན་རི་དགོན། འགྲོ་དགོན་ཤེར་གཡུང་གི་གདན་ས་མཁར་སྣ་བསམ་གཏན་གླིང་། སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་གདན་ས་རུ་ལག་གཡུང་དྲུང་གླིང་སྟེ་གྲྭ་ས་ཆེན་མོ་དེ་དག་གི་ལུགས་ལ་སྤྲུལ་སྐུ་ངོས་འཛིན་གནང་བའི་ལུགས་སྲོལ་ནི་ལོ་རྒྱུས་ལས་མ་གསལ། འོན་ཀྱང་ཡུལ་ཁུག་དང་ལུང་ཁུག་འགའ་ཤས་ལ་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་ཡོད་པ་ཤེས་དགོས་སོ།
མཛད་པོ་གངས་སེང་།