གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོད་ཀྱི་ཡི་གེ་ལ་ཞིབ་མོར་དཔྱད་པ།

image
བོད་གངས་ཅན་གྱི་རིག་གནས་རྩ་བ་བོད་རང་གི་ཡི་གེ་ཡིན། ཡི་གེ་དེ་དུས་ནམ་ཞིག་བྱུང་། བཟོ་མཁན་སུ་ཡིན། འཕེལ་རྒྱས་ཇི་ལྟར་བྱུང་བ་སོགས་བྲི་ན། གཟུ་བོའི་བློ་ཡིས་ཡང་དག་པར་དཔྱད་དགོས་པ་ལས་ཆོས་ལུགས་གྲུབ་མཐའ་གང་ལ་དགའ་ཞིང་དད་པ་རྒྱུ་མཚན་དུ་བྱས་ནས། དེའི་ཕྱོགས་བཟུང་སྟེ་ཆགས་སྡང་གི་གཏམ་ཁ་ནས་ཐོན་ཚད་དུ་སྨྲ་བ་མི་ལེགས། མི་རིགས་རང་གི་ཡི་གེའི་ཁུངས་མི་་་ཤེས་པ་དང་ཤེས་དགོས་ན་རྩོད་པ་ཅན་དུ་གྱུར་ན་ཆེས་མི་ལེགས། གྲུབ་མཐའི་ཕྱོགས་ཞེན་ཧ་ཅང་ཆེ་དྲགས་ན་མི་རིགས་རང་གི་ལོ་རྒྱུས་ལ་ཞིབ་འཇུག་ཡང་དག་པར་བྱེད་མི་ནུས། སྔར་གྱི་ལོ་རྒྱུས་དུ་མར་བསམ་གཞིག་བྱས་ནའང་རང་རང་གི་ཆོས་ལུགས་དར་རྒྱས་སུ་གཏོང་བའི་ཐབས་ཁོ་ནར་དམིགས་ནས་ལོ་རྒྱུས་འཁྱོག་པོར་བྲིས། རྒྱལ་ཁབ་གཞན་དང་མི་རིགས་གཞན། ཁྱད་པར་བཀས་བཀོད་བརྒྱུད་འཛིན་དང་། མ་རྩ་ཅན། བཙན་རྒྱལ་རིང་ལུགས་སོགས་ཀྱི་སྲིད་དབང་བཅས་ལ་སྐྱབས་བཙལ་ནས་རང་གི་ཆོས་ལུགས་དང་དཔུང་སྡེ་ཇེ་མང་དུ་བཏང་བ་ཙམ་ལས། མི་རིགས་འཕེལ་རྒྱས་འབྱུང་བ་དང་ལོ་རྒྱུས་ཡང་དག་ཤེས་པར་གནད་སྐྱོན་ཆེན་པོར་ཐེབས། དེས་ན་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ན་བློ་གཟུ་བོར་གནས་དགོས་པ་ལས་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་དུ་སོང་ན། ཤེས་རྒྱུད་གཟུ་བོར་གནས་མི་ཐུབ། དེ་མ་ཐུབ་ན་བྲིས་ཚད་ཐམས་ཅད་བདེན་དྲང་གི་ཡིག་ཆ་ཞིག་འོང་མི་ནུས་སོ། །དེ་ཕྱིར་རང་གིས་ཤེས་ཚོད་ཀྱིས་རྫུན་དང་སྒྲོ་སྐུར་གྱི་དྲི་མས་མ་བསླད་པར་བྲི་བ་ལ་ཞུགས་སོ། །

མཁ༷ས་གྲུབ་དོན་གྱི་འོད་སྟོང་འབར་བའི་དཔལ་ལྡན་ཉི་མའི་ཞབས་སེན་རྡུལ། །
མཁ༷ས་མང་རལ་བའི་ཅོད་པན་མེ་ཏོག་ངོ་མཚར་དཔལ་གྱིས་མཛེས་པ་ཡིས། །
མཁ༷ས་པའི་མིང་གི་ཀུན་ད་གསར་བ་གྲགས་པའི་འདབ་མ་ཟླུམ་པོའི་གཟུགས། །
མཁ༷ས་རློམ་ཕྲག་པའི་རྩ་རྐང་ཕྲ་མོ་འདར་བའི་ཉམས་ཀྱི་རྩེ་ན་གཡོ། །

རྣམ༷་དཔྱོད་གསར་བའི་བློ་ལྡན་གཞོན་ནུའི་ལུས། །
རྣམ༷་པར་མཛེས་བྱེད་བྱི་དོར་བྱས་པའི་རྒྱན། །
རྣམ༷་པ་དཀར་པོའི་མདངས་འཛིན་མུ་ཏིག་ཕྲེང་། །
རྣམ༷་མང་རིག་པའི་རྩེད་འཇོ་དང་བཅས་འབུལ། །

དེ་ལ་འདིར། མཁས་པ་སྔ་ཕྱིའི་བཞེད་ཚུལ་དང་གསུང་རྩོམ་གནང་ལུགས། གྲུབ་མཐའ་སོ་སོའི་རང་ལུགས་དང་ནང་གི་འགལ་མཚམས། ད་ལྟ་ཕྱི་ནང་གི་རྒྱལ་ཁབ་དག་ན་རྣམ་དཔྱོད་ཅན་དུ་མས་ཞིབ་འཇུག་བྱེད་ཚུལ། ལ་ལས་རང་རང་གི་དམིགས་ཡུལ་རེ་བཟུང་ནས་ཡི་གེ་བྲི་ལུགས་སོགས། དེ་དག་གི་དོན་སྤྱི་བློ་ཡུལ་དུ་བཞག་སྟེ། རང་གི་བལྟ་ཚུལ་གསལ་བོར་བཤད་ན། བོད་ཡིག་ནི་སྲོང་བཙན་སྔོན་ལ་ཡོད་པར་མ་ཟད། གཉའ་ཁྲིའི་སྔོན་ནས་ཡོད་པར་ཐག་བཅད་ཆོག་གོ །ཅིའི་ཕྱིར་ན། བོན་གྱི་སྟོན་པ་གཤེན་རབ་སྐུ་དངོས་སུ་བོད་ཡུལ་དུ་བྱོན། ཀོང་པོའི་བོན་རི་ཞེས་པར་བྱིན་གྱིས་བརླབས། བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་བ་དང་། འདྲེ་བཀར་བ་སོགས་རྒྱུའི་ཐེག་པའི་ལུང་གནང་། ཀོང་བཙུན་དེ་མོ་ལ་སོགས་བརྟན་མ་བཅུ་གཉིས་ཀྱིས་བོད་ཁམས་སྐྱོང་བར་ཁས་བླངས། སླད་ནས་འབྲས་བུའི་ཐེག་པའི་བསྟན་པ་དར་བའི་ཐུགས་སྨོན་གནང་བ་སོགས། སྟོན་པའི་མཛད་མདོ་རྒྱས་འབྲིང་དུ་མར་གསུངས་པས་ན། སྐབས་དེ་ནས་བོད་ན་རྒྱུའི་ཐེག་པ་ཉམས་སུ་ལེན་པའི་་་གང་ཟག་ཡོད་ངེས་སོ། །དེས་ན་རྒྱུའི་བོན་དེ་རྣམས་ཡི་གེའི་ཐོག་ནས་མ་གཏོགས་བློ་ཐོག་ནས་ཉམས་སུ་ལེན་དཀའ་འོ། །འོ་ན་གཤེན་རབ་བྱོན་དུས་ཡོད་པའི་བོད་ཀྱི་བོན་པོ་དེ་རྣམས། གཤེན་རབ་ཀྱི་བསྟན་པ་ལ་ཞུགས་པའི་བོན་པོ་ཡིན་ནམ་ཞེ་ན་མ་ངེས་ཏེ། གཤེན་རབ་སྔོན་ནས་ཡང་དག་པའི་བོན་དང་། ལོག་པའི་བོན་གཉིས་ཀ་ཡོད་པའི་ཕྱིར། དེ་ཡང་ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་རྒྱལ་བཞད་མ་གཉིས་སངས་རྒྱས་སོ། །ཞེས་གསུངས་པས་དེའི་རྒྱུད་ཀྱི་བསྟན་པ་དེ་ཡང་དག་པའི་བོན་དང་། གཞན་ལྟ་ལོག་གི་བོན་ཡང་མང་དུ་ཡོད་པ་ནི། དཔེར་ན། ཤཱཀ་ཐུབ་སྔོན་དུ་དམ་ཆོས་ཀྱང་ཡོད་ལ་ལོག་ཆོས་ཀྱང་ཡོད་པ་བཞིན་ནོ། །དེ་ཡང་ཐུབ་པ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་སྐབས་ཡུམ་གསོ་སྦྱོང་ལ་གནས་ཞེས་པའི་གསོ་སྦྱོང་དེ་དམ་ཆོས་ཡིན་ལ། ཕྱི་རོལ་བའི་སྟོན་པ་དུ་མའི་ཆོས་དེ་ལོག་ཆོས་ཡིན་པའི་ཕྱིར་རོ། །དེས་ན་བོན་དང་ཆོས་ཀྱི་བྱེད་པོ་གཤེན་རབ་དང་ཤཱཀ་ཐུབ་གཉིས་ལས་མེད་སྙམ་པ་ནི་ཐོས་རྒྱ་ཆུང་བའི་རྟགས་ཁོ་ནའོ། །དེ་ལྟར་ན་ཡི་གེ་མེད་ན་གཉའ་ཁྲི་རྒྱལ་པོར་བཀུར་བའི་བོད་མིའི་ཁྲོད་ན་ཤེས་པ་ཅན་བཅུ་གཉིས་ཞེས་ཡོན་་་ཏན་ཅན་དེ་དག་ཡོད་མི་སྲིད། ཤེས་པ་ཅན་ཞེས་པ་བེམ་ཤེས་ལྡན་མིན་འདུ་བྱེད་ཅེས་པའི་ཤེས་པ་ཙམ་ག་ལ་ཡིན། ཤེས་བྱ་ལ་མཁས་པ་ཡོན་ཏན་ཅན་ཡིན་པ་སྨོས་ཅི་དགོས། དེ་ཡང་ཤེས་པ་ཅན་བཅུ་གཉིས་ནི། མགོན་ཤེས་ལྷ་བོན་ནམ་ལྷ་མཆོད་པ། གཡང་ཤེས་ཕྱྭ་འགུགས་པ། འགྲོ་ཤེས་གླུད་གཏོང་བ། འདུར་ཤེས་སྲིད་གཤེན་པ། གཙང་ཤེས་སེལ་འདེབས་པ། སྒྲོལ་ཤེས་མཐུ་གཏོང་བ། ཕན་ཤེས་སྨན་པ། སྐོས་ཤེས་རྩིས་མཁན་པ། སྨྲ་ཤེས་གཏོ་དགུ་བ། ལྡིང་ཤེས་ཤ་བ། འཕུར་ཤེས་ཇུ་ཐིག་པ། འགྲོ་ཤེས་འཕྲུལ་བོན་པ་སོགས་ཡིན་པས། རྒྱུའི་བོན་པོའམ་ཤེས་ཡོན་ཅན་དེ་དག་གི་་་ཡོན་ཏན་དེ་ཆུང་ངུ་ཞིག་མིན་པས་ཡི་གེ་ལ་མ་བརྟེན་པར་ག་ལ་ནུས། ལྷ་མཆོད་་ནས་མགོན་སྐྱོབ་བྱེད་པ། ཕྱྭ་གཡང་འགུགས་པའི་ཆོ་ག སྐུ་གླུད་གཏོ་མདོས་ཀྱིས་གཞན་གྱི་གེགས་སེལ་བ། སེམས་ཅན་གང་ཞིག་ཤི་བའི་འོག་ཏུ། ཤི་འདྲེ་གཤེད་མ་འདུལ་བ་དང་། རིགས་དྲུག་གནས་ནས་འདྲེན་པའི་ཐབས་ལ་ཐེག་པ་བཞི་བ་སྲིད་གཤེན་ལྟར། འདུལ་སྦྱོང་བྱ་བའི་ཆོ་ག་དང་མནོལ་བ་གཙང་བར་བྱེད་པ་ལ། སེལ་དཀར་ནག་སོགས་ཀྱི་ཆོ་ག བསྒྲལ་བའི་ཞིང་ལ་མཐུ་གཏོང་བ། ནད་ཀྱིས་ཉེན་པ་ལ་སྨན་གྱིས་བཅོས་ཐབས། ལེགས་ཉེས་བླང་དོར་རྩིས་ཀྱི་སྒོ་ནས་སྟོན་པ་སོགས། པོ་ཏི་གཉིས་གསུམ་ཙམ་ཞིག་མིན་ཐག་ཆོད་པས་ཡིག་ཐོག་ནས་མ་གཏོགས་བློར་འཛིན་མི་ཐུབ་པ་སྨོས་ཅི་དགོས། འོ་ན་གཉའ་ཁྲིའི་སྔོན་ནས་བོད་ལ་ཡི་གེ་ཡོད་ན། དུས་ནམ་གྱི་ཚེ། བཟོ་བསྐྲུན་མཛད་པ་པོ་སུ། ཚུལ་ཅི་ལྟར། གྲངས་ཅི་ཙམ་ཡོད་ཅེ་ན། མི་ཡུལ་ན་སངས་རྒྱས་སྔ་མ་རྣམས་ཀྱི་དུས་ཡི་གེ་ཡོད་མྱོང་བ་སྨོས་དགོས་ལ། ཚེ་ལོ་བརྒྱ་དང་བཅུ་དགུ་ཙམ་ན། ཐབས་ཀྱི་མཆོག་སྲིད་པ་སངས་པོ་འབུམ་ཁྲིའམ་ཁྲི་རྒྱལ་ཁུག་པ་དང་། ཤེས་རབ་ཀྱི་ཕུལ་སྟོན་པ་གཤེན་རབ་གཉིས་ཀྱིས་ཐབས་ཤེས་ཟུང་དུ་འབྲེལ་ནས། འབྱུང་ལྔའི་ཡི་གེ་ལྔ་ལས་གྲངས་ངེས་པའི་ཐོ་ཡིག་བཞི་བཅུ་མཛད་དོ། །
དེ་ཡང་ཡི་གེའི་མཚན་ཉིད། མཚན་གཞི་དབྱེ་བ་བསྟན་པ་ནི། མཛོད་ལས། ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར། །དོན་ལ་སྦྱོར་བའི་མཚན་ཉིད་འཛིན། །ཅེས་པའི་འགྲེལ་བར། དོན་ལ་ཡི་གེས་མཚོན་ཅིང་ཚིག་དོན་སྦྱོར་བ་སྟེ། ཀ་དང་བ་གཉིས་འདུས་པ་ལས་ཀ་བ་གྲུབ་ཅེས་པ་ལྟ་བུའོ། །ཞེས་གསུངས། མཚན་གཞི་ནི། ངོ་བོ་འཕྲུལ་ཡིག་བཞི་བཅུའོ། །ཞེས་པས། ཀ་སོགས་འཕྲུལ་ཆེན་ཡིག་འབྲུ་སུམ་ཅུ་དང་དབུ་ཁྱུད་སོགས་བཅུ་སྟེ་བཞི་བཅུའོ། །མཛོད་ལས། ཡི་གེའི་ཚོགས་དང་བྱེ་བྲག་དང་། །མིང་དང་ཚིག་ནི་གཉིས་རྟོགས་གསལ། །གཉིས་རྟོགས་དོན་དམ་བརྗོད་ཕྱིར་རོ། །ཞེས་པའི་འགྲེལ་བར། ཡི་གེ་ནི་མིང་ཚིག་གཉིས་ཀ་གསལ་བར་བྱེད་པའི་ཡི་གེ་སྟེ། ཡི་གེའི་ཚོགས་ནི་སངས་རྒྱས་ཀྱི་ཐུགས་རྗེའི་ཚོགས་དང་བྱེ་བྲག་གིས་ཐམས་ཅད་གསལ་བར་བྱེད་པའི་ཡི་གེའི་ཚོགས་སོ། །དེ་བས་བཏགས་པ་མིང་གི་ཚིག་་་་ཚོགས་དང་། བརྗོད་པ་ཚིག་གི་ཚོགས་གཉིས་ཀ་ཡང་ཡི་གེས་དོན་དེ་གསལ་བའོ། །
དོན་དམ་པར་ཡི་གེ་གསུམ་སྟེ། བཏགས་པ་མིང་གི་ཡི་གེ་དང་། སྣང་བ་གཟུགས་ཀྱི་ཡི་གེ་དང་། ངེས་པ་དོན་གྱི་ཡི་གེའོ། །དེ་ཡང་ཡི་གེ་མིང་གིས་མཚོན་ནས་མིང་གི་ངེས་པ་དོན་ལྡན་ནི་མིང་དུ་ཤེས་པར་བྱེད། སྣང་བ་གཟུགས་ཀྱི་ཡི་གེས་བརྗོད་པའི་ཚིག་ངེས་པར་གཏན་ལ་འབེབས། ངེས་པ་དོན་གྱི་ཡི་གེས་མིང་ཚིག་ཏུ་བཏགས་་པའི་ཕྱི་ནང་གི་ཤེས་བྱ་ཐམས་ཅད་ཡེ་ནས་ཡི་གེ་ཨ་ལྟར་སྐྱེ་མེད་འགག་མེད་རིག་པ་རྡིང་དུ་གྱུར་བ་བོན་ཉིད་རྟོགས་པར་བྱེད་པས་ཡི་གེ་ཞེས་བྱའོ། །ཞེས་པ་འདི་ལ་ཐུན་མོང་མ་ཡིན་པའི་འགྲེལ་ཚུལ་ཡོད་ཀྱང་སྐབས་སུ་མ་བབ་བོ། །དབྱེ་བ་ལའང་འབྱུང་བ་ཆེ་ཆུང་གི་དབྱེ་བ། སྒྲ་ཡི་སྐྱེ་གནས་ཀྱི་དབྱེ་བ། ཐང་བབ་ཀྱི་གོ་རིམ་སོགས་ཀྱི་བཤད་པ་འདིར་རྒྱས་པར་མི་སྤྲོ་ལ། བྱུང་ཚུལ་ནི། དཔའ་བོ་འབྲུ་ལྔ་ལས་བྱུང་བའི། ཞེས་པའི་འབྲུ་ལྔ་ནི། ཨཱོྃ་རཾ་སྲུཾ་ཁཾ་ཡཾ་ཞེས་འབྱུང་ལྔའི་ཡི་གེ་རེ་རེ་ལས་བརྒྱད་རེ་བྱུང་བས་བཞི་བཅུའོ། །དེ་ཡང་ཀ་སོགས་རྩ་བ་གསལ་བྱེད་སུམ་ཅུ་དང་། དབུ་ཁྱུད་དང་། ཚེག་དང་། ཤད་དང་། གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ། ཀླད་ཀོར། ཡ་བཏགས། ར་བཏགས་ཏེ་བཅུ་ཡན་ལག་ཏུ་བྱུང་ཚུལ་སོགས། སྐྱེ་མེད་ཐིག་ལེའི་ལུང་དང་བརྡ་སྤྲོད་ཀྱི་གཞུང་གསར་རྙིང་དག་ལས་རྒྱས་པར་བཤད་པ་ལྟར་རོ། །
དེ་ཡང་ཤམ་བྷ་ལ་འོལ་མོའི་གླིང་ངམ་རྟག་གཟིགས་ཞེས་ཞང་ཞུང་ཕུག་པའི་ཡུལ་ལ་སྤུངས་ཆེན་དང་སྤུངས་ཆུང་གི་ཡི་གེ་འདི་མཛད། ཞང་ཞུང་བར་བའི་ཡུལ་ལ་སྨར་ཆེན་སྨར་ཆུང་། ཞང་ཞུང་སྒོ་བའི་ནང་གསེས་སྒོ་ཕུག་བར་གསུམ་ནི། བོད་དང་འདྲེས་ཤིང་བོད་སྐད་དང་མཐུན་པས་བོད་ཡིག་གཟབ་གཤར་དུ་བྱས་པ་ཐམས་ཅད་ངེས་པའི་ཐོ་ཡིག་བཞི་བཅུ་ལས་མང་མི་དགོས་ལ། ཉུང་དུ་མི་བཏུབ་པས་ཡོངས་སུ་གྲགས་པའི་འཕྲུལ་ཡིག་བཞི་བཅུ་ཞེས་པ་འདི་དར་རོ། །འོ་ན་ཐོན་མི་ལ་བྱས་རྗེས་གཅིག་ཀྱང་མེད་དམ་ཞེ་ན། མ་ཡིན་ཏེ། ཡི་གེའི་གཟུགས་ཇེ་ལེགས་སུ་བཏང་བ་དང་བརྡ་སྤྲོད་ཀྱི་གཞུང་བཀོལ་ཇེ་བདེར་བཏང་བ་སོགས་བཀའ་དྲིན་ཤིན་ཏུ་ཆེའོ། །དེས་ན་སྟོན་པ་གཤེན་རབ་ཀྱིས་ཡི་གེ་བཟོས་པའི་ལུང་ཅི་འདྲ་ཡོད་ཅེ་ན། མདོ་ལས། མི་ཡུལ་འཛམ་གླིང་འོལ་མོ་ལུང་རིང་དུ། །གཤེན་རབ་བདག་དང་སྲིད་པ་སངས་པོ་ཡིས། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ནས་སུ། །གསུང་གིས་འདུལ་ཕྱིར་གསུང་རབ་འབུམ་སྡེ་བརྩམས། །སེམས་ཅན་དྲང་ཕྱིར་བསྟན་པ་རྗེས་སུ་བཞག །ཅེས་དང་། སྒོ་བཞི་མཛོད་དང་ལྔ་ཡི་བོན་སྒོ་ལ། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་མཐུས། །སངས་པོ་འབུམ་ཁྲི་སྟོན་པ་གཤེན་རབ་ཀྱིས། །སེམས་ཅན་བཀྲིད་ཕྱིར་ཁྲི་དང་འབུམ་དུ་བྲིས། ། ཞེས་སོགས་གསུངས་སོ། །
བོན་སྒོ་བཞི་མཛོད་ལྔ་ཞེས་པའང་། དཔོན་གསས་མན་ངག་ལུང་གི་བོན་སྒོ། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་སྒོ་རྣམས་དང་། ཐེག་པ་རིམ་དགུ་ཞེས་པ། ཕྱྭ་སྣང་འཕྲུལ་སྲིད་བཞི་དང་། དགེ་བསྙེན་དྲང་སྲོང་ཨ་དཀར་ཡེ་གཤེན་བླ་མེད་ཀྱི་ཐེག་པ་དང་དགུ། བོན་ཕྱི་ནང་གསང་གསུམ་ཞེས་པ། སོ་བྱང་སྔགས་གསུམ་གྱི་སྐོར་ཐམས་ཅད་གླེགས་བམ་མང་དུ་བྱས་པ། གསེར་དང་། ལྕགས་དང་། ཟངས་དང་། དངུལ་དང་གཡུ་སོགས་རིན་པོ་ཆེའི་དཔེ་མཛོད་སྡེ་ཚན་དུ་བཅད་ནས། མུ་ཁྱུད་བདལ་བའི་མཚོ་གླིང་གི་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་མཚོའི་ནང་དུ་བཞུགས་པ་ནི། བསྟན་པ་རྗེས་བཞག་གི་མདོ་དང་། གཉེར་གཏད་མདོ་ལྟར། ཤམ་བྷ་ལ་འོལ་མོའི་གླིང་དུ་མ་ཉམས་པར་གནས་པའོ། །འོ་ན་སྟོན་པ་གཤེན་རབ་ཀྱི་རིང་ནས་ཡི་གེ་ཡོད་ན། དེ་མ་ཉམས་པར་ཅི་ལྟར་འཕེལ་ཞེ་ན༑ སྟོན་པའི་འཁོར་གྱི་གཙོ་བོ་ནི། ཉེ་སྲས་སོགས་ཞུ་འཁོར་དང་སྡུད་འཁོར་དུ་མ་ཡོད་པའི་མཚན་འདིར་མི་བྲི་ལ། དེ་ལས་གདུང་སོབ་མུ་ཆོ་ལྡེམ་དྲུག་ལ་སློབ་མ་འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་བྱུང་ལ། ལྷ་བོན་ཡོངས་སུ་དག་པ(ཐོགས་མེད་གྲུབ་པའི་རིག་འཛིན)ལ་སློབ་མ་རྒྱལ་གཤེན་མི་ལུས་བསམ་ལེགས(སྦྱང་ཐོབ་རྣམ་སྨིན་རིག་འཛིན)དང་། ཀླུ་སྒྲུབ་ཡེ་ཤེས་སྙིང་པོ(གྲུབ་པ་མཐའ་སེལ་གྱི་རིག་འཛིན)བྱུང་ལ། དེ་དག་གི་སློབ་མ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ནི། རྒྱལ་པོ་གཉའ་ཁྲི་བཙད་པོའི་བླ་མ་ཡིན་པ་ནི། ལུང་དུ་མར་གསལ་བས་ན། སྟོན་པ་གཤེན་རབ་ཀྱིས་མཛད་པའི་ཡི་གེ་འདི་གཉའ་ཁྲིའི་བར་མ་ཉམས་པར་གནས་པ་ཤེས་ཐུབ། ཁྱད་པར་ནམ་མཁའ་སྣང་བས་སྤྱི་སྤུངས་སྐོར་གསུམ་གྱི་བོན་སྤེལ་བས་རྒྱལ་པོས་ཉམས་སུ་བླངས། བོད་རྒྱལ་ཐོག་མར་བྱོན་ནས་ལོ༦༢ན་སྲས་མུ་ཁྲི་འཁྲུངས། མུ་ཁྲིས་ཀྱང་སྣང་མདོག་བླ་མར་བསྟེན་ནས་ཉམས་སུ་བླངས། དེ་ལའང་རྒྱལ་པོས་གསང་སྔགས་གཞན་ལ་མ་བསྟན་པར་གསང་ཆེ་བས། ཉམས་ཀྱིས་དོགས་ནས་རྫུ་འཕྲུལ་སྨན་བཞིས་རྒྱལ་པོའི་ཐུགས་ཀྱི་གསང་མཛོད་ལས། སློབ་མ་ལ་གནང་བར་བསྐུལ་བས། ཞང་སྐད་ཧ་ར་ཅི་པར་དང་། བོད་སྐད་དུ་གྲུབ་ཆེན་ཡེ་ཤེས་བླ་མ་ལ་གནང་སྟེ་གསང་སྔགས་སྤེལ་བས། རྒྱལ་པོ་འདི་གསང་སྔགས་བླ་མ་བརྒྱུད་པའི་གཙོ་བོར་གྱུར། དགུང་ལོ༡༠༦ན་སྲས་དིང་ཁྲི་འཁྲུངས། ཁྱད་པར་རྫོགས་ཆེན་ཉམས་བཞེས་མཛད། མཐར་ཕུང་པོ་ལྷག་མེད་དུ་སངས་རྒྱས་པས་བོན་གཞུང་ཀུན་ལ་གྲགས་ཆེ། ཁྲི་བདུན་གྱི་རིང་བླ་མ་ཆེ་དྲུག་གི་བསྟན་པ་དར་ཞིང་། དེ་ནས་བཟུང་མཁས་པ་རྒྱན་དྲུག་དང་སྒྲ་བསྒྱུར་བ་རྣམ་བཞི་སོགས་ཀྱིས་བསྟན་པ་སྤེལ་བ་ལུང་དུ་མར་གསལ་ལོ། །ལོ་རྒྱུས་རྣམས་སུ་ཁྲི་བདུན་ལ་བང་སོ་མེད་ཅེས་པ་ཙམ་ལས། ལྷག་མེད་དུ་སངས་རྒྱས་ཟེར་མ་་་འདོད་པ་དམིགས་ཡུལ་དགོངས་གཞི་སྣ་ཚོགས་རེ་ཡོད་པ་ལས། མཁས་པ་སྔ་མ་་་དག་གིས་དཔྱད་མ་ཤེས་པ་ག་ལ་ཡིན། དེས་ན་གཉའ་ཁྲི་ནས་སྲོང་བཙན་བར་གྱི་རྒྱལ་རབས་རྣམས་ཀྱི་རིང་ལ་གཡུང་དྲུང་གི་བོན་དར་ཞེས་མཁས་པ་སྔ་ཕྱི་ཀུན་གྱིས་དངོས་སུ་ཞལ་བཞེས་གནང་ཟིན་ལ། གང་དར་བའི་གཡུང་དྲུང་བོན་ལ་དཔྱད་པ་ལེགས་པོར་གཏོང་ཞིང་། ཚིག་དོན་ཐམས་ཅད་ཅི་འདྲར་འདུག ཡི་གེར་བྲིས་ན་བོད་སྐད་རེད་དམ་མ་རེད། ཡིན་ན་བོད་ཡིག་ཡིན་པ་ལ་སྒྲུབ་བྱེད་གཞན་མི་དགོས་ཏེ། བོད་སྐད་ཡི་གེར་བྲིས་ནའང་བོད་ཡིག་མིན་ཟེར་ན། རྒྱ་སྐད་ཡི་གེར་བྲིས་པ་རྒྱ་ཡིག་མིན་ཟེར་བ་ལྟར་བླུན་རྟགས་ཁོ་ནའོ། །རྒྱ་ཞང་གི་སྐད་བོད་ཡིག་གིས་བྲིས་པ་དང་། བོད་སྐད་རྒྱ་ཡིག་ཏུ་བྲིས་པ་ལྟ་བུར་མི་སེམས་སོ། །འོ་ན་རྒྱལ་རབས་སྔ་མ་རྣམས་སུ་གཡུང་དྲུང་བོན་གང་དར། དེའི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་ག་འདྲ་ཡིན་ཟེར་ན། གོང་བཤད་ལྟར། སྤྱི་སྤུངས་སྐོར་གསུམ་གྱི་བོན་དར་བ་ལོ་རྒྱུས་སྣ་ཚོགས་སུ་གསལ་བས། དེའི་བརྗོད་བྱ་རྒྱུའི་ཐེག་པ་བཞི་ལམ་གྱི་སྟེགས་བུ་དང་། འབྲས་བུའི་ཐེག་པ་བཞི་ལམ་གྱི་ཡན་ལག་དང་། གཙོ་བོ་བླ་མེད་ཀྱི་ཐེག་པ་ལམ་གྱི་མཐར་ཐུག་ཏུ་བཟུང་ནས་རང་བཞིན་རྫོགས་པ་ཆེན་པོ་ཉམས་སུ་ལེན་་་པ་ནི་སྔ་དར་བོན་གྱི་རང་ལུགས་དྲི་མ་མེད་པ་ཡིན་པར་བཤད། དེ་ལ་རྒྱུད་དང་སྒྲུབ་ཐབས་མང་དུ་ཡོད་པས། རྒྱུད་ལ་རྩ་རྒྱུད་ནི། གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་དང་། ཞི་བ་དོན་དྲུག་དང་། ཁྲོ་བོ་རྒྱུད་དྲུག་བཅས་ལྟ་སྒོམ་སྤྱོད་པ་འཕྲིན་ལས་དམ་ཚིག་འབྲས་བུ་དྲུག་པོ་གཏན་ལ་ཕབ་པའི་རྒྱུད་ཆེན་དྲུག་སོགས་་དང་། སྒྲུབ་སྐོར་ལ་སྤྱི་སྤུངས་རིན་པོ་ཆེ་གསུམ་གྱི་སྒྲུབ་ཐབས་རྒྱས་བསྡུས་མང་དུ་ཡོད་པ་དང་། གཞན་ཡང་སྤྱིར་གསང་སྔགས་ལ་རྒྱུད་འབུམ་ཕྲག་གཅིག་ཡོད་པའི་ཚུལ། སྔགས་ཀྱི་གྲུབ་མཐའ་རྣམ་པར་བཞག་པའི་བཀའ་དང་བཀའ་བརྟེན་དུ་མར་གསུངས་པ་ལས་ཤེས་ན་ལོག་རྟོག་སོམ་ཉིའི་དྲ་བར་ཚུད་མི་དགོས་ཏེ་འདིར་སྐབས་སུ་མ་བབ་བོ། །
སྐབས་འདིར་ཡི་གེ་ཡོད་མེད་ལ་དཔྱད་འདོད་ཀྱིས་བོན་གཞུང་དེ་དག་གི་་་ཚིག་དོན་ལ་ཅུང་ཙམ་བརྟགས་ན། ཞང་སྐད་དུ། སད་དོ་སྤུངས་སོ་ཧྲུན་ནོ། ཉེ་ལོ་གྱེར་ཞི་སྤུངས་སོ། ཏི་ཀ་ཟུར་ནམ་ཧྲི་ཡོ། ནེ་སུམ་སད་ནི་གྱེར་རོ། ཞེས་པ་སོགས། ཞང་ཞུང་གི་སྐད་ཡིག་ཀྱང་གྲངས་ལས་འདས་པ་ཞིག་བོན་པོ་རྣམས་ཀྱིས་ད་ལྟ་ཁ་བཏོན་བྱེད་བཞིན་ཡོད་པ་འདིའི་དོན་ཡང་། བསྙེན་པའི་གཞི་མ་སྒོ་དགུ། སྒྲུབ་པའི་ཡན་ལག་བཅོ་བརྒྱད། ལས་ཀྱི་མཐའ་བསྒྱུར་འཕྱོང་ཆེན་སྡེ་དགུ་སོགས། བསྙེན་སྒྲུབ་ལས་གསུམ་ལས་བརྩམས་པའི་སྔགས་དོན་སུམ་ཅུ་སོ་དྲུག་གི་འགྲེལ་བ་མང་དུ་ཡོད་་པས་འདིར་ཞིབ་ཏུ་གཟིགས་ན(མཁས་མཆོག་ནམ་མཁའི་ནོར་བུས)བོད་ཀྱི་རྒྱལ་པོ་རྣམས་ཀྱི་མཚན་དོན་ཞང་བོད་སྐད་གཉིས་ཤན་སྦྱར་ནས་གསལ་བཤད་མཛད་པ་དེ་ལའང་ཡིད་ཆེས་སྐྱེ་བར་མངོན། བོད་སྐད་དུའང་། སྒྲུབ་སྐོར་དེ་དག་གི་བར་མཚམས་དོན་སྒྲུབ་སྐབས་ཀྱི་ཚིག་བཤད་ལས། ང་ནི་ཡེ་ཤེས་ཆེན་པོ་ཉིད། །ང་ནི་སྲ་བརྟན་གཡུང་དྲུང་སྐུ། །ང་ནི་འབར་བ་ཁྲོ་བོའི་མཆོག །ང་ནི་འཆི་མེད་སྐྱེ་ནས་བཙན། །ང་ཡི་གདུག་པའི་སྐད་ཕྱུངས་ན། །ཞེས་པ་སོགས་ཀྱི་དགོངས་དོན་ནི། ཐོས་བསམ་བྱས་མྱོང་བ་ཞིག་གིས་ཐོས་མ་ཐག་ཏུ་གསལ་དག་བརྟན་གསུམ་ཚང་བའི་བསྐྱེད་རིམ་་་་མཚན་ཉིད་པའི་དོན་བརྗོད་བྱར་གནས་པ་ཤེས་ཤིང་། ཐོས་བསམ་བྱས་མ་མྱོང་བ་ཞིག་གིས་ཀྱང་ཐོས་མ་ཐག་ཏུ་སྲིད་ཕྱོགས་ནས་བསམ་བློ་བཏང་ན། ང་རྒྱལ་དང་ལྡན་པའི་སྒོ་ནས་རང་ཉིད་ཀྱི་ཆེ་བའི་ཡོན་ཏན་ཞིག་བརྗོད་པ་རེད་ཅེས་བློ་ངོར་ཤར་ཐུབ་པ་འདིས། ཚིག་དེ་དག་བོད་སྐད་ཡིན་པར་ངེས་ན་ཡི་གེར་བྲིས་པ་བོད་ཡིག་ཡིན་པར་ཐེ་ཚོམ་མི་དགོས་ཏེ། ཨ་ལ་པོའི(Arabia)སྐད་ཡིག་བཞིན་སྲིད་ཕྱོགས་སུ་བཀོལ་མི་རུང་བ་ག་ལ་ཡིན། འདིའི་ཐད་ལ«ཀྲུང་གོའི་བོད་ཀྱི་ཤེས་རིག»༡༩༩༠ལོའི་དེབ་དང་པོའི་སྟེང་གི་ཤོག་ངོས༡༣༩ན། བོད་ཀྱི་ཡི་གེ་བྱུང་ཁུངས་ལ་རགས་ཙམ་དཔྱད་པ་ཞེས་བྲིས་པར། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ལ་བརྟགས་ན་བཙན་བོན་དང་བདུད་བོན་ལ་སོགས་པའི་བརྡོལ་བོན་དེ་དག་ལས། གཡུང་དྲུང་བོན་ལུགས་བྱུང་ཐུབ་པའི་རྨང་གཞི་ཅི་ཡང་མེད་ཅེས་པ་དང་གཅིག ལོ་སུམ་སྟོང་བརྒྱད་བརྒྱའི་སྔོན་ལ་གཤེན་རབ་འཁྲུངས་པ་ཡང་དག་ཡིན་པ་དང་གཉའ་ཁྲིའི་དུས་སུ་གཡུང་དྲུང་བོན་ལུགས་དར་བ་བདེན་ན། བོད་ལ་བཙན་བོན་བདུད་བོན་སོགས་མ་དར་བར་འདོད་དགོས་ཟེར་བ་དང་གཉིས། འདོད་ན་བརྡོལ་བོན་སོགས་ལུགས་སྲོལ་ངན་པ་དག་ཀྱང་གཤེན་རབ་ཀྱིས་སྲོལ་གཏོད་པའི་བོན་གཞུང་ཡིན་པར་འདོད་དགོས་ཞེས་པ་དང་གསུམ་ཡོད་པ་དེ་རེ་རེ་ལ། འདིར་གླེང་མོལ་གྲོས་བསྡུར་གྱི་ཚུལ་དུ་ལན་ཕྱོགས་ཙམ་རེ་ཞུའོ། །
དང་པོ། སྔོན་ལ་ཆོས་ལུགས་གང་དར་བ་དེ་རྗེས་སུ་བྱུང་བའི་ཆོས་ལུགས་དེའི་རྨང་གཞི་ཡིན་དགོས་ན། ཐུབ་པ་མ་བྱོན་གོང་གི་ཕྱི་རོལ་བའི་སྟོན་པ་དུ་མའི་གཞུང་ལུགས་དེ། ཐུབ་པའི་ཆོས་ཀྱི་རྨང་གཞི་ཡིན་པར་ཐལ། སྔ་མ་ཐམས་ཅད་ཕྱི་མའི་རྨང་གཞི་ཡིན་དགོས་པའི་ཕྱིར། རྟགས་ཁས་ཟེར་ན། ལན་ཅི་ཡོད། དེས་ལོག་རྟོག་དང་པོ་ཁེགས། གཉིས་པ། གཉའ་ཁྲིའི་དུས་སུ་གཡུང་དྲུང་གི་བོན་དར་ན། དེ་རྗེས་བརྡོལ་བོན་སོགས་མ་དར་བར་འདོད་དགོས་ན། ཐུབ་པ་བྱོན་རྗེས་རྒྱ་གར་དུ་བརྡོལ་ཆོས་སམ་ཆོས་ལོག་དར་མ་མྱོང་བར་ཐལ། དམ་ཆོས་དར་ཟིན་པའི་ཕྱིར་ཟེར་ན། ལན་ཅི་ལྟར་འདེབས། དེས་ལོག་རྟོག་གཉིས་པ་ཁེགས། གསུམ་པ། སྟོན་པ་གཤེན་རབ་འཁྲུངས་རྗེས་སུ་བྱུང་བའི་བརྡོལ་བོན་ཐམས་ཅད་ཀྱི་བྱེད་པོ་གཤེན་རབ་དང་གཡུང་དྲུང་གི་བོན་ལས་བྱུང་བ་ཡིན་དགོས་ན། ཐུབ་པ་བྱོན་ནས་དམ་ཆོས་དར་བའི་རྗེས་སུ་བྱུང་བའི་ཆོས་ལོག་སྲོལ་ངན་ཐམས་ཅད་བྱེད་པོ་ཐུབ་པ་ཡིན་པ་དང་། དམ་པའི་ཆོས་ལས་བྱུང་བ་ཡིན་པར་ཐལ། སྔ་མ་དེའི་ཕྱིར། དེས་ལོག་རྟོག་གསུམ་པ་ཁེགས། ད་དུང་ལོག་རྟོག་ངན་པའི་བྲག་རི་ལ། ལུང་རིགས་གནམ་ལྕགས་ཐོག་མདའ་ལྟ་བུ་མང་དུ་ཡོད་ཀྱང་། འདིར་བཀོད་ན་རྩོད་པར་འགྲོ་བས་འདི་ཙམ་གྱིས་ཆོག་པར་བྱས་པ་ནི། ལོང་བ་གཡང་སར་འགྲིམས་པ་ལ་མིག་ལྡན་གྱིས་ལག་མགོ་ནས་བཟུང་བ་ལྟར་ལྷག་བསམ་རྣམ་པར་དཀར་པོས་སྨོས་པའོ། །
ཡང་དེའི་ཤོག་ངོས༡༣༩ན། བོད་རྒྱལ་གཉའ་ཁྲི་ནས་རིམ་པར་བྱོན་པའི་རྒྱལ་རབས་རྣམས་ཀྱི་མཚན་དོན། ནམ་མཁའི་ནོར་བུ་ལགས་ཀྱིས་གསུངས་འདུག་པ་ལ་མི་འཐད་པའི་སྒྲུབ་བྱེད་འདི་ལྟར་བཀོད་འདུག བོད་ལ་མིང་འདོགས་སྲོལ་ཡོད་བཞིན་མི་རིགས་གཞན་པའི་སྐད་ཀྱིས་མིང་བཏགས་ཟེར་ཐབས་མེད། ཅེས་་་པར། སྤྱི་ཚོགས་ཐོག་མི་རིགས་གང་གིས་འགོ་ཁྲིད་བྱེད་པ་དང་ཆོས་ལུགས་གང་དར། ཆབ་སྲིད་ཀྱི་རྣམ་པ་ཇི་འདྲར་འདུག དེ་དང་མཐུན་པར་མི་རྣམས་ཀྱི་བསམ་བློ་དང་སྤྱོད་སྟངས། གོམས་གཤིས་སོགས་ཀྱང་དེའི་ཕྱོགས་སུ་རང་ཤུགས་ཀྱིས་་་་འཁོར་ཞིང་། མིང་འདོགས་ཚུལ། སྐད་ཆ་ཤོད་ཚུལ་སོགས་ཀྱང་འགྱུར་ནས་འགྲོ་བ་སྨོས་ཅི་དགོས། དཔེར་ན། རྒྱ་གར་གྱི་ཆོས་དར་བའི་རྗེས་སུ་བོད་མི་བན་དེ་རྣམས་ཀྱིས་བན་དེའི་ལྷ་དང་། ཆོས་གང་རུང་གིས་མིང་འདོགས་པ། འཇིགས་བྱེད། བན་དེ། རྡོ་རྗེ་སོགས་དང་། བོན་པོ་རྣམས་ཀྱིས། ཀུན་བཟང་། བོན་པོ། གཡུང་དྲུང་སོགས་འདོགས་པ་དང་། རྒྱལ་ཁབ་གསར་བརྗེ་དང་བཅོས་བསྒྱུར་བྱས་རྗེས་བོད་མིའི་ནང་ན། གུང་ཁྲན་སྐྱབས། ཀི་མིན་སྐྱབས། བིང་ཧྭ། ཧྭོང་ཆིས་སོགས་བཏགས་ཡོད་པ་དང་། དེར་མ་ཟད། ད་ལྟ་སོག་པོའི་མི་རིགས་རྣམས་མིང་བོད་སྐད་ཁོ་ནས་བཏགས་ཡོད་པ་སོགས་མཐོང་ཐོས་མངོན་གྱུར་མ་ཡིན་ནམ། ཡང་དེར། བོན་ལ་དད་པའི་དབང་གིས་རང་སྐད་ཀྱིས་མིང་མི་འདོགས་པར་ཞང་སྐད་ཀྱིས་བཏགས་་ཟེར་ན། རྒྱལ་པོ་དེ་དག་བླུན་པོ་གཏི་ཐུག་ཅིག་ཏུ་སྨ་ཕབ་པ་ཡིན་ཟེར་བར། འོ་ན་ཐོན་མི་སཾ་བྷོ་ཊ། བོད་ཀྱི་ཡི་གེ་བཟོ་མཁན། བརྡ་སྤྲོད་བྱེད་པོ་དེ་ལ་རྒྱ་གར་སྐད་ཀྱིས་མིང་བཏགས་པ་དེས། བློན་པོ་དེ་བློན་པོ་གཏི་ཐུག་ཅིག་ཏུ་སྨ་ཕབ་པ་ཨེ་ཡིན། ད་དུང་ཐོན་མིའི་བོད་མིང་མི་ཤེས་པར། སཾ་བཟང་པོ་ལ་འཇུག་པས། མིང་ལ་ཀུན་ཏུ་བཟང་པོ་ཟེར་རྒྱུ་རེད། ཅེས་པ་ཨུ་ཚུགས་ཀྱི་རྟགས་མངོན་པ་ལས་མཁས་རྟགས་ཅི་ཡང་མིན། སཾ་ཡང་དག་དང་། བྷོ་ཊ་བོད་ཅེས། བོད་ཡང་དག་ཟེར་རུང་ཙམ་ལ། གང་ལྟར་ཡང་རྒྱ་གར་བས་བཏགས་པ་མ་གཏོགས། རྒྱ་གར་དུ་མ་སོང་གི་རང་མིང་མིན་ངེས་ལ། བོད་ལ་བཀའ་དྲིན་ཆེ་བའི་ཐོན་མིའི་བོད་མིང་མི་ཤེས་པ་དེ་གཏི་་་ཐུག་པ་ཅིག་ཏུ་སོང་བ་ཨེ་ཡིན། སྲོང་བཙན་སྔོན་ལ་བོན་དར་ཡོད་མེད་དང་། བོད་རྒྱལ་རིམ་བྱོན་གྱི་མཚན་ཞང་སྐད་ཡིན་མིན་དང་། མཚན་ཡིག་བྲི་སྲོལ་ཡོད་མེད་ལ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་ཞིབ་འཇུག་བྱས་ཟིན་ནའང་། ད་དུང་དཔྱད་དགོས་ན། ཞང་སྐད་དུ་ཤ་རི་ཨུ་ཆེན་ནམ་བོད་སྐད་དུ་དཔལ་ལྡན་གསང་ཆེན་ཞེས་པའི་སྒྲ་བསྒྱུར་མཁས་པ་ཆེན་པོ་དེ་དག་གིས་མཛད་པའི་ཤ་རིའི་སྒྲ་འགྲེལ་་་སོགས། རྒྱལ་པོས་བཀས་བཅད་ཡང་ཡང་བྱས་རྗེས་རྐྱེན་དབང་སྣ་ཚོགས་ཀྱི་དབང་གིས་དཔེ་དེ་དཀོན་པར་སོང་ནའང་། ཞང་བོད་སྐད་གཉིས་ཤན་སྦྱར་གྱི་གླེགས་་་བམ་རྣམས་སུ་མང་དུ་ཡོད་པས་གཟིགས་རྒྱ་ཆེ་ན་ཤེས་རྒྱའང་ཆེ་བར་འགྱུར་རོ། །
ཡང་ཤོག་ངོས༡༣༩དེར། གནམ་གྱི་ཁྲི་བདུན་རིང་གཡུང་དྲུང་གི་བོན་དར་མེད་པ་ལུང་རིགས་མང་པོས་གྲུབ་ན། གཉའ་ཁྲི་སོགས་ཀྱི་མཚན་ཞང་སྐད་ཡིན་་་སྲིད་དམ། ཞེས་པ་བྱིས་པའི་ཅོལ་གཏམ་དེ། པང་ཀོང་ཕྱག་རྒྱའི་མདོ་དམ་ཆོས་མིན་ཟེར་བ་དང་། བོན་གྱི་རྫོགས་ཆེན་གཡུང་དྲུང་གི་བོན་མིན་ཟེར་བ་བཞིན་ཏེ། རྒྱལ་པོ་ཆེ་བ་ལ་ཏ་བང་(大王)དང་། དཀར་ཡོལ་ཆེ་བ་ལ་ཏ་བན(大碗)ཟེར་བ་རྒྱ་ནག་གི་སྐད་མིན་ཟེར་བ་དང་མཚུངས་སོ། །ཡང་དེར། ཁྲི་སྲོང་ལྡེ་བཙན་ནི་བོན་བསྣུབས་མཁན་ཡིན་པས། ཁོ་ཞང་སྐད་ལ་མི་མོས་པ་སྨོས་མེད་རེད། ཁོང་ལ་ཞང་སྐད་ཀྱི་མཚན་ཡོད་སྲིད་དམ་ཟེར། འོ་ན་མིང་འདོགས་པའི་སྐབས་ནི། རྒྱ་བོད་ཀྱི་མི་རིགས་སུ་ཡིན་ཡང་བྱིས་པ་བཙས་ནས་བདུན་ཕྲག་གཅིག་གམ་ཟླ་གཅིག་མ་ལོན་པའི་སྐབས་དེར་མིང་འདོགས་ལ། རང་མིང་རང་གི་འདོད་དབང་གིས་བཏགས་པ་ག་ལ་ཡིན། མིང་འདོགས་མཁན་པོས་བཙས་མ་ཐག་པའི་བྱིས་པ་དེ་ལ་ཁྱོད་ཆོས་ལུགས་གང་་་་ལ་དད། སྐད་རིགས་གང་ལ་མོས་ཞེས་དྲིས་ན་ངུ་དགོད་ཙམ་བྱེད་པར་བརྟགས་རྒྱུ་མིན་ན། ལན་སྨྲ་ཤེས་སམ། དེ་ཙམ་ལའང་དཔྱད་མི་ཤེས་ན། ཞིབ་འཇུག་བྱེད་པའི་ནུས་པ་ཤིན་ཏུ་ཆུང་། ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེ་སྟོད་ལ་བོན་པོ་ཡིན་པ་དང་མཁན་པོ་བོ་ངྷི་སཏྭས་བློ་བསྒྱུར་བ་ནི་ལོ་རྒྱུས་དུ་མར་གསལ་ལོ། །ཡང་བོན་ཆོས་་་མིང་ཙམ་མ་བྱུང་གོང་མིང་འདོགས་སྲོལ་ཡོད་ཟེར་བ་ནི་བདེན་ཏེ། ཐུབ་པའི་སྔོན་ལ་བོད་མི་ཡོད་པ་དང་མིང་འདོགས་སྲོལ་ཡོད་ཅེས་བཤད་ན། བོན་པོའི་ལུགས་ལ་མི་འགལ་ཡང་། བན་དེའི་ལུགས་ཅི་འདྲར། མིང་འདོགས་ཚུལ་སྔར་ནས་ཡོད་ཅེས་པར་དཔྱད་སླ་སྟེ། ཀ་བ་བུམ་པ་སོགས་ཀྱི་མིང་དུས་ནམ་ཞིག་བཏགས་དཔྱད་པས་དགོས་པ་ཆུང་ལ། མིའི་མིང་འདོགས་ཚུལ་དང་བོད་མིའི་མིང་འདོགས་ཚུལ་ཞེས་ཞིབ་ཆ་ཕྱེས་ན། མང་བཀུར་རྒྱལ་པོའི་མིང་དེ་མི་རྣམས་ཀྱིས་བཏགས་པ་ཡིན་ཡང་མི་རིགས་གང་དུ་གཏོགས། སྐད་རིགས་གང་གིས་བཏགས་དཔྱད་ཤེས་ན་ལེགས་སོ། །བོད་མིའི་མིང་ཐོག་མར་སུ་ཡིས་བཏགས་ན། བན་དེ་ལུགས་ལྟར་ན། སྤྲེའུ་དང་བྲག་སྲིན་གཉིས་ཀྱི་སྐད་རིགས་བོད་སྐད་ཡིན་ནམ་དེར་བརྟག་དགོས། བོན་ལུགས་ལྟར་ན། འཛམ་གླིང་ཁྲི་ཤེས་དཀར་པོའི་རྒྱུད་ལ་མི་རིགས་དྲུག་བྱུང་བ་མཆེད་ཟླ་ཡིན་པས། མི་རིགས་ནམ་བྱུང་ན་སྐད་རིགས་རེ་ཡོད་ལ་ལྐུགས་པ་ལྟར་གནས་པ་མ་ཡིན་ཡང་། ཡི་གེ་ནི་མི་རིགས་དར་བའི་ཐོག་མ་ནས་མིན་པར་རིག་གནས་དར་བའི་ཐོག་མར་བྱེད་དགོས་པར་སྙམ་མོ། །འོན་ཀྱང་སྐད་ཡིག་གོང་འཕེལ་ལམ་འགྱུར་བ་རིམ་པར་བྱུང་བ་སྨོས་མ་དགོས་ཏེ། ད་ལྟའི་མི་རབས་འདིར་ཡང་འགྱུར་ལྡོག་བྱུང་བཞིན་པ་ལྟར་རོ། །དེས་ན། སྲོང་བཙན་སྔོན་ལ་ཡོད་པའི་སྐད་ཡིག་དེ། ད་ལྟའི་འདི་མ་ཡིན་པར་སྐད་རིགས་གཞན་དང་ཡིག་གཟུགས་གཞན་པ་ཞིག་ཡོད་ཟེར་བ་ག་ལ་ཡིན། དེ་ཕྱིར་ཆེས་རྙིང་བའི་ཤོག་ཧྲུལ། བྲག་ལ་ཡི་གེ་ཡོད་པ་ལ་ལས་རང་བྱོན་ཡིན་ཟེར་བ་སོགས་སྲོང་བཙན་སྔོན་གྱི་ཡི་གེ་མིན་པར་མ་ངེས་ཏེ། ལ་ལར་ཐོན་མིའི་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན། མིང་ཚིག་རྣམ་དབྱེ་ཕྲད་སྦྱོར་ཚུལ་སོགས་ཆེས་མི་འདྲ་བར་གོ་མི་ཐུབ་པའི་བརྡ་ཁྱད་མང་དུ་ཡོད་པས་སྲོང་བཙན་སྔོན་གྱི་ཡི་གེ་ཡིན་ཡང་སྲིད་དེ། མིན་ཞེས་ཐག་གཅོད་མི་ནུས་སོ། །
ཡང་ཤོག་ངོས༡༤༠དེར། བོད་ཡིག་གི་ཕྱི་མོ་ཞང་ཡིག་ཅེས་པ་ནས་ཞང་སྐད་དུ་བསྒྱུར་དགོས་པར་འགྱུར་རོ། །ཞེས་པའི་བར་དེ། མཐོང་མ་ཐག་ཏུ་ཞང་བོད་ཀྱི་ལོ་རྒྱུས་ཅུང་ཙམ་ཐོས་མ་མྱོང་བའི་རྟགས་མངོན་པ་ལས། དཔྱད་པ་གནད་དུ་ཐེབས་པ་ཅི་ཡང་མེད། སྟག་གཟིག་གམ་རྟག་གཟིགས་ཞེས་པ་ཤམ་བྷ་ལ་འོལ་མོའི་གླིང་ཡིན་ཏེ་ཞང་ཞུང་ཕུག་པ་ཡིན། དབྱི་ལིང(Iran)གཞན་ངོས་འཛིན་ཚུལ་ཡོད་དེ། ཞང་ཞུང་བར་བ་ཨོ་རྒྱན་ཡུལ། སྒོ་བ་ཁྱུང་ལུང་དངུལ་མཁར་སོགས་ནང་གསེས་ཀྱང་སྒོ་ཕུག་བར་གསུམ་ཡོད་དེ། དཔེར་ན། བོད་ཅེས་པ་འདི། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་པ་ཐམས་ཅད་བོད་དུ་ངོས་བཟུང་ཆོག་ལ། ཕྱིས་སུ་བོད་དང་བོད་ཆེན་པོ་ཞེས་སུ་འབོད་པ་བཞིན་ནོ། །སྐད་རིགས་ཀྱང་མི་མཐུན་ལ། ཡིག་རིགས་ཀྱང་སྤུངས་སོ་ཆེ་ཆུང་། སྨར་ཡིག་ཆེ་ཆུང་སོགས་མི་མཐུན་པ་ཡོད། ད་ལྟ་བོན་གྱི་ལྷ་ཁང་རྙིང་བ་དང་དཔེ་རྙིང་རྣམས་སུ་ཡིག་གཟུགས་དེ་དག་གིས་བྲིས་པའི་གཟུངས་སྔགས་སོགས་་མང་དུ་ཡོད། སྐད་རིགས་ཀྱང་ཞང་ཞུང་གི་ཡུལ་སོ་སོར་དར་བའི་སྔགས་རྣམས་་་སྐད་མི་མཐུན། ཕུག་པའི་སྐད་གོ་མི་ཐུབ། སྒོ་བའི་སྐད་བོད་སྐད་འདྲེས་མར་ཡོད་པ་ད་ལྟ་བོན་གཞུང་རྣམས་ན་འདོན་རྒྱུ་མང་དུ་ཡོད་པ་ལས་ཤེས་སོ། །བོན་སྒོ་བརྒྱད་ཁྲི་བཞི་སྟོང་རྣམས་ཤམ་བྷ་ལ་ནས་ཞང་ཞུང་བར་བའི་སྐད་དུ་བསྒྱུར། དེ་་ལས་བོད་སྐད་དུ་བསྒྱུར་བ་སོགས་ལ་འགལ་བ་ཅི་ཡང་མེད་དོ། །རྒྱ་གཞུང་བོད་འགྱུར་མ་རྒྱ་ནག་ཏུ་བསྒྱུར་ན་སུམ་བསྒྱུར་བཏགས་ཆོག་པ་བཞིན་ནོ། །ཞང་ཞུང་ལ་སྐད་རིགས་གཉིས་དང་ཡི་གེ་རིགས་འགའ་རེ་ཡོད་ན་སྐྱོན་མེད་དེ། རྒྱ་གར་ན་སྐད་རིགས་དུ་ཡོད། ཡིག་རིགས་ཅི་ཙམ་ཡོད། ཤམ་བྷ་ལའི་སྐད་ཡིག་དང་རྒྱ་གར་སྐད་ཡིག་ལ་ཁྱད་ཅི་ཡོད། རྒྱ་གར་ལཉྫ་དང་ཝརྟུ་ནི། དུས་སྔ་མོའམ་ད་ལྟ་སྲིད་ཕྱོགས་སུ་བཀོལ་ཚུལ་ཇི་འདྲ་ཡིན་ལན་གནང་བར་ཞུ། ཞང་ཞུང་བོད་ཀྱི་མངའ་ཞབས་སུ་བསྡུས་ནས་གཅིག་གྱུར་བྱུང་བ་ཆེས་སྔ་བས། ད་ལྟ་ཞང་སྐད་ཡི་གེ་སོགས་བཀོལ་་ཐུབ་པ་དཀོན་པར་གྱུར་བ་འདི་རྐྱེན་དབང་སྣ་ཚོགས་ཀྱིས་ཡིན་ལ། རྒྱ་གར་དང་་བོད་ནི་དམ་ཆོས་དར་བ་ལ་བརྟེན་ནས་འབྲེལ་བ་མ་ཆད་ནའང་། ད་ལྟ་རྒྱ་གར་གྱི་ལཉྫ་ཝརྟུ་བོད་ཀྱི་སྐད་ཡིག་བཞིན་བཀོལ་ཐུབ་པ་ཉུང་བ་འདི་གཞན་གྱིས་བསྣུབས་པ་དང་། བཙན་ཤེད་ཀྱིས་བཀས་བཅད་དེ་བཀོལ་མ་ནུས་པ་སོགས་ཀྱི་རྐྱེན་ཅི་ཡང་མ་བྱུང་བར་ངེས་ཏེ། བོད་ཡིག་གི་ཕྱི་མོར་འདོད་པ་རྣམས་ཀྱིས་རྩིས་ཆེན་བྱེད་པ་དང་། རང་གི་སྐད་ཡིག་ལས་ཕྱི་རྒྱལ་གྱི་སྐད་ཡིག་དང་པོར་འཇོག་པའི་སྲོལ་དར་ནའང་བསླབ་འབྲས་ཉུང་བར་སེམས་སོ། །
ཡང་ཤོག་ངོས༡༤༡ན་སྟོང་རྒྱུང་མཐུ་ཆེན་དང་ཤ་རི་དབུ་ཆེན་གྱི་ལོ་ཚིགས་གུང་བསྒྲིགས་ན་དོགས་གཞི་མང་། ཞེས་པར། ལོ་ཚིགས་དོགས་གཞི་མང་ས་ནི་ཆེས་མི་ཉུང་བ་ཞིག་མཆིས་ཏེ། བོན་པོའི་ལུགས་དང་བན་དེའི་ལུགས་གཉིས་མི་མཐུན། བན་དེའི་ལུགས་ལའང་བཞེད་པ་མི་མཐུན་པ་ཆེས་མང་བས། ལ་ལ་དོགས་གཞི་ཡོད། ལ་ལར་དཔྱད་གཞི་ཆེ་སྟེ། འདི་ནས་ཕྱོགས་ཙམ་ཞུ་ན། བོན་པོའི་ལུགས་ལ། གཉའ་ཁྲི་བོད་ཀྱི་རྗེ་བོར་བྱོན་ནས་རབ་བྱུང་བཅུ་བདུན་པའི་བགྲང་བྱ་དྲུག་པ་ཆུ་་སྤྲེལ་བར་ལོ༣༡༢༨སོང་བ་ལྟར་ན། ཤིང་བྱི་ལོར་གཉའ་ཁྲི་རྒྱལ་པོར་བྱོན་ནས་ལོ༦༣སྐབས་ཀྱི་མེ་སྟག་ལ་སྲས་མུ་ཁྲི་འཁྲུངས། མུ་ཁྲི་དགུང་ལོ༩༩སྐབས་ཀྱི་ཤིང་འབྲུག་ལ་སྟོང་རྒྱུང་འཁྲུངས། སྟོང་རྒྱུང་དགུང་ལོ༡༠འམ་མུ་ཁྲི་དགུང་ལོ༡༠༨ཀྱི་ཆུ་གླང་ལ་སྲས་དིང་ཁྲི་འཁྲུངས། དེ་ནས་ལོ༨ཀྱི་ལྕགས་སྤྲེལ་ལ་ཤཱཀ་ཐུབ་འཁྲུངས(འདི་ཕུག་ལུགས་ཡིན)། འདི་བན་དེའི་ལུགས་ལ་ཐུབ་པ་མི་ལོ༨༡ལས་མ་བཞུགས་པར་འདོད་པའི་ལུགས་ལྟར་བྱས་པའོ། །བོན་ལུགས་ལ་ཐུབ་པ་མི་ལོ༨༢༠ལ་བཞུགས་པར་འདོད་ཀྱང་། གཞན་གྱིས་གཙིགས་སུ་མི་འཛིན་པས་བོན་པོ་རྣམས་ཀྱང་བན་དེའི་ལུགས་ལ་ཐུབ་པའི་འཁྲུངས་ལོ་མི་མཐུན་པ་མང་དུ་ཡོད་པ་དེ་དག་གང་རུང་གི་རྗེས་སུ་འབྲང་ཙམ་མོ། །
དེ་ཡང་དཔྱད་གཞིར་ཅུང་ཙམ་ཞུ་ན། ཨ་ཏི་ཤའི་ལུགས་ལ་ཐུབ་པ་ཤིང་་་གླང་ལ་འཁྲུངས་པར་འདོད་པ་དང་། དེ་ཡང་མཁས་པ་ལ་ལས་ཨ་ཏི་ཤ་མིན། སྟོད་ལུང་ཇོ་བོ་ཡིན་ཟེར་བའང་ཡོད། ས་པཎ་གྱི་ལུགས་ལ་ཐུབ་པ་ས་འབྲུག་གི་ལོར་འཁྲུངས་པར་འདོད། རྒྱ་ནག་ལུགས་ལ་ཤིང་སྟག ཕུག་ལུགས་ལ་ལྕགས་སྤྲེལ། བུ་སྟོན་དང་མཁས་གྲུབ་རྗེའི་ལུགས་ལ་མེ་རྟ། སྟག་ལོ་དང་མཚུར་ཕུའི་ལུགས་ལ་ཤིང་བྱིར་འདོད། རས་ཆུང་བའི་ལུགས་ལ་རབ་བྱུང་བརྒྱད་པའི་མེ་སྤྲེལ་ཡན་ལ་སྟོན་པ་འདས་ནས་ལོ༣༤༥༨འདས་ཟེར་བའང་ཡོད་པ་སོགས་ལ་གཞིག་ན། ཅི་འདི་དུས་སྔ་མོ་ནས་རྒྱ་གར་ན་བསྟན་པ་ཡོད་ཅིང་ཡི་གེ་མ་ཉམས་པ་དང་། གཏད་རབས་དང་བཀའ་བསྡུ་བ་བོ་རྣམས་ནས་བརྒྱུད་པའི་སློབ་མ་རྗེས་འབྲང་དང་བཅས་པ་དེ་འདྲ་ཞིག་བཞུགས་པའི་འཕགས་པའི་ཡུལ་དེ་ན་ཆ་རྐྱེན་འཛོམས་དྲག་ནའང་། ཤཱཀྱ་ཐུབ་པའི་འཁྲུངས་ལོ་ལ་འདི་འདྲ་མི་མཐུན་པ་མང་པོ་བྱུང་བ་མཚར། ཕལ་བས་་གཞལ་ནུས་མིན་ཡང་འཕགས་པའི་གཞལ་ནུས་ཆོག་སྙམ་མོ། །གོང་བཤད་ལྟར་བོན་པོ་རྣམས་ཐུབ་པའི་འཁྲུངས་ལོ་ཕུག་ལུགས་ལ་ཁུངས་བཅོལ་བ་ལྟར་ན། ཐུབ་པ་དགུང་ལོ༣༥སྟེ་མེ་རྟ་ལ་དྲན་པ་ནམ་མཁའ་འཁྲུངས། དྲན་པ་དགུང་ལོ༢༧གྱི་ཆུ་སྤྲེལ་ལ་སྲས་ཚེ་དབང་དང་པདྨ་མཐོང་གྲོལ་གཉིས་འཁྲུངས(འདི་པད་འབྱུང་མངལ་སྐྱེས་ཚུལ་བསྟན་པ་ཡིན)། དེ་ནས་ལོ༡༢འདས་པའི་ཤིང་སྤྲེལ་ལ། སིནྡྷུའི་མཚོའི་པད་སྡོང་ལས་རྙེད་པས། པདྨ་འབྱུང་གནས་མཚན་ཐོགས་པ་རྫུས་སྐྱེས་ཚུལ་བསྟན(འདི་བན་དེའི་ལུགས་ལ་འཁྲུངས་ལོར་བཞེད)། དེ་ལྟར་བོན་ལུགས་ཁོ་ནའི་དབང་དུ་བྱས་ན་ཁྲི་སྲོང་ལྡེའུ་བཙན་འཁྲུངས་སྐབས། སྟོང་རྒྱུང་དགུང་ལོ༡༦༩༡ཡིན། དྲན་པ་ནམ་མཁའ་དགུང་ལོ༡༦༣༢ཡིན། ཚེ་དབང་དང་པད་འབྱུང་དགུང་ལོ༡༦༠༦ཡིན་པས། པད་འབྱུང་དགུང་ལོ༡༦༢༦སྐབས་སླར་བོད་དུ་སྤྱན་དྲངས་པ་ལྟར་བྱོན་པ་ཡིན། དེས་ན་གཉའ་ཁྲི་ནས་སྲོང་བཙན་བར་ལོ༡༧༠༥ཡོད་པས། དེ་རྒྱལ་རབས༣༢ལ་ཆ་མཉམ་བྱས་ན་ལོ༥༣རེ་དང༩ལྷག དེའི་ནང་དུ་གཉའ་ཁྲི་བྱོན་ནས་ལོ༦༢སྐབས་མུ་ཁྲི་འཁྲུངས་པ་དང་། མུ་ཁྲི་འཁྲུངས་ནས་ལོ༡༠༨ལ་དིང་ཁྲི་འཁྲུངས་པ་དང་། ཐོ་རི་སྙན་བཙན་ལོ༡༡༩བཞུགས་པ་སོགས་ཞིབ་རྩིས་བྱས་ན་རྒྱལ་རབས་རྣམས་ལ་ལོ་གྲངས་དེ་ལས་ཀྱང་ཉུང་ངུར་འགྲོ་བ་སྨོས་མ་དགོས། ཡང་བན་དེའི་ལུགས་ལྟར་བྱས་ན། ཐུབ་པ་འཁྲུངས་ནས་གཉའ་ཁྲིའི་བར་ལོ༨༣༤ཡོད། གཉའ་ཁྲི་ནས་ཐོ་རི་བར་ལོ༥༠༠ཡོད་པས། དེ་རྒྱལ་རབས༢༧ལ་ཆ་མཉམ་བྱས་ན་ལོ༡༨རེ་དང༢༤ལྷག དཔའ་བོ་གཙུག་ཕྲེང་དང་སུམ་པའི་ལུགས་ལ་རྒྱལ་རབས༢༧ལ་ལོ༦༦༠ཡོད་པས་་རྒྱལ་རབས་རེ་ལ་ཆ་མཉམ་ལོ༢༤རེ་དང༡༢ལྷག ས་ཆེན་གྲགས་པའི་ལུགས་ལ་་་རྒྱལ་རབས༢༧ལ་ལོ༦༦༦ཡོད་པས། དེ་ཡང་ཆ་མཉམ་བྱས་ན༢༤རེ་དང༡༨ལྷག ཐོ་རི་ལོ༡༡༩ལ་བཞུགས་པར་དཔྱད་ན། བོད་རྒྱལ་སྔ་མ་རྣམས་ཀྱང་སྐུ་ཚེ་རིང་བ་ཅན་ཡོད་པ་ནི་མུ་ཁྲིའི་དགུང་གྲངས་ཀྱིས་ཀྱང་ཤེས་ལ། དེས་ན་རྒྱལ་རབས་རེར་ལོ༡༨ནས༢༠ལྷག་འདི་ཉུང་བར་སེམས་པས། ཞིབ་འཇུག་པ་རྣམས་ཀྱིས་དཔྱད་གཞིར་སྣང་སྟེ། ལོ་སྟོང་ཕྲག་སྔོན་གྱི་མིའི་བང་སོ་ལས་རུས་པ་མཐོང་ན་ད་ལྟའི་མིའི་ལུས་ཚད་ལས་ཆེ་བ་མངོན་སུམ་མཐོང་རྒྱུ་ཡོད་པས། ཚེ་ཡང་དེའི་ཚོད་ཀྱིས་རིང་བ་ཤེས་སོ། །འོ་ན་བོན་ལུགས་ཀྱི་གཉའ་ཁྲི་བྱོན་ལོ། ཕུག་ལུགས་ཐུབ་པའི་སྔོན་ཡིན་པ་ལ་བཀའ་བཀྱོན་གནང་མི་དགོས་ཏེ། བོན་ལུགས་ཀྱིས་ཐུབ་པ་དགུང་ལོ་༨༠༠ལྷག་བཞུགས་པར་འདོད་པ་ལྟར་བྱས་ན། ཐུབ་པ་འཁྲུངས་ནས་གཉའ་ཁྲིའི་བར་ལོ༨༠༠ལྷག་ཡོད་པ་ནི། བན་དེ་ལུགས་ཀྱི་ཐུབ་པ་འཁྲུངས་ནས་གཉའ་ཁྲིའི་བར་ལོ༨༣༤ཡོད་པ་དང་ཅུང་འགྲིག་སྙམ་པས། འདི་ཁོ་བོས་དཔྱད་གཞིར་ཞུས་པ་ཙམ་ལས་མཁས་པ་སྔ་མ་རྣམས་ཀྱིས་གླེང་བསླང་ཙམ་མ་མཛད་ནའང་། ཐུབ་པ་དགུང་ལོ༨༠༠ལྷག་ལ་བཞུགས་པར་འདོད་པ་ལུང་རིགས་གཉིས་དང་ཆེས་མི་མཐུན་་པ་ཡང་མ་ཡིན་ཏེ། ཚེ་ལོ་བཅུ་བར་བྱམས་མགོན་སྤྲུལ་བ་འབྱོན་ན་ཡང་། བཅུ་བའི་མི་རྣམས་ཀྱི་ཚེ་ཚད་དང་ལུས་ཚད་ལ་ཆེས་ཁྱད་དུ་འཕགས་པར་བྱོན་ན་གདུལ་བྱར་འགྱུར་བ་ལུང་གིས་གསལ་ལ། ཚེ་ལོ་བརྒྱ་བའི་སྐབས། མི་ལོ་ཉིས་སྟོང་སུམ་བརྒྱར་བསྡད་པའི་མི་དེ་རྣམས་བསོད་ནམས་ཙམ་ལས་ཚེ་ཡི་རིག་འཛིན་སྒྲུབ་པའམ་་གྲུབ་རྟགས་གཞན་ཅི་ཡང་མིན་ཏེ། ད་ལྟ་ཚེ་ལོ་བཞི་བཅུ་ཁ་རལ་དུས། མི་རྒན་ལོ་བརྒྱད་ཅུ་དགུ་བཅུར་བསྡད་པ་མང་ལ་བརྒྱ་ལྷག་ཏུ་བསྡད་པའང་མཐོང་ཐོས་སྲིད་པ་དང་། ཐུབ་པ་དང་གཤེན་རབ་རྗེས་འབྲང་དག་ལོ་སྟོང་ཕྲག་ལྷག་དང་། བརྒྱ་ཕྲག་དུ་མར་བཞུགས་པ་མང་པོ་ཡོད་པས་རིགས་པས་ཀྱང་འགྲུབ་བོ། །དེས་ན་འདས་ལོ་སུམ་སྟོང་ཡར་སྔོན་ཐུབ་པ་དགུང་ལོ༨༠ལས་མ་བཞུགས་ན། བསྟན་ལ་་དབང་ཟ་བའི་སྙིགས་དུས་འདིར། བོན་པོ་རྣམས་ཀྱིས་ཆེན་པོར་མ་སྨོས་ནའང་བསྟན་རྩིས་ལ་ལར་འཕགས་པའི་སྐུ་ཚེ་ཐུང་སྐྱོན་འཇུག་ཅེས་པའི་རྣམ་འགྱུར་ཙམ་རེ་བསྟན་ཡོད། ཅེས་པ་རྣམས་ནི་ལོ་ཚིགས་གུང་བསྒྲིགས་ན་དོགས་གཞི་མང་ཞེས་པར་བདེན་དོན་ཡིན་ཚུལ་བཤད་པ་ལས་འཕྲོས་པའོ། །
ཡང་ཤོག་ངོས༡༤༡དེར། ཡི་གེ་ནི་དང་པོར་སངས་རྒྱས་ཀྱིས་མཛད་ཅེས་པར་མི་འཐད་པའི་རྣམ་འགྱུར་ཙམ་སྨོས་པ་དང་གཅིག མི་རིགས་མི་གཅིག་པ་གཉིས་ཀྱིས་དབྱངས་གསལ་འདྲ་མཚུངས་ཀྱི་ཡི་གེ་ཞིག་བཀོལ་ཐབས་མེད་ཅེས་པ་དང་གཉིས། སྲོང་བཙན་སྔོན་ནམ་རྗེས་སུ་ཞང་ཡིག་ཆོས་སྲིད་གཉིས་ཀར་བཀོལ་སྤྱོད་བྱས་མིན་ཐད་དཔྱད་མ་བཟོད་པ་དང་གསུམ། ཞང་ཞུང་གི་མི་རིགས་མ་ཉམས་ན་ཞང་ཡིག་ནུབ་མི་སྲིད་ཅེས་བཤད་པ་དང་བཞི་བོ་རེ་རེའི་ཐད་ཞིབ་འཇུག་ཅུང་བྱས་ན་འདི་ལྟར། (༡) ཡི་གེ་སངས་རྒྱས་ཀྱིས་མཛད་པར་ཁོ་བོ་ཡིད་ཆེས་ཡོད་དེ། གོང་དུ་དྲངས་པའི་ལུང་དང་སངས་རྒྱས་རྗེས་འབྲང་གི་མཁས་པ་དག་གིས་ཀྱང་ཡི་གེ་བཟོས་གྲུབ་པ་མངོན་སུམ་ལགས་ཕྱིར་རིགས་པས་ཀྱང་གྲུབ་བོ། ། (༢) མི་རིགས་མི་གཅིག་པའི་ཡི་གེ་འདྲ་མཚུངས་ཡིན་མི་རུང་བ་རང་གི་ཁས་ལེན་ལ་འགལ་བ་ལས་སྐྱོན་མེད་དེ། ཡི་གེ་ཐོན་མིས་བཟོས་པ་ལྟར་བྱས་ན་ཡང་། ཡི་གེ་དྲུག་མ་གཏོགས་རྒྱ་གར་གྱི་དབྱངས་གསལ་དཔེར་བླངས་ནས་འདྲ་མཚུངས་སུ་བཅོས་པར་ཁྱོད་འཐད་པའི་ཕྱིར། འོན་ཀྱང་མི་རིགས་མི་གཅིག་པ་དུ་མས་ཡིག་རིགས་གཅིག་སྲིད་ཕྱོགས་སུ་བཀོལ་བཞིན་པ་ད་ལྟ་མངོན་གསལ་ལོ། ། (༣) སྲོང་བཙན་སྔོན་ལ་ཞང་བོད་ཡིག་རིགས་རྣམས་ཆོས་སྲིད་གཉིས་ཀར་བཀོལ་ཡོད་པར་མ་ཟད། ཞང་ཞུང་བས་བོད་ཀྱི་སྐད་ཡིག་དང་བོད་པས་ཞང་ཡིག་ཀྱང་བཀོལ་ཡོད་པ་ནི། སྒྲ་བསྒྱུར་མཁས་པ་དུ་མས་ཞང་བོད་སྐད་གཉིས་ཤན་སྦྱར་གྱི་གཞུང་མང་དུ་ཡོད་ལ། ད་ལྟ་བོན་གྱི་བཀའ་འགྱུར་དཔེ་རྙིང་པོད༡༦༠ཙམ་ཡོད་པའི་དབུ་དུམ་ནང་སྲིད་པའི་མཛོད་ཕུག་ཆེན་མོར་བལྟས་པ་ཙམ་གྱིས་ཀྱང་ཤེས་ཏེ། ད་ལྟ་ཞང་ཞུང་གི་སྐད་ཡིག་མཐོང་ཐོས་མི་ཐུབ་པ་ག་ལ་ཡིན། (༤) མི་རིགས་མ་ཉམས་ན་སྐད་ཡིག་ཉམས་རྒྱུ་ཡོད་སྲིད་དེ། དཔེར་ན། ད་ལྟ་སོག་པོའི་མི་རིགས་ཁོ་ནར་ངེས་ན་ཡང་། སོག་ཡིག་ཕར་ཞོག སོག་སྐད་ཀྱང་གཏན་ནས་མི་ཤེས་པ་ཡོད་པ་འདི་ཡང་། འཁྲུགས་རྐྱེན་དང་སྤྱི་ཚོགས་ཀྱི་རྣམ་པ་འགྱུར་བས་ཡིན་ཏེ། མདོར་བཤད་ན། འདུས་བྱས་སོ་ན་མི་གནས་པའི་རང་གཤིས་ལགས་སོ། །མི་རིགས་འགྱུར་ན་ཡང་དེ་ལྟར་ཡིན་ཏེ། དང་པོ་བོད་རིགས་ཧོས་རིགས་སུ་གྱུར་བ་ཕྱོགས་ཀུན་ཏུ་མང་བས་དུས་རབས་གཅིག་ཙམ་ན་བོད་ཡིག་མི་ཤེས་ཤིང་བོད་སྐད་ཤེས་པ་དང་། ཡུན་རིང་ན་བོད་སྐད་ཀྱང་མི་ཤེས་ཤིང་། དང་པོ་བོད་རིགས་ཡིན་པ་བཤད་ཤེས་པ་ཙམ་མོ། །
ཡང་ཤོག་ངོས༡༤༢ན་བཙན་པོའི་རྒྱལ་རབས་དུས་སུ་ཆོས་སྲིད་གཉིས་ཀར་བཀོལ་མྱོང་བའི་ཡི་གེ་མེད་པ་མངོན་སུམ་གྱིས་གྲུབ། ཅེས་དང་། བོན་གྱི་བསྟན་བཅོས་ཞང་སྐད་ལས་བོད་སྐད་དུ་བསྒྱུར་མྱོང་མེད་པ་རྗེས་སུ་དཔོག ཅེས་པར། བསྐྱར་ཟློས་མི་བྱ་སྟེ། གོང་དུ་བཤད་པས་མངོན་སུམ་རྗེས་དཔག་གི་ཚད་མའི་རིག་པ་ནམ་མཁའི་མེ་ཏོག་གི་སྤུན་ཟླར་གྱུར་ཟིན་ཏོ། །ཡང་དེའི་ཤོག་ངོས༡༤༣ན། པདྨ་བཀའ་ཐང་གི་ལུང་དྲངས་པ་སོགས་བོན་པོས་ཁས་མི་ལེན་ཏེ། བན་དེ་ནང་ནའང་བྲག་སྒོ་རབ་འབྱམས་པ་སོགས་ཀྱིས་བཀའ་ཐང་སྐྱོན་བརྒྱ་མ་ཞེས་སློབ་དཔོན་པདྨའི་གསུང་ཁོ་ན་མིན་ངེས་ལ། ཕྱིས་སུ་གང་ཟག་གི་འདོད་དབང་གིས་བཅོས་བསླད་མང་བས་ཡིད་རྟོན་མི་བྱེད་ཟེར་རོ། །འོ་ན་པད་འབྱུང་གསུང་ལ་བསླད་བཏབ་པར་དགོས་པ་ཡོད་དམ་ཞེ་ན། ཡོད་དེ། མཁན་པོ་བོ་ངྷི་སཏྭའི་ཐུགས་བཞེད་རྒྱལ་པོས་དང་དུ་བླངས་ནའང་། སྔར་རང་གི་རྒྱལ་ཁབ་ནང་ན་ནང་ཆོས་བོན་དར་ཡོད་པའི་དབང་གིས། རྒྱ་གར་གྱི་ཆོས་དར་བ་ལ་འགལ་རྐྱེན་མང་དུ་བྱུང་བས་རྒྱལ་བློན་མཁན་གསུམ་བཀའ་བགྲོས་ཏེ། བོན་ནི་ནང་བ་མིན་ཚུལ་དང་ངན་སྨྲ་སྐུར་འདེབས་མང་དུ་བྱས་ནས་བསྒྲགས་ཅི་ཐུབ་དང་། རྒྱ་གར་གྱི་ཆོས་འདི་ནང་བ་ཡིན་ཞེས་ཆེ་བ་བརྗོད་ཅི་ཐུབ་བྱས་པ་ལུང་རིགས་དུ་མས་དཔྱད་སླ། འོ་ན་སློབ་དཔོན་པདྨས་དེ་འདྲར་མ་གསུངས་སམ་ཞེ་ན། སློབ་དཔོན་གྱིས་གཡུང་དྲུང་གི་བོན་ལ་སྐུར་བ་བཏབ་པ་ཅི་ཡང་མེད་དེ། བླ་ཆེན་དྲན་པའི་སྲས་ཡིན་པ་དང་། རྒྱ་གར་གྱི་ཆོས་དར་བའི་དུས་ལ་བབ་པར་གཟིགས་པ་དང་། ཆོས་དར་ན་ཡང་བོན་མི་ནུབ་པར་མཁྱེན་པ་དང་། བོན་ལ་དག་ཐེར་མཛད་དེ། ལོག་པའི་བོན་དང་འདྲེས་པ་ཐམས་ཅད་བསྣུབས། ཡང་དག་པ་གཡུང་དྲུང་གི་བོན་གཏེར་དུ་སྦས། སྐྱེ་འཆི་དང་འབྱུང་བཞི་རང་དབང་ཐོབ་པ་རྣམས་ཞིང་གཞན་དུ་གཤེགས་པར་མཛད། བོན་ཆུང་རྣམས་ཡུལ་གཞན་དུ་སྤྱུགས། བོད་ཀྱི་བརྟན་མ་བཅུ་གཉིས་དང་བོན་བསྟན་སྐྱོང་བར་ཞལ་གྱིས་བཞེས་པའི་མཐུ་ཆེན་ཡུལ་ལྷ་རྣམས་ཐུགས་ཁྲོས་ཏེ། རྒྱལ་པོར་བསྙུང་གཞི་བྱུང་བར། སྟོང་རྒྱུང་མཐུ་ཆེན་སོགས་ཀྱིས་སྲིད་པའི་བརྔན་བསང་ཆེན་མོ་མཛད་ནས་ཅུང་ཙམ་བཞུགས་དགོས་བྱུང་། སློབ་དཔོན་པདྨས་ཀྱང་ཐུབ་པའི་ཆོས་ལ་རྒྱུ་བོན་མེད་ན་ཡང་། བོན་ལུགས་དང་མཐུན་པར་གཏོ་མདོས་ཀྱང་འགའ་རེ་གསུངས། སློབ་དཔོན་དྲན་པ་ནམ་མཁའ་ཡང་སྲས་པད་འབྱུང་གི་ཐུགས་དགོངས་ལྟར། དགོས་པའི་དབང་གིས་ནན་དུ་བན་དེའི་ཆོས་ལ་ཞུགས་པའི་ཚུལ་གྱིས་རྗེ་འབངས་ཉེར་ལྔའི་ནང་དུ་བཞུགས་པ་སོགས་བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་ཆེན་པོ་གནང་མཐར། ཡུལ་མདོ་སྨད་རེབ་གོང་དུ་བྱོན་ནས་གྲུབ་གནས་་་དང་དགོན་སྡེ་བྱིན་རླབས་མཛད། ཁྱད་པར་ཨ་བ་ངོས་བཟང་གི་དགོན་པ་བཏབ་ནས་སློབ་ཚོགས་བསྐྱངས་པས་སྒྲུབ་སྡེ་མང་དུ་འཕེལ། གྲུབ་རིགས་དུ་མ་བྱོན། བོན་བསྟན་སྒྲུབ་སྡེའི་སྲོལ་ད་ལྟའི་བར་མ་ཉམས་པར་གནས་ཞེས་སོ། །འདི་ཡང་དྲན་པ་ཡབ་སྲས་ཀྱི་མཛད་རྗེས་བླ་ན་མེད་པའོ། །
དེའི་ཕྱིར་བོན་ལུགས་ལ། ཐུགས་ཀྱི་བསྟན་པའི་བདག་པོ་བོན་སྟོན་དྲན་པ་ནམ་མཁའ་ཡིན་ལ། ཐུགས་བསྟན་མི་ནུབ་པའི་དོན་དུ་སྤྲུལ་བའི་སྲས་པད་འབྱུང་ལ་མི་དད་པ་མེད་དེ། བན་དེ་རྣམས་ཀྱང་རྗེ་འབངས་ཉེར་ལྔའི་གྲལ་དུ་བཞུགས་པའི་དྲན་པ་ནམ་མཁའ་ལ་མི་དད་མཁན་ཡོད་མི་རུང་ངོ་། །འོ་ན་བོན་པོ་ཡོད་ཚད་པད་འབྱུང་ལ་དད་པ་བྱེད་ཚུལ་གཅིག་གམ་ཞེ་ན། བོན་རྙིང་མ་བ་རྣམས་ཀྱིས་རྒྱལ་བློན་མཁན་གསུམ་གྱིས་ཕྱིའི་རྒྱལ་ཁབ་ནས་འོངས་པའི་ཆོས་ལ་ཐུགས་དད་གནང་རོགས་མཛད་པ་དང་། བོན་ལ་སྡང་བ་རྣམས་ཚར་གཅོད་མཛད་པ་མ་གནང་བར་མི་དགའ་བའི་ཕྱོགས་ཡོད་ཀྱང་ལོག་ལྟ་མི་བྱེད་ལ། བོན་གསར་མ་བ་རྣམས་ཀྱིས་སློབ་དཔོན་པདྨས་བོན་བསྟན་རྩ་བ་ནས་བསྣུབས་པ་མ་གནང་བར་དག་ཐེར་མཛད་པས། ད་ལྟ་བོན་མ་ཉམས་པར་གནས་པ་འདི་སྟོང་རྒྱུང་དྲན་པ་སོགས་ཀྱི་བཀའ་དྲིན་ཡིན་པ་སྨོས་མ་དགོས་ལ་སློབ་དཔོན་པདྨའི་མཛད་རྗེས་སུའང་རྟོགས་ཐུབ་པས། དྲན་པ་ཡབ་སྲས་གསུམ་ཞེས་གཙོ་བོར་འཛིན་པ་འདིས་སྐྱོན་རྟོག་གི་ལོག་འཁྲུལ་ཐམས་ཅད་སེལ་ནུས་སོ། །
ཡང་«ཀྲུང་གོའི་བོད་ཀྱི་ཤེས་རིག»(༡༩༨༩ལོའི་དེབ་གཉིས་པ)སྟེང་། བྱམས་པ་་་སྒྲོལ་མ་ཟེར་བས་བྲིས་པའི་ཤོག་ངོས༡༡༦ན། འདྲེན་བྱེད་ཀྱི་ཡུལ་དུ་མངོན་སུམ་མཐོང་རྒྱུ་ཡོད་ན་ཅིས་མ་ཆོག་ཅེས་བྲིས་པ་དེ་ཡང་། མི་རྣམས་ཀྱིས་མ་མཐོང་ཟེར་རམ་ཁོ་མོས་མ་མཐོང་ཟེར། དང་པོ་ཡིན་ན། བོན་པོ་རྣམས་ཀྱིས་ད་ལྟ་ཞང་སྐད་ཀྱིས་འདོན་བཞིན་པའི་གླེགས་བམ་དང་། ལྷ་ཁང་དང་། དཔེ་རྙིང་སོགས་ན་ཞང་ཡིག་མང་དུ་ཡོད་ལ། གཏེར་ལས་ཐོན་པའི་ཡི་གེ་སྤྱོད་བཞིན་པ་འདིའོ། །གཉིས་པ་ཡིན་ན། རང་གིས་མ་མཐོང་ན་མེད་པས་མ་ཁྱབ། གལ་ཏེ་མེད་པར་ཐག་བཅད་ན་ཆད་ལྟ་བ་དང་མཚུངས་སོ། །ཡང་། གཟུགས་དབྱིབས་ཙམ་ཡང་མཐོང་རྒྱུ་མེད། ཅེས་པར་ཙམ་སྒྲའི་ནུས་པ་མི་ཤེས། ཡིག་གཟུགས་མཐོང་ན་གཟུགས་དབྱིབས་་་་་མཐོང་བ་ལས། མིག་གིས་མཐོང་ཚུལ་གཞན་ཅི་ཡོད། ཡང་ཤོག་ངོས༡༡༧ན། ཐག་ལ་མདུད་པ་དང་། ཤིང་ལ་རྟགས་བུ་བཏབ་སྟེ་རྩིས་བྱེད་ཅེས་པ་ཡི་གེ་མེད་པའི་་་སྒྲུབ་བྱེད་དུ་མི་འགྲོ་སྟེ། མོ་རྩིས་བྱེད་ན། མདུད་པ་དང་། ཤིང་བུ་རྡེའུ་ལ་བལྟ་དགོས་པ་ད་ལྟའང་ཡོད་དེ། ཇུ་ཐིག་དང་རྩིས་རྡེའུ་ལ་བལྟས་པས་ཤེས། ཡང་ཤོག་ངོས༡༡༨ན། བོན་དར་བའི་ཡུལ་ཡིན་ན་ཞང་ཞུང་གི་མངའ་ཁོངས་ཡིན་དགོས་་་ཟེར་ཚུལ་མཐོང་ཐོས་ཅི་ཡང་མ་བྱུང་སྟེ། བོད་ལ་ཐུབ་པའི་ཆོས་དར་ན་ཡང་། རྒྱ་གར་གྱི་མངའ་ཁོངས་ཡིན་མི་དགོས་པ་ལྟ་བུ་སུས་མི་ཤེས། དུས་སྔ་མོར་བོད་ལས་ཞང་ཞུང་ཁྱབ་ཆེ་ནའང་། བར་དུ་ཞང་བོད་མཉམ་འབྲེལ་ཙམ་དུ། མཐར་ཞང་ཞུང་བོད་ཀྱི་མངའ་ཞབས་སུ་ཚུད་པ་སོགས་རིམ་བཞིན་འགྱུར་ལྡོག་བྱུང་བ་ཡིན་ལ། ཞང་ཞུང་ལ་སྟོབས་ཤུགས་དེ་ཙམ་ཡོད་མྱོང་ན། བོད་ཀྱི་མངའ་འོག་ཏུ་བསྡུས་པ་མི་འཐད་ཅེས་པའང་མི་རིགས་ཏེ། མི་རིགས་དར་རྒྱས་བྱུང་ན། མི་རིགས་གཞན་གྱི་མངའ་འོག་ཏུ་ཚུད་མི་སྲིད་ཅེས་བཤད་མི་ནུས་སོ། །ཡང་དེར་སངས་རྒྱས་འཕགས་པ་ཞེས་པ་ནས། ལོ་རྒྱུས་ལ་སྐྱེ་བོ་ཕལ་བས་གཞལ་ནུས་དགོས། ཞེས་བྲིས་པ་རང་གི་ཁས་ལེན་ལ་འགལ་དགོས་ཏེ། བོད་རྒྱལ༣༢རིང་མུན་གླིང་གི་རྒྱལ་པོར་འཐད་ཅིང་། སྲོང་བཙན་དགུང་ལོ་བཅུ་གསུམ་ཅན་གྱིས་ཐོན་མི་ལོ་བཅོ་ལྔ་ཅན་ལ་ཐུགས་བཀོད་གནང་ནས། བོད་ལ་ཡི་གེ་དགོས་པའི་ཐུགས་བཞེད་འགྲུབ་ཕྱིར་ལོ་བདུན་གྱི་ནང་ལ་རྒྱ་གར་ལ་ཕར་འགྲོ་ཚུར་འོང་ཡི་གེ་སློབ་གཉེར་དང་བཅས་པ་མཐར་ཕྱིན་པ་སོགས་ལ་གཞིགས་ན། ཅི་འདྲའི་མཁྱེན་རྩལ་ཆེ་བས་བསླབ་འབྲས་མྱུར་མོ་ཞིག་ཐོན་པ་རེད་སྙམ་དུ་ངོ་མཚར་བ་མ་ཡིན་ནམ། སྐྱེ་བོ་ཕལ་བས་གཞལ་ནུས་སམ། ཡང་ལོ་བདུན་གྱི་ནང་དུ་བོད་ཡིག་བཟོ་རྒྱུའི་ཐུགས་འདུན་ཡོད་ནའང་། སླར་བོད་དུ་ཕེབས་ནས་བོད་ཡིག་བཟོ་སྐབས་ཡི་གེ་དྲུག་མ་རྙེད་པས་བརྡ་མ་འཕྲོད་པར་ཐུགས་ཆད་དེ་ཁ་སྦུབས་ནས་བཞུགས་ཙ་ན། རྒྱུས་མེད་པའི་མི་ཞིག་གིས་ཞང་ཞུང་ནས་འོངས། ཟ་ཧོར་ལ་འགྲོ། ཅིའི་ཕྱིར། ཇ་ཉོ་རུ་ཟེར་བ་སོགས་ཀྱི་སྒྲ་དེ་ལ་བརྟེན་ནས་ཡི་གེ་དྲུག་རྙེད་ཅེས་པར་བརྟགས་ན། ཡིག་གཟུགས་མ་རྙེད་པ་མ་རེད། བོད་སྐད་ཀྱི་སྒྲ་དེ་དག་མ་རྙེད་པ་རེད་དེ། ཤོག་ངོས༡༢༣ན་ཐོན་མིའི་མཚན་ཀུན་ཏུ་བཟང་པོ་རེད་ཅེས་བྲིས་ཡོད་པས་རང་མིང་གི་ཟ་ཡིག ཇ་ཆང་། འོ་ཞོ། ཅ་ལག ཟ་འཐུང་སོགས་ཀྱི་མིང་ལོ་བདུན་ཀྱི་རིང་ཡིད་ལ་མ་ཤར་བ་འདིར་བལྟས་ན། དུས་ཐུང་ངུའི་ནང་རྒྱ་གར་སྐད་ཡིག་བྱང་ཆུབ་པ་ཨེ་བདེན་སྙམ་ན་ཡང་། སྤྲུལ་བའི་རྒྱལ་པོས་སྤྲུལ་བའི་འཁོར་ལ་བྱ་བ་བྱས་ཚད་མང་བས། བློན་པོའང་སྤྲུལ་བའི་བློན་པོ་ཡིན་ངེས་ལ། སློབ་སྦྱོང་མྱུར་ནའང་ཐང་། ཡང་སྤྲུལ་གཞི་སྤྲུལ་བ་གཉིས་ཀས་རྒྱུས་མེད་ཀྱི་མིའི་ངག་ལ་མ་བརྟེན་པར་ཡི་གེ་དྲུག་པོ་མ་རྙེད་ཅེས་བཤད་ན་འཐད་པར་མ་མཐོང་ངོ་། །
ཤོག་ངོས༡༡༨ན་བསྐལ་བ་ཡ་ཐོག་དང་དེའི་རྗེས་ཙམ་ལ་ཞེས་པར་བལྟས་ན། ཡ་ཐོག་བར་ཁུག་མ་ཐོག་གི་འཇོག་ཚུལ་ཙམ་ཡང་མ་ཤེས་པར་མངོན། ཤོག་ངོས་༡༡༩ན་མི་རིགས་གཅིག་ལ་ཁྱད་ཆོས་བཞི་ཚང་དགོས་པ་ཁས་བླངས་ནས། སྐད་རིགས། ཡུལ་གཞི། འཚོ་བ། སེམས་ཁམས་བཞི་དགོས་ཚུལ་བཤད། ཞང་ཞུང་ཡོད་པར་ཁས་བླངས། དེ་བོད་རིགས་ཡིན་པའི་སྒྲུབ་བྱེད་བྲིས། ཞང་ཞུང་མེད། བོད་སྐད་ཡིན། བོད་རིགས་བཞིན་དུ་སྙིང་རྗེ་ཆེ་ཟེར་བ་སོགས་ངོ་མཚར་བའི་གཏམ་སྟེ། ཞང་སྐད་དང་ཞང་ཡིག་རང་གིས་མ་མཐོང་བས་མེད་ཅེས་བཤད་པ་འདི། ད་ལྟ་བོད་ན་རྒྱ་གར་གྱི་གཟུངས་སྔགས་འདོན་པ་དང་། ལཉྫ་ཝརྟུ་སོགས་མཐོང་ཐོས་མ་མྱོང་བ་ཞིག་གིས་རྒྱ་གར་གྱི་སྐད་ཡིག་མིན་ཟེར་བ་དང་མཚུངས་སོ། །བོད་ཀྱི་མི་་་རིགས་ཡིན་མིན་སྙིང་རྗེ་ཡོད་མེད་ཀྱིས་འཇོག་ནུས་སམ། བོད་རིགས་ནང་ཁུལ་ན་ཆགས་སྡང་གིས་ཀུན་ནས་བསླངས་ཏེ་གཉའ་གནོན་གསོད་འཁྲུག་འཕྲོག་བཅོམ་་་་བྱེད་པ་རྣམས་སྙིང་རྗེའི་མངོན་རྟགས་ཡིན་ནམ། རྒྱ་གར་ནག་སོགས་མི་རིགས་་་གཞན་ལ་སྙིང་རྗེ་མེད་ཟེར་རུང་ངམ། ཡང་ཁ་ཆེ་མི་རིགས་ལ་ཡི་གེ་མེད། ཞང་བོད་མི་རིགས་ལ་ཡི་གེ་མེད་ཟེར་བ་སོགས་ཀྱི་རང་གིས་ཁྱད་ཆོས་བཞི་བཤད་མ་ཐག་པའི་ཚིག་གོང་འོག་མི་འགལ་ལམ། ཤོག་ངོས༡༢༡ན་ཤེས་དམན་ངས་མ་མཐོང་་་ཟེར་བར། མཁས་པ་སྔ་མ་རྣམས་ཀྱིས་གསུངས་ལ་ནང་འགལ་བྱུང་ནས་ཐག་མི་ཆོད་ན། ཤེས་དམན་ཞིག་གིས་ཇི་ལྟར་མཐོང་། ཞིབ་འཇུག་བྱེད་མཁན་དང་ཤེས་དམན་མོ་གཉིས་རྒྱུད་གཅིག་ཡིན་ན་མཚན་འགྱུར་མིན་ཕྱིན། བོན་གཞུང་ཆེན་མོ་རྣམས་ལས་གཅིག་ཀྱང་མ་མཐོང་བར་སྨྲ་བ་ཁྲོན་པའི་ལག་འགྲོའི་སྤུན་ཟླར་གྱུར་ཏོ། །
ཡང་ཡི་གེ་བཟོ་མཁན། འཁྲུངས་ཡུལ། རུས་རྒྱུད། དུས་རབས་གང་གི་སྐབས་སོགས་བཞག་རྒྱུ་དགོས་ཞེས་པར་གོང་དུ་བཤད་ཟིན་ཏོ། །
མདོར་བསྡུས་ནས་བཤད་ན། བོད་ཀྱི་ནང་བའི་ཆོས་ཀྱི་ཐོག་མ་བོན་ཡིན་པ་དང་། བོད་ཡིག་གི་ཁུངས་ཡང་དག་བོན་གྱི་སྟོན་པ་གཤེན་རབ་ཡིན་པ་ནི། ཁོ་བོས་མགྲིན་པ་བཏེགས་ནས་སྨྲས་ཟིན་པ་ཡིན་ལ། རྒྱ་གར་གྱི་ནང་ཆོས་བོད་ལ་དར་བའི་ཐབས་སུ། བོན་ནང་ཆོས་ལས་ཕུད་འདོད་པའི་དམིགས་ཡུལ་གྱིས་ལོ་རྒྱུས། བསྟན་བཅོས། སྒྲུང་གཏམ་ཅི་རིགས་སུ་སྐུར་འདེབས་བྱེད་ཅི་ཐུབ་དང་། དམ་ཆོས་འཛིན་ཁུལ་གྱིས་རྩོད་ཆོས་སུ་བཏང་ན། བསྟན་པ་ལ་ཞབས་འདེགས་སུ་མི་འགྱུར། ཚར་གཅོད་མི་ནུས། མི་རིགས་ནང་ཁུལ་དང་ཆོས་ལུགས་པ་ཕན་ཚུན་མི་མཐུན་པའི་དཀྲུགས་ཤིང་དུ་འགྱུར་བ་ལ་ཚེགས་མེད། རང་གི་རྒྱལ་ཁབ་དང་མི་རིགས་ལ་མཐོང་ཆུང་དང་། ཕྱིའི་རྒྱལ་ཁབ་དང་དེའི་ཆོས་ལུགས་མི་རིགས་ལ་མཐོང་ཆེན། ཐ་ན་ཅ་ལག་འཕྲུལ་ཆས་དངོས་པོ་སོགས་ལའང་། འདི་བོད་ཀྱི་རེད་ཅེས་རྩིས་མེད་དང་། འདི་ཕྱི་རྒྱལ་ནས་འོངས་པ་རེད་ཅེས་རྩིས་ཆེན་བྱེད་པའི་ངན་ཤུགས་འདིས། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་པའི་ལྡོག་ཕྱོགས་སུ་འགྱུར། མི་རིགས་རང་གི་ལོ་རྒྱུས་མཐུན་སྒྲིལ་སོགས་ཆུ་རྙོག་དཀྲུགས་པ་ལྟར་དྭངས་གཙང་འོང་མི་ཐུབ་པ་སྨོས་ཅི་དགོས། དེ་བས་ད་ལྟ་རང་རང་མི་རིགས་དང་ཆོས་ལུགས་ཀྱི་ལ་རྒྱ་འཛིན་ནས་མཐུན་སྒྲིལ་གཞི་རྩར་བཟུང་ན་སྟོབས་ཤུགས་གཅིག་བསྡུ་འོང་། སློབ་སྦྱོང་རིས་མེད་བྱས་ན་སྙིགས་འདོར་བཅུད་ལེན་ཤེས། དེ་ཕྱིར་ཆོས་ལུགས་པ་རྣམས་ཀྱང་བསྟན་པའི་ལ་རྒྱ་འཛིན་ན་སྡོམ་མགོ་ཐུབ་དགོས། བསྟན་འགྲོའི་ཕན་པ་སྒྲུབ་ན་རང་མགོ་ཐོན་དགོས། འདུས་སྡེ་དག་ནའང་སྲོག་གཅོད་ལོག་གཡེམ་མ་བྱིན་ལེན་སོགས་མི་དགེ་བཅུ་བོ་དང་དུ་བླངས་ནས། བླང་དོར་གོ་ལྡོག་པ་འདི་དག་བསྒྱུར་བཅོས་བྱེད་ཐུབ་ན། རང་གཞན་གཉིས་ཀར་ཕན། འདི་ཕྱི་ཀུན་ཏུ་བདེ། མི་རང་ཉིད་བསམ་སྦྱོར་ངན་པ་ལས་ལྡོག་སྟེ་ཡང་དག་པ་ཞིག་ཏུ་འགྱུར་ངེས་ཞེས་སྙིང་ཐག་པ་ནས་ཞུའོ། །

ལྷག་བསམ་ཟླ་ཚེས་ཕྲ་མོའི་གཟུགས། །
ཤེས་རིག་གནམ་སྟོང་དུས་བསྡེབས་པའི། །
སྨྲ་བ་ཀུན་དའི་བཞིན་རས་ལ། །
བློ་ལྡན་པད་དཀར་ཁོང་ནས་རྒོད། །

ཀུན་ཕན་བདུད་རྩི་འཇོ་བའི་ཆར། །
སྤྲོ་མཛད་མཁས་པ་མཁའ་ཡི་གླང་། །
ངག་རིག་ལྷ་རྔ་བརྡུང་བ་ཡིས། །
ཤེས་ལྡན་རྨ་བྱའི་མཛེས་སྡུག་ངོམས། །

ཞེས་ཀྱང་སྨྲས་སོ།།
མཛད་པ་པོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།
ཧི་བོན་དྲ་ཚིགས་ནས་དྲངས།