གནའ་བོའི་འདས་མཆོད་བང་སོའི་དུར་རྒྱགས་སྐོར་ལ་དཔྱད་པ།

IMG_5166ཆེས་གནའ་བོའི་སྐབས་སུ་འཛམ་བུ་གླིང་དུ་ཡུལ་ཁམས་མང་དག་ཅིག་ལ་མི་ཤི་བའི་རྗེས་སུ་ཕུང་པོ་ས་ལ་སྦས་སྲོལ་བྱུང་མྱོང་ཡོད་ཅིང་བང་སོའི་བཟོ་བསྐྲུན་དང། དུར་རྒྱགས་སམ་དུར་མཆོད་བྱེད་སྟངས་སྐོར་སོགས་འཕེལ་རིམ་མི་འདྲ་བ་བྱུང་མྱོང་ཡོད་པ་ལྟར།
ཞང་བོད་ཀྱི་ལྗོངས་སུའང་གནའ་བོའི་དུས་སུའང་མཐའ་བཞི་རྒྱལ་ཁམས་གཞན་དག་དང་འདྲ་བར་ཕུང་པོ་ས་ལ་སྦས་སྲོལ་བྱུང་མྱོང་ཡོད། དེ་སྔོན་དུ་དབྱིན་ཇི་དང་། ཧྥ་རན་སེ། ཨུ་རུ་སུ། དབྱི་ཏྲ་ལི། འཇར་པན། ཀྲུང་གོ་སོགས་ཀྱི་མཁས་པ་མང་པོས་བོད་རིག་པ་དང་འབྲེལ་བའི་གནའ་རྫས་དཔྱད་གཞིའི་ཞིབ་འཇུག་བྱེད་པར་བརྩམས་ཤིང་། བོད་ཀྱི་བང་སོ་ནི་གནའ་སྔ་མོའི་རྡོ་ཆས་གསར་མའི་སྐབས་སུ་ཕུང་པོ་ས་ལ་སྦས་སྲོལ་ཡོད་པའི་དཔྱད་གཞི་བཙལ་རྙེད་ཐུབ་པའི་བདེན་དཔང་བྱས་པ་མ་ཟད། བོད་འདིར་ཆེས་གནའ་བོའི་བང་སོ་ནི་རི་རྩེའམ་ས་མཐོ་དང་། བྲག་ཕུག ཐང་ཁ་བཅས་རིམ་བཞིན་ཕུང་པོ་སར་སྦས་སྲོལ་བྱུང་བ་དང་། དེ་བཞིན་དུར་འཇུག་དང་། འདས་མཆོད། དུར་མཆོད་སོགས་བྱེད་སྲོལ་བཅས་སོགས་བོད་ཀྱི་ཤེས་རིག་གི་ཞིབ་འཇུག་ནི། ཚན་རིག་གི་རྨང་གཞི་ཐོག་བརྟག་དཔྱད་མང་པོ་བྱས་པའི་དཔྱད་འབྲས་ཀྱི་དཔྱད་གཏམ་དང་དཔྱད་རྩོམ་མི་ཉུང་བ་སྤེལ་མྱོང་ཡོད་པ་མ་ཟད་དེ་དག་གི་ཁྲོད་ནས་དོན་དངོས་ཀྱི་གནད་དོན་ཐོག་གལ་ཆེའི་རང་བཞིན་ལྡན་པའི་རིག་གཞུང་ཡོད་པ་མ་ཟད་དེས་བོད་ཀྱི་རིག་གཞུང་གི་ཐད་ལ་དཀའ་གནད་མང་དག་ཅིག་བཀྲོལ་བར་བྱས་ཡོད་ཅིང་ང་ཚོར་དེར་རྒྱུས་མངའ་དང་ཞིབ་འཇུག་བྱེད་པར་སྨན་པའི་འཁོ་འདོན་འབོར་ཆེན་གནང་ཡོད། དེ་ལྟར་བོད་རིག་པའི་ཞིབ་འཇུག་པ་མང་པོས་དེར་དཔྱད་གཏམ་མང་དག་ཅིག་བྲིས་ཡོད་པར། དེ་དག་བོན་དཔེ་དང་བསྡུར་ནས་དུར་མཆོད་སྐོར་ལ་བསམ་ཚུལ་མི་འདྲ་བ་ཏོག་ཙམ་མི་འདྲ་ཡོད་ཅིང་དེའི་སྐོར་ཅུང་གླེང་བར་བྱ་སྟེ།

༡༽ གནའ་བོའི་དུས་སུ་དུར་འཇུག་གམ་དུར་མཆོད་བྱེད་སྟངས་སྐོར་ནི།
དེའང་གནའ་བོའི་དུར་མཆོད་བྱེས་སྟངས་ཞེས་འདི་ནི་གནའ་མིས་ཡུལ་སྲོལ་གོམས་གཤིས་ཞིག་ལ་གོ་དགོས་ཤིང་དུར་འཇུག་དངོས་རྫས་སུ་མིང་གི་རྣམ་གྲངས་སུ་དུར་མཆོད་དང་། དུར་རྒྱགས། དུར་རྫས། རོ་རྫོངས། གཏད་ཡར་བཅས་ཚིག་གི་ཆ་ནས་མི་འདྲ་བ་ཡོད་པ་བཞིན་ཚིགས་དོན་ཅུང་ཙམ་མི་མཐུན་པའང་ཡོད།
གནའ་བོའི་གོམས་གཤིས་སུ་མི་ཤི་བའི་དུས་སུ་ཕུང་པོ་དེ་མེ་ལ་བསྲེགས་པ་དང་། ཆུ་ལ་བསྐྱུར་བ། བྱ་ལ་སྦྱིན་པ། ས་འོག་ཏུ་སྦས་པ་བཅས་སྲོལ་འགའ་ཞིག་ཡོད། མི་རྣམས་ཀྱིས་དེར་དུར་ས་ཡག་ཉེས་དཔྱད་ཅིང་དུར་འདེབས་པ་ནི་ཧ་ཀྱང་གལ་ཆེན་ཞིག་ཏུ་བརྩི་སྟེ། རྒྱུ་མཚན་ནི་མི་ཤི་རྗེས་སུ་སོ་སོའི་ཁམས་དང་བསྟུན་པའི་ས་དཔྱད་བཟང་པོ་བརྟག་ཅིང་དུར་འདེབས་པ་ནི། རང་གི་མྱེས་པོས་དྲིན་བྱས་པའི་དྲན་རྟེན་ནམ་གདུང་རྟེན་གྱི་གལ་ཆེན་ཞིག་ཏུ་བརྩི་བ་མ་ཟད། གཤིན་པོར་བླ་ཡིད་གསུམ་ཞེས་ཡོད་པར་བླ་དེ་ཕུང་པོར་གནས་ཡོད་པས་མི་རབས་མང་པོའི་བར་དུ་དུར་ས་དེར་གནས་ཤིང་ས་དཔྱད་བཟང་ངན་དབང་གིས་སོ་སོའི་མི་རབས་ཀྱི་དར་རྒུད་ལའང་འཕོ་འགྱུར་གྱི་ནུས་པ་ཐོན་ཐུབ་པའི་ངོས་འཛིན་བྱེད་ཅིང་། སྤྱིར་བཏང་མི་ཡི་རྒྱུན་གྱི་འཚོ་བའི་དངོས་པོ་རྣམས་ནི་རོ་རྫོངས་སམ་དུར་རྒྱགས་ཞེས་དང་དུར་དུ་སྦས་པ་དང་། གཤིན་པོའི་སོ་སོའི་རྒྱུན་གྱི་ཆས་གོས་དང་། བློ་རྟ། གཡང་བཞག གཅེས་ནོར་སོགས་ཐོབ་ཐང་གི་ཆེ་རྟགས་རིགས་མཉམ་དུ་སྦས་སྲོལ་ཡོད། ལོ་རྒྱུས་འགའ་ཞིག་ལས། གསོན་དུས་སུ་རྗེ་བོ་དང་། བློན་པོ། འབངས་བཅས་ཀྱིས་འཇིག་རྟེན་གྱི་ལྷ་མི་དང་ཉི་ཟླ་གཟའ་སྐར་སོགས་ལ་དཔང་པོ་འཇོག་ཅིང་གནའ་འབོར་ཏེ་རང་རང་གིས་དམ་བཅའ་མི་ཚེ་གང་བོར་བསྲུང་བ་མ་ཟད་ནམ་ཞིག་འཆི་དུས་མཉམ་ཤི་བྱེད་པའམ། ཡང་ན་རྗེ་བོ་སོགས་ཤི་རྗེས་སུ་བློན་པོ་དེ་གཤིན་པོའི་ཚུལ་བཟུང་ཤིང་རྗེ་བོའི་བང་སོ་བསྲུང་སྟེ་མཚུན་ལྷ་གསོལ་བ་དང་། དུར་མཆོད་བྱེད་པ་མ་གཏོགས་གཞན་གྱི་བྱ་བ་གང་ཡང་མི་འབབ་ཅིང་མ་ཤི་བར་དུ་ས་གནས་དེར་སྡོད་ཅིང་ཤི་རྗེས་སུ་བང་སོའང་དེའི་འགྲམ་དུ་བརྩིགས་ཀྱིན་ཡོད་པའི་བཤད་རྒྱུན་ཡང་ཡོད། དེ་ལྟར་གནའ་བོའི་དུས་སུ་བོད་ཁམས་འདིར་འགྲོ་བ་མི་ཙམ་མ་ཟད། དུད་འགྲོ་རྩ་ཆེན་འགའ་དུར་འདེབས་སྲོལ་ཡང་ཡོད་པའི་ལོ་རྒྱུས་ཀྱང་ཡོད་པ་བཞིན་རྟ་དང་གཡག་སོགས་ད་ལྟ་བོད་ཀྱི་ས་གནས་ཁག་འགའ་ཞིག་ལ་དུར་འདེབས་སྲོལ་དེ་སྔར་མུས་སུ་གནས། སྤྱིར་བང་སོ་སྦས་ཚུལ་དང་དུར་རྫས་སྐོར་ཞིབ་ཕྲ་འདིར་འབྲི་བའི་ངལ་བ་བྱེད་མི་དགོས་པར་དེང་སྐབས་ཀྱི་ཞིབ་དཔྱད་པ་ཚོས་དཔྱད་གཏམ་མང་པོ་སྤེལ་ཚར་བས་སོ།།

༢༽ གནའ་བོའི་གོམས་གཤིས་གདོད་མའི་བོན་ནམ་ཆོས་དང་གཡུང་དྲུང་བོན་གྱི་བར་ལ་ཁྱད་ཆོས་ནི།
འདིར་ཉུང་ངུ་ཙམ་ཞིག་བཤད་ནས། ཞང་ཞུང་གི་ཡུལ་དུ་སྟོན་པ་གཤེན་རབ་མི་བོ་མཆོག་འཇིག་རྟེན་མི་ཡི་ཡུལ་དུ་སྐུ་མ་འཁྲུངས་པའི་སྐབས་སུ། བོད་ཁམས་སོགས་འཛམ་བུ་གླིང་གི་ཡུལ་ཁམས་ཁག་ལ་ཡུལ་སྲོལ་གོམས་གཤིས་གདོད་མའི་བོན་ནམ་ཆོས་ཞེས་བརྗོད་ལ། དེ་ནི་འཇིག་རྟེན་པའི་ལྟ་བ་ལས་མ་འདས་ཤིང་ཤེས་བྱའི་གཞུང་ལུགས་ཡང་དག་པ་ཞིག་གཏན་ལ་ཕབ་ཐུབ་མེད་ཅིང་འཇིག་རྟེན་གྲགས་ཚོད་ཀྱི་སྲོལ་རྗེས་སུ་འཛིན་པ་དེ་ནི་གདོད་མའི་བོན་ནམ་ཆོས་ལུགས་སུ་ཡིན་པའི་ངོས་འཛིན་བྱེད།
དེ་ཡང་འཇིག་རྟེན་དངོས་པོ་སྣ་ཚོགས་འདི་དག་ཁོ་ན་བདེན་པར་ལྟ་ཞིང་ཡུལ་སེམས་གཉིས་སམ་ཕྱི་ནང་གང་ཡང་རྟོལ་མེད་རང་རྒྱུད་ཀྱི་ཤེས་པ་དེས། འཇིག་རྟེན་བོན་བརྒྱད་ཅེས་དགྲ་ལ་དོ་བསྡོ་བ་དང་། གཉེན་གྱི་ངོ་བསྲུང་། རུས་ཀྱི་ཤག་འདེབས་པ། དཀོར་ནོར་གྱི་སྐྱེ་འཕེལ། ཡུལ་ཞིང་གི་ག་དར། འཁོར་འབངས་ཀྱི་སྐྱོང་བྲན་བཅས་བརྒྱད་སོགས་འཁོར་བའི་བོན་རྣམས་ལ་ཞེན་ཏེ། རང་བས་མཐོ་ཞིང་བཙན་པ་དེའི་རྗེས་སུ་བསྙག་པ་བྱེད་པར་འདོད་ཅིང་། འཇིག་རྟེན་འདིར་གྲགས་པའི་སྤྱོད་པ་ངན་པ་རྣམས་བསྲུང་ཞིང་། བཟང་བ་རྣམས་འགྲན་རྩོད་བྱེད་པ་དང་། འཇིག་རྟེན་གྱི་ལྷ་དང་ཉི་ཟླ་དང་གཟར་྄སྐར་སོགས་གཡེན་ཁམས་རྣམས་ལ་དཔང་པོར་འཛུགས་ཤིང་། གནའ་བོར་ཏེ་ཁྲིམས་བསྲུང་བ་དང་། དགེ་སྡིག་བླང་དོར་ལ་འཇུག་པའི་ཚུལ་ཡང་དག་པར་མི་ཤེས་ཤིང་། གཡེན་ཁམས་སོ་གསུམ་མམ་ལྷ་སྲིན་སྡེ་བརྒྱད་ལ་ཤ་ཁྲག་སོགས་ཀྱི་མཆོད་པ་ཕུལ་བས་དེས་མི་ཕྱུགས་ལ་ཕན་བདེའི་སྡོང་གྲོགས་བྱེད་པར་སེམས་པས་དེ་ནི་ཡང་དག་པའི་གཞུང་ལུགས་ཤིག་ཏུ་མིན་པར་བརྗོད།

༣༽ སྟོན་པ་གཤེན་རབ་མི་བོས་གནའ་བོའི་བོན་ལ་འགྱུར་བ་བཏང་བའི་སྐོར།
དེ་ནས་ཞང་ཞུང་ཡུལ་དུ་སྟོན་པ་གཤེན་རབ་མི་བོ་ཕེབས་ཤིང་ཁོང་གིས་གཡུང་དྲུང་བོན་གྱི་བསྟན་པ་ཞང་ཞུང་ཡུལ་དུ་དར་སྤེལ་མཛད་གནང་བའི་ཐོག་མར་གནའ་སྲོལ་གྱི་སྡིག་རྒྱུན་བཅད་ཚུལ་ས་བཅད་མ་སྟོང་ཙམ་ཞིག་འགོད་ནས། དེའང་བོན་ལུགས་སྲིད་པ་སྤྱི་མདོས་ལས། བསྭོ། བདུད་བོན་གྱི་དམར་ཐབ་ལ། གཤེན་རབ་ནི་ཅི་དགྱེས་ཏེ། ཁྱབ་པ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་གཏོར་མ་བཀང་། དམར་ཐབ་ཀྱི་འདྲེ་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། གདོན་བོན་གྱི་ཤེ་ཆུའི་སྐྱེམས། གཤེན་རབ་ནི་ཅི་དགྱེས་ཏེ། གདོན་འདྲེ་ནི་ཆམ་ལ་ཕབ། འབྲུ་དཀར་ནི་ཡུ་ཏིས་བཀང་། ཤེ་ཆུ་ཡི་འདྲེ་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། འདུར་བོན་གྱི་ཐོ་ཅོ་ལ། གཤེན་རབ་ནི་ཅི་དགྱེས་ཏེ། བླ་གཤེད་ཀྱི་འདྲེ་བྱུང་ན། སྣང་སྲིད་ཀྱི་མདོས་ཀྱིས་བཀང་། ངན་དུག་གི་འདྲེ་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། ཡེ་སྲིད་ཀྱི་སོ་མཚམས་ན། མདོས་ཐག་ནི་ཅི་ཆེ་སྟེ། སྲིད་བོན་ནི་ཆམ་ལ་ཕབ། ཡེ་ཀློང་གི་མདོས་ཀྱིས་བཀང་། སྡོང་ཞན་གྱི་འདྲེ་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། ཞེས་སོགས་ནས་རིམ་པ་བཞིན་ཏུ་གཤེན་རབ་མི་བོས། བདུད། གཟའ་གདོན། རྨུ། བཙན། བགེགས། གཉན། ངན་འདྲེ། ཐིས་རང། མ་མོ། བསེ་རག་སོགས་གཡེན་ཁམས་རྣམས་ཆམ་ལ་ཕབ་པའམ་དམ་ལ་བཏགས་པར་མཛད་དེ། དེ་སྔོན་དུ་ཤ་དང་། ཁྲག སྙིང་། གནག་ཕྱུགས་ཀྱི་གླུད། པགས་དམར། གསོན་ཁྲག་བཅས་འབུལ་སྲོལ་ཡོད་པས། དེར་གཤེན་རབ་མི་བོས། ཁྲག་མཆོད་ཀྱི་ཚབ་ཏུ་འབྲུ་དཀར་གྱི་ཆང་དང་། ཤ་དང་སྙིང་སོགས་དམར་མཆོད་ཀྱི་ཚབ་ཏུ་གཏོར་མའམ། སེམས་ཅན་དུད་འགྲོ་སོགས་དངོས་སུ་གླུད་དུ་བཏང་བ་ལ། དེའི་སྲོག་གི་ཚབ་ཏུ་ནམ་མཁའ་རྒྱང་བུ། དབུགས་ཀྱི་ཚབ་ཏུ་རླུང་། དེ་བཞིན་དྲོད་ཀྱི་ཚབ་ལ་མར་མེ། ཁྲག་གི་ཚབ་ལ་ཆབ་བམ་གསེར་སྐྱེམས། ཤའི་ཚབ་ལ་ཟན། པགས་དམར་གྱི་ཚབ་ལ་དར་སྣ། ཟས་ལ་གཏོར་མ། སྐོམ་ལ་ཆང་སོགས་དེ་ལྟར་ཡས་སྟགས་སམ་ཡས་རྫས་ཙམ་ཀྱིས་གོ་ཆོད་པའི་ཐ་ཚིག་བསྒོས་སྟེ་སྲོལ་གཏོད་པར་མཛད་པའི་སྐོར་བཅས་གསུངས་པ་དང་། མདོ་ལས་གཤེན་རབ་ཀྱིས་འདི་སྐད་དོ། ལ་ལས་གསོད་ཅིང་ལ་ལས་གསོ་བ་ནི། ཁྲ་དང་སྤྱང་ཁུའི་ལས་དང་མཚུངས་བའོ། ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལས་མི་འཇོག་པར། གཅིག་བསད་གཅིག་གསོ་བྱ་བའི་བོན་ནི་བདག་གི་མི་ཤེས་སོ། དེ་ནི་ལོག་པར་ཡིན་པ་བྱ་རུ་མི་རུང་ངོ་། ཞེས་སོགས་ཀྱི་སྐོར་བོན་གྱི་ཡིག་རྙིང་ཁག་ཏུ་ཞལ་གསལ་བར་གསུངས་ཡོད་པས། དེ་སྔོན་དུ་གནའ་བོའི་གོམས་གཤིས་སུ་འཇིག་རྟེན་པའི་ལྷ་ལ་དམར་མཆོད་འབུལ་སྲོལ་ཡོད་པ་དེར་གདོད་མའི་བོན་ཞེས་བརྗོད་ལ། དེ་ནས་འདོད་མའི་བོན་དེ་ལ་གཤེན་རབ་མི་བོས་གཡུང་དྲུང་བོན་གྱི་སྐྱབས་འོག་ཏུ་ཚུད་པར་མཛད་པ་དེ་ལ་ལྷ་མི་གཞན་བརྟེན་གྱི་ཐེག་པ་ཞེས་བརྗོད་ཅིང་། དེའང་དཀོན་མཆོག་ལ་སྐྱབས་ཙམ་འཛིན་ཡང་གནའ་བོའི་གོམས་གཤིས་རྒྱུན་འབྱམས་སུ་སོང་སྟེ་འཇིག་རྟེན་ངན་པ་གྲགས་པའི་སྤྱོད་པ་ཙམ་ལས་བསྲུང་མི་ནུས་པ་དེ་ལ་ལྷ་མི་གཞན་བརྟེན་འཁྲུལ་ཕྱོགས་པ་དང། ཡང་ལུས་ངག་ཡིད་གསུམ་ངན་སྤངས་བཟློག་སྟེ་དགེ་སྡིག་བླང་དོར་ལ་འཇུག་ཀྱང་འདི་ཕྱི་གང་ཡིན་ཀྱང་རང་དོན་རྐྱང་པ་གཙོ་བོ་སྤྱོད་ཅིང་མངོན་མཐོའི་སེམས་བསྐྱེད་ཙམ་ལས་མེད་པ་དེར་ལྷ་མི་གཞན་བརྟེན་ཡང་དག་པའམ་དགེ་ཕྱོགས་པ་ཞེས་བརྗོད་དོ། དེ་ནས་སྟོན་པ་གཤེན་རབ་མི་བོས། ཐམས་ཅད་ཀུན་གྱིས་ས་བོན་རིན་ཆེན་སེམས། ཞེས་གསུངས་པ་ལྟར། བག་ཆགས་སམ་ལས་ཞེས་པ་བཟང་ངན་གང་ཡིན་ཡང་སེམས་ཀྱི་བསྐྱེད་ཅིང་ལུས་ངག་ཡིད་གསུམ་གྱིས་གསོག་སྟེ་འབྲས་བུའམ་རྣམ་སྨིན་རྗེས་སུ་འབྱུང་བར་འདོད་པའི་ལྷ་མི་གཞན་རྟེན་གྱི་ཐེག་པའམ། ཕྱྭ་གཤེན་གྱི་ཐེག་པའི་འཇུག་སྒོ་ནས་བཟུང་སེམས་བསྐྱེད་གཙོ་བོར་བྱས་ཏེ་བོན་གྱི་སྒོ་ཐེག་པ་རིམ་པ་ལྟར་དགུ་འཇུག་དགོས་སོ། དེའང་སྟོན་པ་གཤེན་རབ་མི་བོས་བཀའ་འཁོར་དང་པོ་བོན་ཐེག་པ་རིམ་པ་དགུ་དང་། བར་པ་སྒོ་བཞི་མཛོད་ལྔ། ཐ་མ་ཕྱི་ནང་གསང་གསུམ་ཞེས་གཏན་ལ་ཕབ་པར་མཛད་ཅིང་ཐེག་པ་ཞེས་གང་ཟག་སོ་སོའི་འདེགས་བྱེད་ཀྱི་བློ་སྟོབས་ཆེ་ཆུང་གི་རིམ་པ་དཔག་ཚོད་ལ་རྒྱུ་མཚན་དུ་མཛད་དེ་ཐེག་པ་རིམ་པ་ཞེས་བརྗོད། གཡུང་དྲུང་བོན་ལུགས་སུ་ཡོངས་གྲགས་ཐེག་པ་རིམ་པ་དགུ་ནི། ཕྱྭ་གཤེན་དང༌། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་ཏེ་རྒྱུའི་ཐེག་པ་བཞི་དང༌། དགེ་བསྙེན་དང༌། དྲང་སྲོང༌། ཨ་དཀར། ཡེ་གཤེན་ཏེ་འབྲས་བུའི་ཐེག་པ་བཞི། ཁྱད་པར་ཆེན་པོ་བླ་མེད་ཀྱི་ཐེག་པ་གཅིག་སྟེ་དགུའོ། །དེའི་སྐོར་འདིར་ཡིག་ཚོགས་མང་བར་དོགས་ཏེ་དེ་ཙམ་མོ། ། ཞེས་གནའ་བོའི་འདས་མཆོད་བང་སོའི་དུར་རྒྱགས་སྐོར་ལ་དཔྱད་པ་ས་བཅད་ཙམ་འདི་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་སོ།།
རྩོམ་པ་པོ། རྒྱ་ཚུལ་ཁྲིམས་ཕུན་ཚོགས། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ།

1,155 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།