གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་མཛད་འཕྲིན་བསྐྱངས་ནས་ཕྱིར་རང་དགོན་དུ་ཞབས་སོར་འཁོད་པ།

IMG_0008ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་པའི་ ༡༥ ཉིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་མཁའ་ལམ་བརྒྱུད་ Germany འཇར་མེན་གྱི་གྲོང་ཁྱེར་དུ་ཡོད་པའི་ Frtedrich- Alexander University ཡི་མཐོ་སློབ་ཏུ་སློབ་ཆེན་དེའི་སློབ་དཔོན་ཆེན་མོ་བོད་རིག་པའི་ཞིབ་འཇུག་པ་མཁས་དབང་ Donatella Rossi ནས་གདན་ཞུས་ལྟར་གཡུང་དྲུང་བོན་གྱི་ཇུ་ཐིག་སྐོར་གྱི་ངོ་སྤྲོད་གནང་བ་དང་། ཏུན་ཧོང་ནས་ཐོན་པའི་ཞང་ཞུང་ཇུ་ཐིག་སྐོར་ཕྱྭ་གཤེན་མོ་ཡི་སྐོར་ལས་འཕྲོས་པའི་བོན་གྱི་ཕྱག་དཔེའི་སྐོར་ཅིག་གསུང་བསྒྱུར་གནང་། མཐོ་སློབ་དེར་སློབ་ཕྲུག་བཞི་སྟོང་ལྷག་ཡོད་པའི་དབུ་འཛིན་Dr Michael Lackher དང་ལྷན་མཇལ་འཕྲད་ཀྱི་སྣེ་ལེན་དང་སློབ་གྲྭའི་ངོ་སྤྲོད་དང་དེར་ཡོད་ཉམས་ཞིབ་སྡེ་ཚན་གྱི་ཤར་ནུབ་མཁས་དབང་བཅུ་དང་ལྷན་དུ་མཇལ་ཕྲད་ཀྱིས་མོ་ཕྱྭའི་སྐོར་བསམ་ཚུལ་བགྲོ་གླེང་གནང་།
ཡང་ཟླ་དེའི་ནང་བོན་ལུགས་སྤྲོད་དང་དམིགས་བསལ་རྒྱུ་ཡི་བོན་གྱི་སྐོར་གསུང་བཤད་སྐབས་མཁས་དབང་བརྒྱ་ཕྲག་ལྷན་འཛོམས་དང་ལྷག་པར་གྲོང་ཁྱེར་དེའི་སྤྱི་ཁྱབ་སྐུ་ཚབ་ཀྱང་ཕེབས་གནང་མཛད།  ཡང་མཐོ་སློབ་ཀྱིས་གོ་སྒྲིག་འོག་མོ་ཕྱྭའི་སྐོར་ལ་འོད་སྡེར་ཞིག་ཀྱང་བཟོས་གནང་མཛད་ཡོད།
IMG_2387ཟླ་ ༡༠ ཚེས་ ༢༨ ཉིན་ཨ་རིའི་ཤར་ངོས་ཀྱི་མངའ་སྡེ་ Virginia རུ་ཡོད་པ་ལིག་མིན་རྐྱ་བོན་ཚོགས་སུ་ཕེབས་ཏེ་ཟླ་དེའི་ཚེས་ ༣༡ ནས་ཕྱི་ཟླ ༡༡ པའི་ཚེས་ ༣ བཅས་ཉིན་གསུམ་རིང་ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་བ་ཆེན་པོས་མཛད་པའི་རྩ་རླུང་གསོལ་འདེབས་ཀྱི་བླ་མ་བརྒྱུད་པའི་སྐོར་གྱི་གསུང་ཁྲིད་གནང་། ཟླ་དེའི་ཚེས་ ༥ ནས་ ༩ བར་ཉིན་ལྔའི་རིང་ཨ་རིའི་མངའ་སྡེ་ཀེ་ནེ་ཀྲིཀེཌ་ Connecticut རུ་ཡོད་པའི་སྟོན་པ་ཡེ་ཤུ་བའི་ལྷ་ཁང་ St. Thomas Seminary ཟེར་བར་མི་གྲངས་བརྒྱ་ཙམ་ལ་བོན་སྤྱོད་སྦྱིན་པ་རྣམ་བཞིའི་སྒོ་ནས་ཉམས་ལེན་དང་བཅས་རྫོགས་ཆེན་གཟེར་བུ་ཉེར་གཅིག་གི་ཉམས་ལེན་སྐོར་གྱི་གསུང་ཁྲིད་ཟབ་རྒྱས་གནང་། དེ་རྗེས་བྱང་ཨ་རིའི་ནུབ་ཕྱོགས་ཀ་ལི་ཕོར་ནི་ཡ་ California རུ་ཡོད་པའི་རྒྱལ་གཤེན་བོན་ཚོགས་ཀྱིས་གོ་སྒྲིག་ལྟར་ ཚེས་ ༡༧ ནས ༢༠ བར་(ཕྱི་གླིང་བོན་མཐུན་སྒྲིལ་ལྷན་ཚོགས་)ཀྱི་ཚོགས་འདུ་ཐེངས་གཉིས་པའི་དབུ་བཞུགས་གནང་།
FullSizeRenderཕྱི་ཚེས་ ༢༣ ཉིན་རྒྱལ་གཤེན་གྱིས་གོ་སྒྲིག་འོག་ས་གནས་དེར་ཡོད་བོད་རིགས་ཚོགས་པའི་སྤྱི་ཁང་སྡེ་བཞི་ཕུན་ཚོགས་གླིང་དུ་འབྲེལ་ཡོད་བོད་རིགས་མི་མང་གིས་གཙོས་མི་གྲངས་བརྒྱ་ཕྲག་ཙམ་ལ་རིག་འཛིན་ཚེ་ཡི་རྒྱལ་པོའི་བཀའ་དབང་བྱིན་ཆེན་བསྩལ། ཟླ་དེའི་ཚེས ༢༨ ནས་ཕྱི་ཟླ་ ༡༢ པའི་ཚེས་༢ བར་སླར་ཡང་རྒྱལ་གཤེན་ཚོགས་པས་གོ་སྒྲིག་ལྟར་རྫོགས་ཆེན་འབྲིང་པོ་སོར་བཞག་གི་ཉམས་ལེན་སོགས་བླ་མ་བརྒྱུད་པའི་ཉམས་མགུར་སྐོར་བཅས་ཉིན་ལྔའི་རིང་གསུང་ཁྲིད་བསྩལ་བ་མ་ཟད་བོན་སྤྱོད་སྦྱིན་པ་རྣམ་བཞིའི་ཉམས་ལེན་དང་འབྲེལ་གཡུང་དྲུང་བོན་གྱི་བསྟན་པའི་ཕྱག་རྒྱུན་རྨ་མེད་དུ་བསྐྱངས།
Screen Shot 2014-11-21 at 9.44.16 AMཕྱི་ཚེས་ ༤ ཉིན་ཨ་རིའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ནིའུ་ཡོག་ཏུ་ཞབས་སོར་སླར་འཁོད་གནང་སྟེ་དད་ལྡན་བོད་འབངས་དང་དབྱིན་ཇིའི་སློབ་མ་མང་པོར་རིག་འཛིན་ཚེ་ཡི་རྒྱལ་པོའི་བཀའ་དབང་བཀའ་དྲིན་བསྐྱངས་ཏེ་གནས་སྐབས་རིང་ཕྱི་གླིང་གི་འགྲོ་དོན་རླབས་ཆེན་གྲུབ་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ པའི་ཚེས་ ༡༠ ཉིན་མཁའ་ལམ་རྒྱུད་རྒྱ་གར་དུ་ཕེབས་གནང་ཡོད་པ་དང་། ཕྱི་ཚེས་༡༣ ཉིན་གྱི་ཕྱི་དྲོར་ཙམ་ལ་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་རང་དགོན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཆིབས་བསྒྱུར་གནང་ཡོད་པ་དང་། བོན་གཞིས་སེར་སྐྱ་མང་ཚོགས་དང་ཚོགས་སྡེ་ཁག་ནས་ཕེབས་བསུ་དང་སེར་འཕྲེང་བསྒྲིགས། ཁོང་གིས་ཀྱང་སེར་སྐྱ་མང་ཚོགས་ལ་གསོལ་ཇ་རྒྱས་གནང་དང་གྲྭ་ཚང་ལ་མང་ཇ་དང་སྐུ་འགྱེད་སོགས་བསྩལ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ། །

ཞེས་དགེ་བཤེས་ཡང་སྟོན་བསྟན་འཛིན་ནས།