བོན་གྱི་སྐྱབས་འགྲོའི་སྐོར་རགས་ཙམ་གླེང་བ།

001 Chyabdro Tsogshin  1a དེ་ཡང་གྲུབ་མཐའ་སྨྲ་བ་ཞིག་ཡིན་ཕྱིན་རང་ལྟ་ལ་མི་ཆགས་ཤིང་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་ཕན་ཚུན་གྲུབ་མཐའི་བར་དུ་ཕྲག་དོག་གི་གྲི་མཚོན་གཡུག་རེས་མི་བྱེད་པར་དྲང་བདེན་གྱི་ལམ་སྟེགས་སུ་འགྲེང་རྒྱུ་ནི་དུས་རབས་འདི་ལ་མཚོན་ན་ཆེས་ཤིན་ཏུ་གལ་ཆེན་ཡིན་ནོ། །རྒྱུ་མཚན་སྔོན་གྱི་ལོ་རྒྱུས་ལ་ཕྱིར་བལྟས་བྱོས་དང་ཤེས་རྒྱུ་ཞིག་དང་དྲན་རྒྱུ་ཞིག་ཡོད་སྙམ། དཔལ་ལྡན་ཟླ་བ་གྲགས་པའི་ཞལ་ནས་ཀྱང་། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུལ་གང་རྟོག་པ་ཉིད། །ཞེས་གསུངས་པའི་ཕྱིར། ཁྱད་པར་དུ་རང་ཅག་ནང་བ་པ་ཞིག་ཡིན་ན། ཇི་སྐད་དུ། ཕྱི་བ་ནང་བ་སྐྱབས་འགྲོས་ཕྱེ། །ཞེས་གསུངས་པ་ལྟར་ཕྱི་ནང་གི་ཁྱད་པར་འབྱེད་བྱེད་སྐྱབས་འགྲོ་ཡིན་པར། དེས་ན་སྐྱབས་འགྲོའི་སྡོམ་པ་ཙམ་ཞིག་རང་རྒྱུད་ལ་ལྡན་དགོས་པ་མ་ཟད། སྐྱབས་འགྲོའི་ངོ་བོ་དང་བསླབ་བྱ་སོགས་ངེས་པར་བྱ་དགོས་ཏེ། དེ་ཙམ་མ་ཤེས་ན་རང་ཉིད་ནང་བ་ཡིན་ཞེས་ཁས་འཆེ་བ་ཙམ་ལས་དོན་དུ་ཕྱི་ནང་གི་ཁྱད་པར་འབྱེད་བྱེད་ཙམ་ཞིག་ཀྱང་མ་ཤེས་པའི་སྐྱོན་དུ་མངོན་ནོ། །དེ་ཡང་གཡུང་དྲུང་བོན་གྱི་སྐྱབས་འགྲོའི་སྐོར་རགས་ཙམ་གླེང་བ་ལ། ཐོག་མར་སྐྱབས་འགྲོའི་རྒྱུ་གང་ཞེ་ན། རང་ངམ་གཞན་གྱི་འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་ལ་སྐྲག་པའི་ངེས་འབྱུང་། དེ་ལས་སྐྱོབས་འདོད་ཀྱི་སྙིང་རྗེ། སྐྱབས་གནས་དཀོན་མཆོག་གསུམ་ལ་ཡིད་ཆེས་པའི་དད་པ་དང་གསུམ་དགོས་ཏེ། མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་ལམ་རིམ་སུམ་བརྒྱ་བ་ལས། ལུས་ཅན་གང་ཞིག་སྡུག་བསྔལ་མཐོང་བ་ཡིས། །འཇིགས་པ་དེ་ལས་སྐྱབས་པར་འདོད་པའི་བློས། །སྐྱབས་གནས་ཁྱད་པར་བྱེད་པ་སངས་རྒྱས་སོ། །ནུས་པའི་ཡོན་ཏན་ངེས་པས་སྐྱབས་སུ་འཛིན། །ཞེས་གསུངས་སོ། །འགའ་ཞིག་གིས། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པ་དང་། ཁམས་གསུམ་འཁོར་བའི་སྡུག་བསྔལ་དྲན་པ་སོགས་སྐྱབས་འགྲོའི་རྒྱུར་བཤད་པའང་ཡོད།
གཉིས་པ་སྐྱབས་འགྲོའི་མཚན་ཉིད་ནི། ཡུལ་ཁྱད་པར་ཅན་གྱིས་ཟིན་པས་འཇིགས་པ་སེལ་བའི་ཐབས་ལ་འཇུག་པ་དེ་ཡིན། ཁྱད་པར་ཅན་གྱིས་ཟིན་ཚུལ་ནི། མཆོག་གསུམ་དྲན་པའི་དྲན་ཤེས་ཀྱིས་ཟིན་དགོས་སོ། །
གསུམ་པ་དབྱེ་ན། མཚན་གཞིའི་སྒོ་ནས་སྐྱབས་འགྲོ་ཙམ་དང་ཁྱད་པར་ཅན་གཉིས་སོ། །དང་པོ་ནི་ལམ་དུ་མ་ཞུགས་པའི་སྐྱབས་འགྲོའི་སྡོམ་པ་ལྟ་བུའོ། །དེར་སྐྱབས་འགྲོའི་སྡོམ་པ་ཡོད་དེ། སེམས་བསྐྱེད་ཀྱི་སྡོམ་པ་སྐྱབས་འགྲོའི་སྡོམ་པ་ལ་བརྟེན་ནས་སྐྱེ་དགོས་པ་དྲང་དོན་མུན་སེལ་སྒྲོན་མེ་ལས་གསུངས་པའི་ཕྱིར་ཏེ། སྐྱབས་འགྲོའི་དོན་མཐོང་བྱང་ཆུབ་སེམས་ཀྱང་སྐྱེ། ཞེས་སོ། །སྐྱབས་འགྲོའི་དོན་མཐོང་ཚུལ་ནི། སྐྱོབ་བྱེད་མཆོག་གསུམ་གྱི་ཡོན་ཏན་དྲན་པའམ་མཐོང་བ་དང་། སྐྱབས་བྱ་སེམས་ཅན་གྱི་སྡུག་བསྔལ་དྲན་པའམ་མཐོང་བ་ལ་བྱེད་སྙམ། གོང་གི་གཉིས་པ་ནི། ལམ་ཞུགས་སྐྱེས་བུའི་རྒྱུད་ཀྱི་སྐྱབས་སྡོམ་ལྟ་བུའོ། །གཞན་ཡང་། ཡུལ་གྱི་སྒོ་ནས་ཡུལ་མཆོག་གནས་བཞིའམ། སངས་རྒྱས་བོན་དང་སེམས་དཔའ་གསུམ་ལ་སྐྱབས་སུ་འགྲོ་བ་གསུམ་དབྱེ་ཡོད་པ་དང་། ཡང་ན་མདོ་སྔགས་ཟུང་འབྲེལ་གྱི་དབང་དུ་བྱས་ན། ཕྱི་སངས་རྒྱས་བོན་དང་གཤེན་རབ། ནང་བླ་མ་ཡི་དམ་མཁའ་འགྲོ། གསང་བ་རྩ་དང་རླུང་དང་ཐིག་ལེ་སོགས་ལ་སྐྱབས་སུ་འགྲོ་ཚུལ་དང་། ཐེག་ཆེན་དང་། ཐེག་དམན་གྱི་དབང་དུ་བྱས་ན། རང་དོན་ཁོ་ནར་དམིགས་ནས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། ཐེག་དམན་གྱི་སྐྱབས་འགྲོ་དང་། རང་གཞན་ཐ་དག་འཁོར་བའི་འཇིགས་པ་ལས་སྐྱབས་ཕྱིར་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཐེག་ཆེན་གྱི་སྐྱབས་འགྲོ་སོགས་མང་ངོ་། །བཞི་བ་སྐྱབས་ཡུལ་དངོས་ནི། རྫོགས་བྱང་དོན་དུ་གཉེར་བའི་གང་ཟག་གི་སྐྱབས་འགྲོའི་ཡུལ་ནི། ཡུལ་མཆོག་གནས་བཞིའམ། དཀོན་མཆོག་གསུམ་ལ་སྐྱབས་དགོས་པ་ཡིན་ཏེ། ལམ་རིམ་དྲུག་ཅུ་བ་ལས། ཁས་དམན་པོ་ལ་དགྲ་བྱུང་ན། །རྗེ་དཔོན་མྱུར་དུ་ཚོལ་བ་ལྟར། །འཁོར་བའི་འཇིགས་ལས་སྐྱོབས་འདོད་ན། །རིན་ཆེན་གསུམ་ལ་སྐྱབས་ཚོལ་ཞིག །ཅེས་སོ། །སྐྱབས་ཡུལ་དེ་དག་གི་ངོ་བོ་ལ། ཐེག་པ་ཐུན་མོང་གི་ལུགས་དང་ཐེག་པ་ཆེན་པོའི་ལུགས་གཉིས། དང་བོ་ནི། སྐྱབས་ཀྱི་ཡུལ་མཆོག་གང་ཞིག རྩ་བ་དང་བརྒྱུད་པས་བསྡུས་པའི་ལྷག་པའི་དྲིན་ཅན་དེ་བླ་མ་དཀོན་མཆོག་གི་མཚན་ཉིད། མཚན་གཞི། རྩ་བའི་བླ་མ་དང་དེ་ལ་བྱིན་གྱིས་རློབས་པའི་རྒྱུད་ཁུང་གི་སྟོན་པ་མན་ཆད་ཀྱི་བླ་མ་རྣམས་སོ། །སྐྱབས་ཀྱི་ཡུལ་མཆོག་གང་ཞིག ཐོབ་བྱ་མཐར་ཐུག་དེ། སངས་རྒྱས་དཀོན་མཆོག་གི་མཚན་ཉིད། མཚན་གཞི་སྐུ་གསུམ་ལྟ་བུའོ། །སྐྱབས་ཀྱི་ཡུལ་མཆོག་གང་ཞིག བསྟན་པར་གྱུར་པ་དེ། བོན་དཀོན་མཆོག་གི་མཚན་ཉིད། མཚན་གཞི། སྐུ་གདུང་སྐུ་གཟུགས་བཀའ་དང་བཀའ་བརྟེན་འགོག་ལམ་གྱིས་བསྡུས་པའི་བོན་རྣམས་སོ། །སྐྱབས་ཀྱི་ཡུལ་མཆོག་གང་ཞིག བསྟན་འཛིན་དུ་གྱུར་པ་དེ། སེམས་དཔའ་དཀོན་མཆོག་གི་མཚན་ཉིད། མཚན་གཞི། ཐེག་དམན་འཕགས་པ་དང་། ཐེག་ཆེན་གྱི་གང་ཟག་རྣམས་སོ། །
གཉིས་པ་ཐེག་པ་ཆེན་པོའི་ལུགས་ལ། དངོས་བརྒྱུད་གང་རུང་གི་སྒོ་ནས་གདུལ་བྱ་ཐེག་ཆེན་གྱི་ལམ་དུ་བཀྲིད་པར་བྱེད་པའི་བཀའ་དྲིན་ཅན་དེ། བླ་མ་དཀོན་མཆོག་གི་མཚན་ཉིད། མཚན་གཞི། ཐེག་ཆེན་སེམས་བསྐྱེད་དང་བྱང་སེམས་སྟོན་པའི་བླ་མ་ལྟ་བུའོ། །གོང་དུ་མཚན་ཉིད་ཀྱི་ཚིག་ཟུར་དུ་ལྷག་པའི་བཀའ་དྲིན་ཅན་སྨྲོས་པ་དང་། འདིར་དེ་ལྟར་མེད་པས་ཐེག་ཆེན་ལུགས་ལ། བླ་མ་དཀོན་མཆོག་ཡིན་ན། དབང་སྐུར་རྒྱུད་བཤད་མན་ངག་གནང་བ་སོགས་བཀའ་དྲིན་སུམ་ལྡན་ཡིན་པས་ཁྱབ་པ་མི་དགོས་པར་སྣང་། དོན་གཉིས་ཕུལ་ཕྱིན་གྱི་སྐྱབས་གནས་མཐར་ཐུག་དེ། བླ་མ་དཀོན་མཆོག་གི་མཚན་ཉིད། དེ་དང་ཐེག་པ་ཐུན་མོང་གི་ལུགས་ཀྱི་སངས་རྒྱས་དཀོན་མཆོག་གཉིས་ལ་ཁྱད་པར་མེད་པར་སེམས། འོན་ཀྱང་བློ་ལྡན་དག་གིས་དཔྱད་པར་མཛོད། ཐེག་པ་ཆེན་པོའི་ལུང་རྟོགས་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་དེ། བོན་དཀོན་མཆོག་གི་ངོ་བོ་ཡིན། མཚན་གཞི་ཐེག་ཆེན་གྱི་གདམས་ངག་དང་ཐེག་པ་ཆེན་པོ་བའི་རྒྱུད་ཀྱི་འགོག་ལམ་ལྟ་བུ་ཡིན། དེ་དང་ཐེག་པ་ཐུན་མོང་གི་ལུགས་ཀྱི་བོན་དཀོན་མཆོག་ལ་མུ་གསུམ་ལས་མེད་དེ། ཐེག་པ་ཆེན་པོའི་ལུགས་ཀྱི་བོན་དཀོན་མཆོག་ཡིན་ན། ཐེག་པ་ཐུན་མོང་གི་ལུགས་ཀྱི་བོན་དཀོན་མཆོག་ཡིན་པས་ཁྱབ་པའི་ཕྱིར། འཁོར་བ་འཆིང་བྱེད་ཀྱི་ཉོན་མོངས་སྤངས་པའི་རྒྱལ་སྲས་འཕགས་པ་དེ། སེམས་དཔའ་དཀོན་མཆོག་གི་མཚན་ཉིད། མཚན་གཞི་ས་བཅུ་གང་རུང་ལ་གནས་པའི་བྱང་འཕགས་རྣམས་ཡིན་ཏེ། སུམ་བརྒྱ་བ་ལས། སྒྲིབ་གཉིས་བྱང་སྦྱང་གཞན་གྱི་དོན་ལ་བརྩོན། གཤེན་རབ་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆི་ཞེས་སོ། །ལུང་ཚིག་གི་བྱང་ཞེས་པ་སྦྱང་གི་འདས་ཚིག་ཡིན་པས་སྒྲིབ་གཉིས་བྱང་ཟིན་པའི་བྱང་འཕགས་མེད་སྙམ་ན། བདེན་མོད་འོན་ཀྱང་འདིའི་བྱང་ཞེས་པ་ཚོགས་སྦྱོར་གྱི་སྐབས་སུ་སྒྲིབ་གཉིས་རགས་པ་བྱང་ནས་མཐོང་སྒོམ་གྱི་སྐབས་སུ་སྒྲིབ་གཉིས་ཕྲ་བ་སྦྱོང་དང་སྦྱང་དགོས་པ་ལ་བྱེད་དོ། །ཐེག་པ་ཐུན་མོང་གི་ལུགས་ཀྱི་སེམས་དཔའ་དཀོན་མཆོག་དང་། ཐེག་ཆེན་ལུགས་ཀྱི་སེམས་དཔའ་དཀོན་མཆོག་གཉིས་ལ་ཁྱད་པར་ཡོད་དེ། ཉན་རང་འཕགས་པ་རྣམས་སྤྱིར་སེམས་དཔའ་དཀོན་མཆོག་ཡིན་ཡང་། ཐེག་ཆེན་ལུགས་ཀྱི་སེམས་དཔའ་དཀོན་མཆོག་མ་ཡིན་པ་ཤེས་སླའོ། །གཞན་སྐྱེ་བོ་ཕལ་བ་རྣམས་ནི། རི་དང་ནགས་ཚལ་སོགས་ལ་གནས་པའི་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་འགྲོ་བ་ཡིན་ཡང་། རྫོགས་པའི་སངས་རྒྱས་དོན་གཉེར་གྱི་སྐྱེས་བུའི་སྐྱབས་ཡུལ་མ་ཡིན་ཏེ། གཏན་ཚིགས་ངེས་པའི་གལ་མདོ་ལས། གཡུང་དྲུང་གནས་བཞི་མོས་འདུན་སྐྱབས་ཡུལ་མཆོག །འཇིག་རྟེན་དབང་ཕྱུག་མོས་འདུན་སྐྱབས་ཡུལ་མིན། །ཞེས་གསུངས་སོ། །འོ་ན་ཕྱི་རྒྱུད་སོགས་ལས་འཇིག་རྟེན་པའི་ལྷ་ལ་ཕྱག་འཚལ་བར་བསྟན་པ་མི་རུང་ངམ་ཞེ་ན། སྐྱོན་མེད་དེ། དཀོན་མཆོག་ལ་ཡིད་མ་ཆེས་ནས། འཇིག་རྟེན་པའི་ལྷ་ལ་བློ་འགེལ་བར་མི་རུང་བ་ཡིན་གྱི། གནས་སྐབས་སུ་དགེ་སྦྱོར་གྱི་བར་ཆད་བསལ་བ་དང་། མཐུན་རྐྱེན་བསྒྲུབ་པ་དང་། སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་གྲོགས་སུ་བཅོལ་བ་ལ་ཉེས་པ་མེད་དེ། དཔེར་ན་སྦྱིན་བདག་ལ་འཚོ་བའི་གྲོགས་འཚོལ་བའམ་སྨན་པ་ལ་ནད་གསོ་བའི་རེ་ལྟོས་བཞིན་ནོ་ཞེས་སྐབས་དང་བོ་ལས་གསུངས་སོ། །དེས་ན་སྐྱབས་ཀྱི་དམ་པ་ནི། སྔར་བཤད་པའི་ཡུལ་མཆོག་གསུམ་མམ་བཞིར་ངེས་པ་ཡིན་ཏེ། དེ་ཡང་བླ་མ་དང་སངས་རྒྱས་ལ་སྐྱབས་ནས་སྟོན་པར་ཞུས་ཏེ། བསྟན་པའི་རྗེས་སུ་ཞུགས་དགོས་ཤིང་། བོན་ལ་སྐྱབས་ནས་ལམ་དངོས་དང་བགྲོད་པའི་ཐབས་ཞུས་ཏེ། བོན་ལས་གསུངས་པའི་སྤང་བླང་གི་གནད་རྣམས་འདོར་ལེན་ཚུལ་བཞིན་བསྒྲུབ་དགོས། གཤེན་རབ་སེམས་དཔའ་ལ་སྐྱབས་ནས་སློབ་པའི་གྲོགས་ཞུས་ཏེ། དེ་དག་གི་མཛད་སྤྱོད་དང་མཐུན་པར་བསྒྲུབ་དགོས་པའི་ཕྱིར། སུམ་བརྒྱ་བ་ལས། དེ་ལྟར་སངས་རྒྱས་བོན་དང་སེམས་དཔའ་ལ། །བསྟན་པ་ལམ་དང་སྒྲུབ་པའི་གྲོགས་ཞུས་ཏེ། །རྗེས་སུ་ཞུགས་ནས་སྒྲུབ་ཅིང་བརྟེན་ནས་ནི། །ཡིད་ཆེས་བློ་གཏོད་གཞན་དུ་འགྱུར་བ་མིན། །ཞེས་གསུངས་སོ། །དེས་ན་མཐར་ཐུག་གི་སྐྱབས་གནས་ནི་སངས་རྒྱས་དཀོན་མཆོག་ཏུ་ངེས་ཤིང་། ལུང་གི་བོན་རྣམས་ཀྱང་མཐར་ཐུག་གི་སྐྱབས་གནས་མ་ཡིན་ཏེ། མཐར་ཐུག་གི་རྟོགས་པ་ཐོབ་པའི་ཐབས་ཙམ་ཡིན་པའི་ཕྱིར། ཐེག་དམན་དང་ཐེག་ཆེན་སློབ་བུའི་འགོག་ལམ་རྣམས་ཀྱང་། དེ་མ་ཡིན་ཏེ། དེ་གཉིས་ཀྱང་རང་གི་ངོ་སྐལ་གྱི་སྤང་བྱ་ཅུང་ཟད་དང་བྲལ་བས་རབ་ཏུ་ཕྱེ་བ་ཙམ་དང་སྤང་རྟོགས་གོང་དུ་འཕེལ་དགོས་པའི་ཕྱིར། ལམ་པའི་གཤེན་རབ་རྣམས་ཀྱང་དེ་མ་ཡིན་ཏེ། སྒྲིབ་གཉིས་ཅི་རིགས་ཀྱི་འཇིགས་པ་དང་བཅས་པ་ཡིན་པའི་ཕྱིར།
ལྔ་བ་བསླབ་བྱ་ལ། ཐུན་མོང་གི་བསླབ་བྱ། ཐུན་མོང་མ་ཡིན་པའི་བསླབ་བྱ། ཆ་མཐུན་གྱི་བསླབ་བྱ་དང་གསུམ་མོ། །དང་བོ་ནི་སྐྱབས་གནས་རྣམས་འདུག་པའི་དུས་སུ་སྤྱི་གཙུག་དང་། འགྲོ་བའི་དུས་སུ་མདུན་གྱི་ནམ་མཁའ་དང་ཉལ་བའི་དུས་སུ་སྙིང་གི་དཀྱིལ་དུ་སྒོམ་ཞིང་། སེམས་རྩེ་གཅིག་ཏུ་གཏད་དེ། རབ་རྒྱུན་ཆད་མེད་པ། འབྲིང་དུས་དྲུག་དུས་བཞི། ཐ་མའང་ནང་ནུབ་ལ་སོགས་ལ་ཅི་ལྕོགས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་དགོས་པར་གསུངས་སོ། །ཡང་ན། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །བོན་ལ་སྐྱབས་སུ་མཆིའོ། །སེམས་དཔའ་ལ་སྐྱབས་སུ་མཆིའོ། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཚིག་འདི་དག་ངག་ཏུ་བརྗོད་ཅིང་། སྐྱབས་ཡུལ་འཕྲག་པ་གཡོན་ཕྱོགས་ཀྱི་ནམ་མཁར་བསྒོམས་ནས་བསྐོར་བར་བྱེད་པའི་ཚུལ་གྱིས་འགྲོ། ཉལ་བའི་དུས་སུ་སྐྱབས་ཡུལ་གྱི་ལྷ་ཚོགས་སྙིང་དབུས་སུ་གསལ་བཏབ་སྟེ་དེ་དག་ལ་སེམས་རྩེ་གཅིག་ཏུ་གཏད་དེ་གཉིད་དུ་འཇུག བཟའ་བཏུང་བྱེད་པའི་ཚེ་ཡང་སྐྱབས་ཡུལ་རྣམས་མགྲིན་པར་གསལ་བཏབ་སྟེ། ཅི་ཟ་ཅི་འཐུང་ཕུད་ཀྱིས་མཆོད་པ་ལ་བསླབ་དགོས་ཏེ། རང་གིས་བཟའ་བཏུང་མ་བྱས་གོང་དུ་ཕུད་ནས་དཀོན་མཆོག་ལ་མཆོད་ཅིང་ངག་ནས་ཀྱང་དཀོན་མཆོག་གསུམ་ལ་མཆོད་ཅེས་བརྗོད་ཅིང་རང་གིས་རོལ་བར་བྱའོ། །དེང་སྐབས་སུའང་དེ་ལྟར་བྱེད་ཀྱིན་ཡོད་པ་ནི། མཆོག་གསུམ་དང་སྐྱབས་འགྲོའི་བསླབ་བྱ་མ་བརྗེད་པའི་རྟགས་སོ། །འདུག་པའི་དུས་སུ་སྔར་ལྟར་སྤྱི་བོའི་གཙུག་གི་ནམ་མཁར་བསྒོམ་ཞིང་མི་བརྗེད་པར་རྟག་ཏུ་གསོལ་བ་བཏབ། གཞན་ཡང་རང་བྱུང་དུ་འཁྲུངས་པའི་མེ་ཏོག་སྣ་ཚོགས། ཉམས་དགའ་བའི་ནགས་ཚལ། དྭངས་ཤིང་གཙང་བའི་ཆུ་བོ་དང་ཆུ་ཕྲན། ཚོང་ར་ལ་བཤམས་པའི་གོས་ཕྲུག་ཐེར་གསུམ། མདོར་ན་མིག་ལ་མཛེས་པའི་གཟུགས། རྣ་ལ་སྙན་པའི་སྒྲ་སོགས་ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་ཀྱང་དཀོན་མཆོག་ལ་མཆོད་ཅེས་བརྗོད་ཅིང་ཡིད་ཀྱིས་ཀྱང་དེ་བཞིན་དུ་མོས་པར་བྱ་དགོས་གསུངས།
གཉིས་པ། སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་ཕྱག་མི་བྱ་ཞེས་པ་ནི། ཕྱི་རོལ་མུ་སྟེགས་པའི་ལྷ་དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་དང་ཡུལ་ལྷ་གཞི་བདག་རྣམས་དང་འཇིག་རྟེན་དྲེགས་པའི་སྡེ་སོགས་རང་ཉིད་འཁོར་བའི་སྡུག་བསྔལ་ལས་མ་གྲོལ་བའི་ལྷ་གཞན་ལ་ཕྱག་མི་བྱའོ། །བོན་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་སེམས་དང་འཚེ་བ་སྤང་། ཞེས་པ་ནི། སེམས་ཅན་སྐྱེ་འགུལ་ཐམས་ཅད་ཕ་མའི་རང་བཞིན་ཡིན་ཞེས་པ་ལྟར། སེམས་ཅན་སྐྱེ་བ་དང་འགུལ་བ་དང་ཐ་ན་འབུ་གྲོག་མ་ཡན་ཆད་ལ་གནོད་འཚེ་མི་བྱེད་པར་མ་ཟད་ཡིད་ལ་རྒྱུ་བ་ཙམ་ཡང་སྤང་དགོས་སོ། །གཤེན་རབ་དང་བླ་མ་ལ་སྐྱབས་སུ་སོང་ན་མུ་སྟེགས་ཅན་མི་བསྟེན། ཞེས་པ་ནི། མུ་སྟེགས་པ་དངོས་བོད་ན་མེད་ཀྱང་དེ་དང་རིགས་མཐུན་པའི་གང་ཟག་སངས་རྒྱས་ཀྱི་བསྟན་པ་དང་། རྫོགས་པའི་སངས་རྒྱས་ལ་མི་དད་པ། བླ་མ་དང་བོན་ལ་གཤེ་སྐུར་འདེབས་པ། གསང་སྔགས་ཟབ་མོའམ་བོན་ལ་སྨོད་པ་རྣམས་དང་མི་འགྲོགས་པའོ། །མུ་སྟེགས་པ་དངོས་བོད་ལ་མེད་པའི་རྒྱུ་མཚན་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་བོད་ལ་དངོས་སུ་བྱོན་ཡོད་པས་ཡིན་གསུངས།
གསུམ་པ་ཆ་མཐུན་གྱི་བསླབ་བྱ་ནི། སངས་རྒྱས་ཀྱི་ཆ་མཐུན་སྐུ་གཟུགས་ཆག་དུམ་ཡན་ཆད་ལ་གུས་པར་བྱས་ཏེ། སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་དགོས། སྤྱིར་ཡང་སངས་རྒྱས་ཀྱི་སྐུ་གཟུགས་བྲིས་པ་དང་བླུག་པ་འབུར་དུ་ཡོད་པ་སོགས་ལྷ་བཟོ་དང་སྡེར་བཟོ་སོགས་ཀྱི་ལག་རྩལ་གྱིས་མཐོན་པའི་མི་མཛེས་པའི་ཆ་ནས་འདི་ནི་འདི་འདྲའོ་ཞེས་ཁ་མཚར་དང་སྐྱོན་འདོག་པ་སོགས་བྱས་ན་ཉེས་པ་ཤིན་ཏུ་ཆེ་གསུངས། སྔོན་དབུས་ཟ་རིན་ཆེན་གསལ་གྱི་སྐྱེ་བ་སྔོན་མ་སྣང་ཡེ་རྒྱལ་བུ་བྱ་བ་གཅིག་གིས་ལྷ་འབྲི་ཡོད་པ་ལ། ཀུན་བཟང་གཤེན་ལྷའི་སྐུ་གཟུགས་ཤིག་ལ་གླང་བུ་ཉལ་འདྲའོ། ཞེས་སྨྲས་པས། དེའི་ཉེས་སྐྱོན་གྱིས་ཚ་བ་སྒང་སྨད་ཀྱི་ཆབ་ཤོད་མཁར་ཆུང་བྱ་བ་ཞིག་ཏུ་ཁྱིམ་བདག་ཆོས་རྒྱལ་དང་། ཉ་ཟ་ཨ་མཚོ་བྱ་བ་གཉིས་ཀྱི་ནོར་དུ་གླང་བུ་ཞིག་གི་ལུས་སུ་སྐྱེས། ཡར་མཆོད་པའི་གནས་མེད་བྱོལ་སོང་ཐ་མལ་བ། མར་སྦྱིན་པའི་ཡུལ་མེད་ཅིང་བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་མ་བྲལ། ལོ་བཅུ་གཉིས་ལ་སྡུག་བསྔལ་མྱོང་། དེ་ནས་འདི་སྤྱད་མི་ཕེར་བས་བཤའ་ཟེར་བའི་སྐད་དེ་ཐོས་ནས་སྡུག་བསྔལ་སྐྲག་བསྔངས་ཆེ། བསད་པའི་དུས་སུ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་མཐོང་ཞེས་བཀའ་ལུང་རྒྱ་མཚོ་ལས་གསུངས་སོ། །གཉིས་པ་བོན་གྱི་ཆ་མཐུན་ཡི་གེ་འབྲུ་གཅིག་ཡན་ཆད་ལ་གཡུང་དྲུང་བོན་དངོས་ཀྱི་འདུ་ཤེས་བསྐྱེད་ནས་གུས་པ་བྱ་དགོས། ཁྱད་པར་དུ་ཐེག་པ་ཆེ་ཆུང་གང་ནས་གསུང་རབ་ཐམས་ཅད་སངས་རྒྱས་ཀྱིས་ཐབས་ལ་མཁས་པའི་འགྲོ་བ་འདུལ་བའི་ཐབས་སུ་བསྟན་པ་ཡིན་པས་བཀའ་གང་ལའང་གཤེ་སྐུར་མི་བཏབ། གྲུབ་མཐའ་རྣམ་པར་དག་པ་ལ་མཐོ་དམན་ནམ་བཟང་ངན་བྱས་ཏེ། གཅིག་ལ་ལོག་ལྟ་དང་སྐུར་འདེབས་བྱས། གཅིག་ནི་ཟབ་ཟབ་ལྟར་བཟུང་ནས་ཉམས་སུ་བླངས་ཀྱང་དེ་འདྲ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་མི་འགྲོ་བ་མ་ཟད་བོན་སྤང་གི་ལས་ངན་བསགས་པས་ཉེས་པ་ཤིན་ཏུ་ལྕི་བ་བོན་གྱི་ལམ་རིམ་ལས་གསུངས་པའི་ཕྱིར། ཐུབ་བསྟན་པད་མོ་བཞད་པའི་ཉིན་བྱེད་འཕགས་པ་ལྷས་ཀྱང་། ཁྱོད་ལ་རང་ཕྱོགས་ཆགས་ཡོད་ཀྱང་། །གཞན་གྱི་ཕྱོགས་ལ་མི་དགའ་ན། །མྱ་ངན་འདས་པ་མི་འགྲོ་སྟེ། །གཉིས་སྤྱོད་ཞི་བ་ཡོང་མི་འགྱུར། །ཞེས་གསུངས་པའི་ཕྱིར། དེས་ན་བོན་ཚིག་བཞི་ཚིགས་སུ་བཅད་པ་ཡན་ཆད་ཁྱད་པར་མི་ཕྱེ། བཟང་ངན་མི་ལྟ། སྤང་བླང་མི་བྱ། རང་གིས་ཉམས་སུ་ཕྱོགས་གཅིག་ནས་བླངས་ཀྱང་དག་སྣང་ཕྱོགས་མེད་ནས་སྦྱང་དགོས་ཏེ། རྗེ་འབྲུག་གི་ཞལ་ནས། གཡུང་དྲུང་བོན་གྱི་སྒོ་ཞུགས་ནས། །ཐེག་པ་སྣང་བའི་ཁྱད་པར་ལ། །ཕྱོགས་རིས་གཉིས་སུ་མ་བྱེད་ཅིག །བོན་རྣམས་བློ་རིམ་ལྡན་པ་ལ། །བཟང་ངན་གཉིས་སུ་མ་བྱེད་ཅིག །ཅེས་གསུངས་སོ། །དེར་མ་ཟད་བདེ་བར་གཤེགས་པའི་བཀའ་ལ་སྐྱབས་སུ་སོང་ཕྱིན་ཆད་རང་གཞན་གྱི་གྲུབ་མཐའ་གང་ལའང་སྨོད་མི་རུང་བ་བཀའ་ལུང་ལས་གསུངས་པས་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་སྨོད་པ་སྤང་དགོས། རང་རེ་རྣམས་སངས་རྒྱས་སྒྲུབ་པར་རློམ་ནས་གྲུབ་མཐའ་ལ་ཕྱོགས་རིས་དང་ཆགས་སྡང་བྱེད་ན། བསྟན་སྒོར་ཞུགས་ཁུལ་བྱས་ཀྱང་དོན་དུ་བསྟན་བཤིགས་ལས་མ་འདས་སོ། །དེས་ན་ཉམས་སུ་རང་གི་གྲུབ་མཐའ་ལྟར་བླངས་ཤིང་གྲུབ་མཐའ་ཐམས་ཅད་ལ་ཕྱོགས་མེད་ཀྱི་དག་སྣང་དང་མོས་གུས་བྱེད་དགོས། ཁྱད་པར་དུ་བན་བོན་གཉིས་དཀོན་མཆོག་ལ་སྐྱབས་སུ་འགྲོ་ཚུལ་དང་། གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ཚུལ། སྤྱོད་པ་སྦྱིན་པ་སོགས་ཕར་ཕྱིན་བཅུ་ལ་བསླབ་པ་དང་། སྡིག་པ་མི་དགེ་བཅུ་སྤང་ཞིང་དགེ་བཅུ་དང་དུ་ལེན་ཚུལ། ལྟ་བ་རྟག་ཆད་དང་སྤྲོས་པའི་མཐའ་དང་བྲལ་བའི་བདེན་མེད་རྟོགས་པའི་ཤེས་རབ་ཉམས་སུ་ལེན་ཚུལ་དང་། བཀའ་རྟགས་ཀྱི་ཕྱག་རྒྱའི་མདོ་བཞི་ཁས་ལེན་པ་ལ་བོན་ཆོས་གཉིས་ཁྱད་པར་ཅུང་ཟད་ཀྱང་མེད་པར་རང་གཞན་མཐུན་པར་ཤེས་བཞིན་དུ་གཅིག་གིས་གཅིག་ལ་ཕྲག་དོག་དང་སྨོད་པར་བྱས་ན། བསྟན་དང་འགྲོ་བའི་དོན་ལ་ཕན་པ་སྤུ་ཉག་ཙམ་ཞིག་མེད་པར་མ་ཟད། རང་ཉིད་མཁས་གྲུབ་གོང་མ་རྣམས་ཀྱིས་ཀྱང་བརྩེ་བའི་གུར་ཁྱིམ་ལས་འདོར་བ་ལ་སོགས་པའི་ཉེས་སྐྱོན་ཆེན་པོ་འབྱུང་བའི་ཕྱིར་ཏེ། སློབ་དཔོན་དྲན་པའི་ཞལ་ན། བོན་ཆོས་གཉིས་ལ་བདག་འཛིན་རུ་ཏྲ་བྱེད། །ངོ་བོ་གཅིག་ལ་སོ་སོར་འཛིན་པ་དེ། །དོན་དང་མི་མཐུན་ང་དང་རྒྱང་ཐག་རིང་། །ཞེས་དང་། མེ་སྟོན་ཤེས་རབ་འོད་ཟེར་གྱི་ཞལ་ནས། ཐ་མའི་དུས་འདིར་སེམས་ཅན་ཕྲག་དོག་ཆེ། །བསྟན་པ་འཕེལ་འགྲིབ་དབང་གིས་ཁ་མ་ཟིན། །སྒྲོ་སྐུར་འདེབས་མང་ངན་ལན་མི་བརྗོད་ཅིང་། །སྙིང་རྗེ་བཟོད་པ་བསྒོམ་བྱ་བྱང་ཆུབ་ལམ། །ཞེས་གསུངས་པའི་ཕྱིར།
གསུམ་པ་གཤེན་རབ་བམ་སེམས་དཔའ་དཀོན་མཆོག་གི་ཆ་མཐུན་རབ་བྱུང་གི་རྟགས་ཙམ་འཛིན་པ་ལའང་སེམས་དཔའ་དངོས་ཀྱི་འདུ་ཤེས་བསྐྱེད་ནས་གུས་པར་བྱ་དགོས་སོ། །གཞན་ཡང་སྐྱབས་སུ་མ་སོང་ན། སྐྱོན་ཡོད་མེད་སྙམ་ན། ཡོད་དེ། ཕྱི་ནང་གསང་བའི་བདུད་རྣམས་ཀྱིས་དང་བོ་བསམ་པ་ལ་བར་དུ་གཅོད། བར་དུ་དགེ་བ་ལ་བར་དུ་གཅོད་པ་དང་། ཐ་མ་ཚེ་ལ་བར་དུ་གཅོད་པ་དང་། མཐར་ཐུག་ངན་སོང་གསུམ་གྱི་གནས་སུ་ཕུལ་བར་འགྱུར་ཏེ། སེམས་ལུང་གསལ་བའི་སྒྲོན་མེད་ལས། གཡུང་དྲུང་གནས་བཞིར་སྐྱབས་སུ་མ་སོང་ན། །བདུད་དང་མུ་སྟེགས་འཁོར་བའི་བསླུ་བྲིད་འབྱུང་། །ཞེས་སོ། །དེང་སང་ཡང་རྣམ་ཀུན་དཀོན་མཆོག་ལ་མཆོད་པའི་ལས་ལ་འབད་ཅིང་རྒྱུ་འབྲས་བརྩི་སྲུང་བྱེད་མཁན་དག་ལ་དེ་འདྲའི་བསླུ་བྲིད་མི་འབྱུང་ཞིང་། དཀོན་མཆོག་མཆོད་པའི་ལས་ལ་མི་བརྩོན་པར་སྐྱབས་འགྲོའི་བསླབ་བྱ་སྣང་མེད་དུ་བྱས་ཤིང་རྒྱུ་འབྲས་ཁྱད་དུ་བསད་པ་དག་གནས་སྐབས་ཙམ་དུ་འབྱོར་ཕྱུག་ལྡན་ཡང་ཕྱི་ནང་གི་བདུད་རྣམས་ཀྱིས་བསླུས་ཏེ། དང་བོ་རང་ནོར་བརླག བར་དུ་གཞན་ནོར་འཕྲོག ཐ་མ་རྒྱལ་ཁྲིམས་ལ་བཅུག་པ་མ་ཟད་རང་སྲོག་འདོར་དགོས་པ་མང་དུ་བྱུང་བ་རྣམས་ཀྱང་དོན་དུ་སྐྱབས་སུ་མ་སོང་བའི་ཉེས་སྐྱོན་ཡིན་ཟེར་ན་མི་ཆོག་པ་མེད་སྙམ། སྐྱབས་སུ་སོང་བའི་ཡོན་ཏན་ནི། ནང་བ་སངས་རྒྱས་པའི་ཁྱུར་ཚུད། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། ཐར་བའི་ས་བོན་འདེབས་པ། མི་དང་མི་མ་ཡིན་པའི་བར་ཆོད་ཀྱིས་མི་ཚུགས་པ་དང་། སྔོན་བསགས་ཀྱི་ལས་སྒྲིབ་ཟད་པ། ཕྱིན་ཆད་མི་དགེ་བའི་ལས་མི་བྱེད་པ་དང་། གནས་སྐབས་ངན་སོང་གི་འཇིགས་པ་ལས་སྐྱོབ་པ། ལམ་གྱི་ཡོན་ཏན་གོང་འཕེལ་དུ་འགྲོ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སོགས་ཕན་ཡོན་དཔག་ཏུ་མེད་པ་ཡོད་ཅེས། མཉམ་མེད་ཤེས་རབ་རྒྱལ་མཚན་དང་། ཀུན་མཁྱེན་ཤར་རྫ་བ་སོགས་ཀྱིས་གསུངས་པའི་ཕྱིར། །
ཞར་བྱུང་ཕྱི་ནང་གི་ཁྱད་པར་ཅུང་ཙམ་བཤད་པ་ལ། ལྟ་བ་དང་། སྐྱབས་གནས་ལྷ་དང་། སྟོན་པ་དང་། སྤྱོད་པ་དང་། འབྲས་བུ་དང་ལྔའི་སྒོ་ནས་ཁྱད་པར་ཡོད་པའི་ཕྱིར། དང་བོ་ཡོད་དེ། ཕྱི་བས་ནི་ལྟ་བ་རྟག་ཆད་གང་རུང་དུ་ལྟ་ཞིང་བཀའ་རྟགས་ཀྱི་ཕྱག་རྒྱའི་མདོ་བཞི་ཁས་མི་ལེན་ཞིང་། ནང་བས་ནི་དེ་ལས་ལྡོག་པས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། མདོ་ཕྲན་ལས། མུ་སྟེགས་ལྟ་བ་ཤིན་ཏུ་མི་བདེན་ཏེ། ང་དང་བདག་ནི་ཡོད་པ་མ་ཡིན་ནོ། །ཞེས་དང་། དབུས་གཏེར་ཚད་མ་སྨྲ་བའི་སེང་གེ་ལས། བོན་གྱི་མདོ་བཞི་ཁས་ལེན་པ་ནི་གཤེན་རབ་ལ། དེ་ཁས་མི་ལེན་པ་ནི་མུ་སྟེགས་པའོ། །མདོ་བཞི་ནི། འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ། བོན་ཐམས་ཅད་ཀྱི་མདོ་བདག་མེད་པ། མྱ་ངན་ལས་འདས་པའི་མདོ་ཐམས་ཅད་ཞི་བའོ། །ལྟ་བ་ནི་བདག་དང་བཅས་པ་དང་། བདག་མེད་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡོད་དེ། ཕྱི་བས་ནི། ཚངས་པ་དང་ཁྱབ་འཇུག་དབང་ཕྱུག་སོགས་འཇིག་རྟེན་གྱི་ལྷ་ལ་སྐྱབས་གནས་སུ་འཛིན་ལ། ནང་བས་ནི། དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་པས་ཁྱད་པར་དུ་འཕགས་པའི་ཕྱིར། གསུམ་པ་ཡོད་དེ། ཕྱི་བས་ནི། དབང་ཕྱུག་སོགས་ཐུན་མོང་གི་གྲུབ་རྟགས་དང་ལྡན་པའི་ལོག་ལྟའི་རྟུལ་ཤུགས་ཅན་ལ་སྟོན་པར་འཛིན་ཞིང་། ནང་བ་གཤེན་རབ་པས་ནི། རྣམ་པ་ཐམས་ཅད་མཁྱེན་པའི་རྫོགས་པའི་སངས་རྒྱས་ལ་སྟོན་པར་འཛིན་པས་ཁྱད་པར་དུ་འཕགས་པའི་ཕྱིར། སྨྲ་བའི་སེང་གེ་ལས། ལྷ་ནི་གཤེན་རབ་ཐུགས་རྗེ་ཅན།དབང་ཕྱུག་ཐེར་ཟུག་པའོ། །ཞེས་སོ། །བཞི་བ་ཡོད་དེ། ཕྱི་བས་ནི། ཕལ་ཆེར་སྡིག་པའི་སྤྱོད་པའམ། རང་སྣང་གང་དགའི་བྱ་བ་དང་། འགའ་ཞིག་གིས་མེ་ལྔ་བརྟེན་པ་དང་། དབྱུག་གུ་གསུམ་པ་སོགས་ངལ་བ་དོན་མེད་ཁོ་ནར་སྤྱོད་པ་ལ། ནང་བས་ནི། སྒྲིབ་སྦྱོང་གི་ཚོགས་གཉིས་བསགས་པའི་ཐབས་ཕྱིན་ཅི་མ་ལོག་པ་ཅི་རིགས་ལ་འབད་པས་ཁྱད་པར་དུ་འཕགས་པའི་ཕྱིར། ལྔ་བ་ཡོད་དེ། ཕྱི་བས་ནི། རང་སྣང་གི་ལྷ་མངོན་ཞེན་དུ་བསྒོམས་པས་དབང་ཕྱུག་སོགས་དྲེགས་པ་ཅན་ཐོབ་པ་དང་། རང་རྒྱུད་རྩུབ་པ་དང་། འཇིག་རྟེན་ལ་ཞེན་ཆགས་ཆེ་བར་འགྱུར་བ་དང་། ཕྱལ་བར་བསྒོམས་པས་གཟུགས་མེད་དམ་འབྱུང་བའི་བག་ལ་ཞ་བའི་ཉེ་འཁོར་ཐོབ་པར་འགྱུར་ལ། ནང་བས་ནི་མཐར་ཐུག་མཁྱེན་བརྩེ་ནུས་གསུམ་དང་སྐུ་དང་ཡེ་ཤེས་དཔག་ཏུ་མེད་པའི་བདག་ཉིད་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་བས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། ལམ་རིམ་སུམ་བརྒྱ་བ་ལས། སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས། །ཕྱི་རོལ་ནང་བའི་ཁྱད་པར་འབྱེད་པར་བྱེད། །ཞེས་གསུངས་པའི་ཕྱིར། །
མཇུག་མཐར་ཞུ་དགོས་པ་ཞིག་ནི། སྔོན་ནས་ད་བར་གངས་ལྗོངས་གྲུབ་མཐའ་བ་རྣམས་ཀྱིས། ཕན་ཚུན་མཐུན་སྒྲིལ་དང་འགྲོ་འོང་། རིག་གནས་ཡོན་ཚད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་རྒྱུ་ནི་ཕར་ཞོག འགའ་ཞིག་གིས་རང་ཉིད་ཁོ་ནས་རྙེད་བཀུར་གྱི་ཆེད་དུ་དམིགས་ཤིང་རང་ལྟ་མཆོག་འཛིན་གྱི་རི་ལ་འཛེགས་ཏེ་ཆགས་སྡང་གཏམ་ངན་གྱི་ཀི་ཅོ་ཕྱོགས་མེད་བསྒྲགས་པས་བསིལ་ལྡན་ཡིག་རྨོངས་པ་མང་བོ་ཞིག་ཟང་ཟིང་ལང་ལོང་གི་གནས་སུ་གྱུར་ཏེ། ཐ་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་བྱེད་ཀྱི་རྒྱུར་འགྲོ་བའི་རྣམ་དཀར་དགེ་བ་ཞིག་བསྒྲུབ་དགོས་ནའང་སྒྲུབ་མི་ཤེས་པའི་ཚད་དུ་སྣང་། དེང་སྐབས་དེ་ལྟར་མ་ཡིན་པར། གྲུབ་མཐའི་བར་ཕན་ཚུན་འགྲོ་འོང་དང་མཐུན་སྒྲིལ་དམ་ཟབ་ཡིག་ཆ་བཀྲམ་སྤེལ་སོགས་མཐུན་རྐྱེན་གང་ལེགས་འཛོམས་པར་བརྟེན་གཟུར་གནས་མཁས་པ་མང་བོ་ཞིག་གིས་ཀྱང་ཉམས་མྱོང་བརྗེ་རེས་ཀྱི་ཚུལ་དུ་བན་བོན་གཉིས་ཀའི་གཞུང་ལ་ལྟ་རྟོག་བྱས་ཏེ། མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ། གཞི་སྙིང་རྗེ་ཆེན་པོ་དང་གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ། ས་དང་ལམ་གྱི་རྣམ་བཞག་རྣམ་མཁྱེན་ཡེ་ཤེས་ཀྱི་གོ་འཕང་ཐོབ་ཚུལ་སོགས་བན་བོན་གཉིས་ལ་ཁྱད་པར་ཅི་ཡང་མེད་ཅེས་སྤྱི་ཚོགས་ཐོག་ཏུ་ཡིག་ཐོག་དང་ངག་ལམ་ནས་བསྒྲགས་དང་སྒྲོག་བཞིན་ཡོད། དེ་ནི་མཁས་པའི་གཟི་བརྗིད་དང་ལ་རྒྱའང་ཡིན། དེ་བཞིན་མདོ་སྨད་ཀྱི་དགོན་ཆེན་འགའ་རེའི་ནང་དུ་བན་བོན་རིས་མེད་ཀྱི་སྒོ་ནས་སློབ་གཉེར་བ་མང་བོ་འཚོགས་ཏེ། རིག་པའི་བགྲོ་གླེང་རྒྱ་ཆེན་པོར་བྱས་པས་ཉམས་མྱོང་དང་གོ་རྟོགས་ཇེ་མཐོར་སོང་བ་མ་ཟད་མཐུན་སྒྲིལ་ཡང་སྔར་ལས་ལྷག་པའི་ཇེ་ཟབ་དང་ཇེ་རྒྱས་སུ་འགྲོ་བཞིན་ཡོད། དེ་དག་ཐམས་ཅད་ཡིད་ལ་བསམ་ན། མི་རིགས་ལ་ཤ་ཞེན་དང་ལྷག་བསམ་ཅན་གྱི་བོད་རིགས་སྤུན་ཟླ་རྣམས་དགའ་འོས་པ་ཞིག་རེད། དེ་བཞིན་རྩོམ་རིག་གི་ལས་ལ་གཞོལ་བའི་རྩོམ་པ་པོ་རྒན་གཞོན་སུ་ཡིན་རུང་ཆོས་སྲིད་གང་ལ་མི་ཕན་པ་མ་ཟད་ཆོས་གྲུབ་ཕན་ཚུན་བར་གྱི་མཐུན་སྒྲིལ་ལ་གཏོར་བརླག་དང་གནོད་འཚེ་ཐེབས་པའི་ཁུངས་མེད་ཀྱི་ཡིག་ཧྲིལ་དང་གཏམ་ངན་སོགས་མི་གླེང་བར། མི་རིགས་སྔོན་ཐོན་དང་། རིག་གནས་ཡར་བསྐྱེད་ཀྱི་ལས་ལ་བརྩོན་ཏེ། མཐུན་སྒྲིལ་གྱི་ལག་རྡང་མི་འཐོར་བར་མདུན་སྐྱོད་ཀྱི་གོམ་ཁ་མཉམ་གཤིབ་བྱེད་རྒྱུ་ནི་མི་ཚེའི་རིན་ཐང་དང་བཀྲ་ཤིས་པའི་འོས་འགན་ཞིག་ཀྱང་ཡིན་སྙམ་མོ། །
ཞེས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་རིག་པའི་དགའ་ཚལ་རང་ཤོང་སྤྱིལ་ཆུང་ནས།
རྩོམ་པ་པོ། རྔ་བ་དགེ་བཤེས་ལུང་རྟོགས་རྒྱ་མཚོ།

1,257 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།