བོན་གྱི་གཉེན་སྒྲིག་གི་ཆོ་གའི་སྐོར། སྟོད་ཆ།

samམཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར།
བོད་དུ་གཉེན་སྒྲིག་བྱེད་སྲོལ་ཡུལ་སོ་སོར་མི་འདྲ་བ་ཡོད། བོད་པ་རང་ཉིད་ཀྱིས་དེའི་སྐོར་ཞིབ་འཇུག་བྱས་པའི་གནས་ཚུལ་ཅང་མ་མཆིས་པས་དེའི་སྐོར་གྱི་དཔྱད་རྩོམ་ཡང་ཤིན་ཏུ་མཐོང་དཀོན། དེར་བརྟེན། བོད་ཀྱི་གཉེན་སྒྲིག་ཆོ་གའི་སྐོར་དེ་ནི་གསང་བ་ལྐོག་གྱུར་ཅན་གྱི་གནས་སུ་གྱུར་ཡོད། གཉེན་སྒྲིག་གི་སྲོལ་དེ་ནི་འཇིག་རྟེན་པ་རང་གི་བྱ་ལས་ཁོ་ནའི་ཁོངས་གཏོགས་ཤིག་ཡིན་པར་བརྟེན་སངས་རྒྱས་ཆོས་ལུགས་ཀྱི་ནང་དེ་དང་འབྲེལ་བའི་རྩ་བའི་གཞུང་ལུགས་ཅི་ཡང་མེད་དོ།།
འོན་ཀྱང་། སངས་རྒྱས་ཆོས་ལུགས་པས་དད་མོས་ཅན་རྣམས་ཀྱི་རེ་བ་ལྟར་བོན་གྱི་ཆོ་ག་འགའ་ཞིག་གི་ནང་དོན་དག་དང་ལེན་བྱས་ཏེ་སྐབས་དང་བསྟུན་སྤེལ་ཡོད་པ་རེད། བན་བོན་གཉིས་འབྲེལ་བའི་དཔེ་མཚོན་བཟང་ཤོས་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་༼༡༨༡༣ནས༡༨༩༩༽བརྩམས་གནང་མཛད་པའི་དཔེ་ཆ་དེ་ཡིན། ཁོང་ནི་ཐོག་མར་བོན་ལ་དད་པའི་མི་སྣ་ཞིག་ཡིན་པས་བོན་གྱི་གཉེན་སྒྲིག་ཆོ་གའི་སྐོར་རྒྱུས་མངའ་ལྡན་པ་ཞིག་ཡིན། དཔེ་ཆ་དེ་ནི་ཁོང་གི་སྡེ་དགེ་རྒྱལ་སྲས་དང་བོད་དབུས་ཀྱི་སྐུ་དྲག་མདོ་མཁར་བའི་བུ་མོ་གཉིས་གཉེན་སྒྲིག་བྱེད་སྐབས་བརྩམས་གནང་མཛད་པ་ཞིག་རེད། དཔེ་ཆ་དེའི་ནང་ཁོང་གིས་གཉེན་སྒྲིག་གི་ཆོ་ག་དེ་བོན་ལུགས་ཀྱི་རྨང་གཞིའི་ཐོག་སངས་རྒྱས་ཆོས་ལུགས་ཀྱི་ལྷ་དང་རྒྱ་གར་གྱི་གནའ་བོའི་གཏམ་རྒྱུད་ཁག་གཅིག་བསྣན་ནས་ལེ་ཚན་ཁག་བརྒྱད་དུ་དབྱེ་བར་མཛད་ཡོད།
གཉེན་སྒྲིག་གི་ཆོ་ག་སྤེལ་སྐབས་ལྷ་ཁང་ངམ་སྤྱི་འཇོམས་བྱེད་སའི་ས་ཆ་ཞིག་དམིགས་བསལ་མི་དགོས་ལ་རྒྱུན་ལྡན་གྱི་ཐོ་འགོད་བྱ་སྲོལ་ཞིག་ཀྱང་མེད། ཁྱིམ་ཚང་གཉིས་དབར་གཉེན་སྒྲིག་གི་གན་རྒྱ་ཞིག་འཇོག་ལ་ཕྱོགས་སོ་སོས་མ་དཔེ་གཅིག་ཉར་ཚགས་བྱེད་སྲོལ་ཡོད། ཁོ་བོས་གཉེན་སྒྲིག་བྱེད་སྲོལ་གྱི་སྤྱི་ཚོགས་དང་འབྲེལ་བའི་ནང་དོན་སྐོར་གླེང་གི་མིན། དེ་ཡང་གཉེན་སྒྲིག་བྱེད་སྲོལ་དེ་ཡུལ་སོ་སོར་ཡོད་པ་གཅིག་མཚུངས་མིན་པས་སོ།། གཉེན་སྒྲིག་གི་བྱ་སྒོ་དངོས་མ་སྤེལ་གོང་དུ་གླང་ཆེན་སྣ་བསྒྱུར་ཞེས་པའི་ཆོ་ག་ཞིག་སྤེལ་སྲོལ་ཡོད། དེ་ནི་གནའ་མ་དེ་རང་གི་ཁྱོ་གའི་ཁྱིམ་ཚང་ནང་མ་སླེབ་གོང་ཙམ་དུ་སྤེལ་ཡིན། ཆོ་ག་དེའི་སྐོར་གྱི་དཔེ་ཆ་དེ་ད་ཕན་ཁོ་བོའི་ལག་ཏུ་སོན་ཐུབ་མ་སོང་བས་རྒྱས་བཤད་བྱ་ཐུབ་བྲལ་ལོ།།
སྤྱིར་ན་བོན་ལ་གཉེན་སྒྲིག་ཆོ་གའི་དཔེ་ཆ་མི་གཅིག་པ་ཇི་སྙེད་ཅིག་མཆིས་ནའང་། ད་ཕན་འདིར་དཔྱད་ཡུལ་དུ་མཆིས་པ་ནི་གཅིག་རང་ལས་མེད། དེའི་ཁ་བྱང་དུ་༼མིང་སྲིང་དཔལ་བགོས་དང་ལྷ་འདོགས༽ཞེས་གསལ། དཔེ་ཆ་དེར་རྩོམ་པ་པོའི་མཚན་བཀོད་མེད། དཔེ་ཆ་དེ་ནང་གསེས་ཁག་གཉིས་སུ་དབྱེ་ཡོད་དེ། མིང་སྲིང་དཔལ་བགོས་དང་ལྷ་འདོགས་གཉིས་སོ། ནང་གསེས་དང་པོ་དེའི་ནང་དོན་ནི་དང་ཐོག་མི་དང་ལྷ་གཉིས་བར་གཉེན་སྒྲིག་བྱས་ཚུལ་གྱི་གཏམ་རྒྱུད་སྐོར་ཡིན།
དེའི་བསྐོར་འདིར་དངོས་བཤུས་ཆ་ཚང་དྲངས་ན་འདི་ལྟར་སྟེ། ཡབ་ཅིག་ལྷ་རྗེ་ཟོམ་འབྲང་དང་།། ཡུམ་ཅིག་ལྷ་ཟ་གུང་བཙུན་མ།། དེ་གཉིས་བཤོས་ཞིང་སྤྲུལ་པའི་སྲས།། མིང་པོ་ལྷ་སྲས་ལྗོན་པ་དང་།། སྲིང་མོ་སྲིད་ལྕམ་འཕྲུལ་མོ་ཆེ།། མཛེས་ཤིང་ཡིད་དུ་འོང་པ་ལ།། ལྷ་མི་ཀུན་གྱི་ཡིད་ཀྱང་ཤོར།། ལྷ་མི་ཀུན་གྱིས་དགོས་སོ་ཟེར།། ལྷ་རྗེ་ཟོམ་འབྲང་ཞལ་ན་རེ།། རྒྱ་རྗེ་ལིང་དཀར་ཚུར་གསོན་དང་།། བུ་མོ་སྲིད་ལྕམ་འཕྲུལ་མོ་ནི།། ལྷ་ནས་ལྷ་རུ་འགྲོ་བ་ལ།། མགོ་ནག་མི་ལ་མི་འབྱུང་ངོ་།། ཉི་ཟླ་འཆར་ནུབ་བྱེད་པ་དེ།། ནམ་མཁའི་མཐོངས་སུ་བྱེད་པ་ཡིན།། ཐང་ལ་ལྷུང་པ་ཁྱོད་མཐོང་ངམ།། ང་ལ་འགྲན་ཟླ་སུ་ཡང་མེད།། ང་ནི་ནམ་མཁའི་ལྷ་རིགས་གཙང་མ་ཡིན།། ཁྱོད་ནི་སའི་སྲིན་བུ་མགོ་ནག་ཡིན།། ང་གངས་རི་དར་སེང་དཀར་མོ་ཡིན།། ཁྱོད་སའི་སྦུར་པས་ཧུ་མི་ནུས།། དཔེ་ནི་དེ་དང་འདྲ་བ་ཡིན།། རྒྱ་རྗེ་ལིང་དཀར་ཞལ་ན་རེ།། ང་གནའ་མ་ཁུངས་ནས་ལེན་པ་ཡིན།། གཞི་ཡངས་སའི་མི་རྒྱུད་ཡིན།། མི་རབས་འཕེལ་བའི་མགོ་བོ་ཡིན།། མི་ལྷ་རུ་ལྡེབ་ཙ་ན།། མིས་ལྷ་ལ་གསོལ་མཆོད་བྱེད།། ལྷས་མི་ལ་མགོན་སྐྱབས་བྱེད།། དེ་ཡང་གཅིག་འདྲེན་གཅིག་ལ་ཆེ།། གནམ་ལ་ཉི་ཟླ་ཤར་བ་ཡང་།། འོད་ཟེར་ས་ལ་འབྱུང་བ་ལགས།། ས་ལས་དྲོད་སླང་རྡོལ་པ་ཡང་།། ནམ་མཁའི་སྤྲིན་དུ་འགྲོ་བ་ལགས།། དཔེ་ནི་དེ་དང་འདྲ་བ་ཡིན།། བུ་མོ་བདག་ལ་གནང་བར་ཞུ།། ལྷ་རྗེ་ཟོམ་འབྲང་ཞལ་ན་རེ།། ཁྱོད་མི་ཆུང་སྨྲ་མཁས་ལྕེ་བདེའོ།། སྨྲ་བའི་དོན་ནི་དོན་ཆེན་འདྲ།། ངའི་བུ་མོ་འདོད་པ་ན།། རིན་དུ་གསེར་གཡུ་རིན་ཆེན་དང་།། ལྷ་གཡུ་དེ་ནི་འོད་འབར་དང་།། བསེའི་དེ་ནི་གོས་བདུན་དང་།། ལྷ་རྟ་དེ་ནི་ངང་དཀར་དང་།། ལྷ་གཡག་དེ་ནི་ཞོལ་ཆེན་དང་།། ལྷ་ལུག་དེ་ནི་ཁྱུ་བདུན་དང་།། ལྷ་ར་དེ་ནི་ཞལ་དཀར་དང་།། ལྷ་མདའ་དར་གྱིས་བརྒྱན་པ་དགོས།། རང་དབང་ཆེ་བའི་བུ་མོའི་ཕ།། ཕ་ལ་ལྷ་རྟ་སྲབ་སྦྲེལ་དགོས།། མ་ལ་ལྷ་འབྲི་ཟལ་དཀར་དགོས།། མིང་ཅིག་སྲིང་ཅིག་མིག་དང་འདྲ།། མིང་ལ་སྤྱན་རྟེན་གསེར་གཡུ་དགོས།། ཉེ་བ་འཁོར་གཡོག་ལུས་དང་འདྲ།། ལུས་རྟེན་དར་དཀར་ཡུག་གཅིག་དགོས།། མགོ་བའི་ལྷ་ལྔ་མཆོད་པ་ལ།། ལྷ་ཕྱེ་དང་ནི་ལྷ་མར་དང་།། ལྷ་ཤ་ཕུད་དུ་མ་ཉམས་པ།། གླང་ཆེན་ཁལ་དུ་ལོང་པ་དགོས།། བུ་སྲིང་དཔལ་དགོས་བྱེད་པ་ལ།། ལྷ་བོན་ཐོད་དཀར་ཞལ་ན་རེ།། ལྷ་ཐོད་རྒྱ་མོའི་དར་ཐོད་དགོས།། ལྷ་རྟེན་དར་ཡུག་གོས་ཡུག་དགོས།། དཔལ་གྱིས་བགོ་བཤའ་བྱེད་པ་ལ།། དཔལ་གཞི་དར་གྱི་ལྷ་གདན་དགོས།། ལྷ་ཤོ་གྱེན་དུ་སྒྲིལ་བ་ལ།། ཤོ་གདན་དར་དཀར་ཡུག་གཅིག་དགོས།། འདྲེ་ཤོ་ཐུར་དུ་སྒྲིལ་བ་ལ།། ཤོ་གདན་དར་ནག་ཡུག་གཅིག་དགོས།། ངའི་བུ་མོ་འདོད་པ་ན།། དེ་རྣམས་ལྷ་བོན་ཕྱག་ཏུ་ཕུལ།། གཉེའུ་མི་བདུན་ཐོང་ཞིག་གསུངས།། ཡབ་ཀྱི་དྲུང་དུ་བུ་མོ་བྱོན།། བུ་མོ་དེའི་ཞལ་ན་རེ།། ཨ་བོ་ཡབ་ཅིག་ཚུར་གསོན་དང་།། བུ་མོ་མི་ཡུལ་སྤྱུག་པ་ན།། མ་དང་ཕ་ཚན་སྤུངས་ན་འགྲོ། དཔལ་དང་གཡང་དུ་ཕྱེ་བ་ཡང་།། ཐམས་ཅད་འཚོགས་པའི་བསོད་ནམས་ཡིན།། དཔལ་དང་གཡང་གི་སྐལ་བ་དགོས།། བུ་མོས་དེ་སྐད་ཞུས་པ་དང་།། ཡབ་ཀྱི་ཞལ་ནས་འདི་སྐད་གསུངས།། བུ་མོ་སྲིང་ལྕམ་ཚུར་གསོན་དང་།། ཧ་ལའི་ཤིང་ཡང་དུག་གི་རྒྱུ།། ཤིང་ཕ་ཚན་ཆེ་བ་མེའི་རྒྱུ།། ཚྭ་རོ་མཆོག་ལྡན་པ་ཟས་ཀྱི་བཅུད།། བུ་མོ་སྐྱེས་པའི་མའི་དཔལ།། ཁ་བ་བབ་པ་རིའི་གོས།། བུ་མོ་གྲུང་ཡང་མའི་གཡོག།དཔལ་གྱི་སྐལ་བ་མི་སྟེར་ཟེར།། བུ་མོས་སྨོན་ལམ་འདི་ལྟར་བཏབ།། རྟ་འོལ་པ་ཅིག་གི་བརྟོད་ལུགས་ཀྱི།། སྟེང་ན་མཉའ་ནོན་ཡོང་པ་འདྲ།། རྒལ་ཁྱེར་ནད་འཁྲུགས་ཅན་དང་མ་འཕྲད་ཅིག ། ལུག་གཡང་དཀར་ཅིག་གིས་འཁྲིད་ལུག་ཀྱི།།སྲིན་པོ་ངོ་དམར་ཅིག་གི་ལག་ཏུ་འགྲོ་འགྲོ་འདྲ།།ཤན་པ་གྲི་ཐོགས་ཅིག་དང་མ་འཕྲད་ཅིག།དཔལ་གྱི་སྐལ་བ་སྤྱོད་ལུགས་ཀྱི་།།ས་ཐག་རིང་ཅིག་དང་སྤྱུག་པའདྲ།།མི་ངན་ཐར་མེད་ཅིག་དང་མ་འཕྲད་ཅིག།ཨ་བོ་ཁྱོད་ཀྱི་སྐུ་དྲིན་གྱི།།དཔལ་དང་བསོད་ནམས་མ་ཆུང་ཅིག།ཁ་རྗེ་བསོད་ནམས་ཆེ་བརཤོག། བུ་མོས་ཞལ་ནས་དེ་སྐད་གསུངས།།རྒྱ་རྗེ་ལིང་དཀར་ཞལ་ན་རེ།།ལྷ་རྟ་དང་ནི་ལྷ་གཡག་དང་།། ལྷ་ལུག་དང་ནི་ལྷ་ར་དང་།།དར་དཀར་ལྷ་ཐོད་ལ་སོགས་པ།།བོན་ལ་དགོས་པའི་རྫས་རྣམས་དང་།།བུ་མོའི་རིན་དུ་དགོས་པ་རྣམས།།ཐམས་ཅད་ཚང་མར་སྩལ་ནས་ནི།།གཉེའུ་མི་བདུན་ཕྱག་དུ་འབུལ།།གཉེའུ་དེའི་མི་བདུན་གྱི།།འགྱོགས་པི་རྟ་ཕོ་རེ་རེ་ཞོན།།ལྷ་ཡུལ་དེ་ནི་དབྱིངས་བྱོན།།དཀོར་ཆ་དེ་ནི་རྣ་ཚོགས་དང་།།བུ་མོ་སྲིང་ལྕམ་རིན་དུ་ཕུལ།།ལྷ་མདའ་དར་གྱིས་རྒྱན་པ་དེ།།མགོ་བའི་ལྷ་ལ་རྟེན་དུ་ཕུལ།།ཡབ་ལ་ལྷ་རྟ་སྲབ་སྦྲེལ་ཕུལ།།མ་ལ་ལྷ་འབྲི་ཟལ་དཀར་ཕུལ།།མིང་ལ་སྤྱན་དྲངས་གསེར་ཡུལ་ཕུལ།།འཁོར་གཡོག་རྣམས་ལ་གོས་དར་ཕུལ།།ལྷ་བོན་ཐོད་དཀར་སྤྱན་དྲངས་ནས།།ལྷ་བོན་དབུ་ལ་ཐོད་ཅིག་བཅིང་།།འོག་ཏུ་ཟ་འོག་གདན་ཡང་བཏིང་།། ལྷ་ལ་ལྷ་རྟེན་གསེར་ཡུལ་དང་།།དར་གོས་ཡུག་ལ་སགས་པ།།དགོས་པ་ཚང་མ་ཕུལ་ནས་ནི།།ལྷ་བོན་ཐོད་དཀར་ཞལ་ན་རེ།།མིང་སྲིང་དཔལ་དགོ་བྱེད་པ་ལ།།མི་འཚལ་བྱ་བ་དགུ་ཅིག་འཚལ།།ཤེལ་གྱི་དེ་ནི་ཆོ་ལོ་འཚལ།།དར་གྱི་དེ་ནི་གཞི་ཡང་འཚལ།། དཔལ་གཤོས་དེ་ནི་ཟུར་གསུམ་འཚལ།།ལྷ་མདའ་དེ་ནི་སྒྲོ་དཀར་འཚལ།། དཔའ་ཆགང་དེ་ནི་ཏིང་བ་འཚལ།།གསེར་འཕང་དེ་ནི་གཡུ་ལོ་འཚལ།།ལག་ངར་གཞུ་མཆོག་གཡོས་འཚལ།།དར་གྱི་དེ་ནི་ཐོད་དཀར་འཚལ།།དར་ཚོན་དེ་ནི་སྣ་ལྔ་འཚལ།།ལྷ་ནས་ལྷ་ཤ་ལ་སོགས་ཀུན།།ལྷ་བོན་ཐོད་དཀར་ཕྱག་དུ་ཕུལ།།བུ་མོ་སྲིང་ལྕམ་འཕྲུལ་མོ་དེ།།ཡབ་ལ་ཡི་ཆད་ཕུལ་བ་དང་།།དེ་ནས་ཡབ་ཀྱི་ཞལ་ན་རེ།།བུ་མོ་ཡི་ཆད་མ་ལྡང་ཅིག། ངའི་ཁ་ཏ་ཚིག་གསུམ་འདི།།ཕ་ཕོག་མོ་རྫོང་རྟེན་འབྲེལ་ཆེ།།བུན་མོ་ཁྱོད་ལ་རྫོངས་སུ་འདེབས།།དཔལ་མིང་སྲིང་ཤོ་སྡུར་གྱིས།།མདའ་ལ་ཡོན་ཏན་བསམ་མི་ཁྱབ།།མདའ་མོ་དར་གྱིས་བརྒྱན་པ་འདི།།མོ་སྲིད་ཕོ་རུ་འཕེལ་བ་ཡིན།།མདའ་ལྟོང་གནམ་ལ་བསྟན་པ་འདི།།ཁ་རྗེ་དགུང་དང་མཉམ་པ་ཡིན།།སྙུག་མ་ཚིགས་གསུམ་ཡོད་པ་འདི།།ལུས་ངག་ཡིད་དང་གསུམ་པའི་དོན།།མདེའུ་ལྕགས་ལ་བྱས་པ་འདི།།འདྲེ་གདོན་སྙིང་ལ་རྒྱབ་པ་ཡིན།།གྲུམ་པི་རི་མོ་བཏགས་པ་འདི།།མི་ཁ་མགོང་ཐོབ་པ་ཡིན།།ཁབ་དང་སྐུད་པས་རྒྱན་པ་འདི།།ཕར་བཏང་ཚུལ་མི་ལྡོག་པའི་དོན།།བུ་མོ་ཞལ་ནས་འདི་སྐད་གསུངས།།ཨ་མ་ཡུམ་གཅིག་ཚུར་གསོན་དང་།།ཕ་དྲིན་ཐ་མ་ནོར་རྫོང་ཡིན།།མ་དྲིན་ཐ་མ་གཡུ་གོས་ཡིན།།བུ་མོ་མི་ཡུལ་སྤྱུག་པ་ལ།།དཔལ་གྱི་སྐལ་བ་མི་ཆུང་དགོས།།ཡུམ་གྱི་ཞལ་ནས་འདི་ལྟར་གསུངས།།
བུ་མོ་སྲིང་ལྕམ་ཚུལ་ཉོན་དང་།།བུད་མེད་བྱ་བ་སྲིན་གྱི་རིགས།།མོ་རིགས་བྱ་བ་བསམ་པ་ངན།།བུ་སྲིང་བྱ་བ་མི་མ་ཡིན།།བུད་མེད་བྱ་བ་མི་མ་ཡིན།།མིའི་ཡུལ་དུ་ག་ལ་སྤྲུག། བུ་མོ་བྱ་བ་སྙིང་རེ་རྗེ།། བུ་སྲིང་བྱ་བ་ཡིད་རེ་མིག། ཁྱོད་བུ་མོ་མི་དཔལ་བྱེད་པ་ལ།།དཔལ་གྱི་སྐལ་བ་མི་ཡོང་ངོ།།དེ་སྐད་ཡུམ་གྱིས་གསུངས་དང།།བུ་མོའི་མིག་ནས་མཆི་མ་བྱུང།།མཆི་མ་གཏོང་གིན་འདི་སྐད་སྨྲ།།
ཁྱོ་བོ་འཁོར་གཡོག་གཏན་གྱི་གྲོགས།།བུ་མོས་ལན་ཆགས་དགྲ་ཡིན་པས།།ངོ་མི་ཤེས་བར་ཡུལ་དུ་སྤྱུག།སྐྱིད་ན་མིའི་དཔལ་རྒྱན་ཡིན།།སྡུག་ན་མའི་སེམས་ཁྲལ་གནོན།།ས་ཐག་རིང་དུ་སྤྱུག་ཙམ་ན།།ཕ་མོས་བུ་མོ་མཐོང་བ་དཀའ།།
མིང་པོའི་ཞལ་ནས་འདི་སྐད་གསུངས།།བུ་སྲིང་བྱ་བ་སྙིང་རེ་རྗེ།།ཐག་ཉེ་བུ་མོ་ཕ་མས་སྐྱོང་།།བུ་མོ་འདི་ཡང་མི་སྡུག་པར།།དཔལ་དང་བསོད་ནམས་མ་ཆུང་ཅིག།ཨ་མ་ཡུམ་གྱི་ཞལ་ན་རེ།།ཨ་མའི་ཁ་ཏ་ཚིགས་གསུམ་འདི།།ཨ་མའི་གསེར་འཕང་འདི་ལ་ཚང་།། བུ་མོ་ཁྱོད་ལ་རྫོངས་སུ་བསྐུར།།མའི་ཁ་ཏ་འདི་ལ་ཉོན།།རྫོངས་དཀརརབ་ཅིག་འདི་ལ་ཚང་།།འཕང་ལ་གཏན་ཚིག་འདི་ན་ཡོད་།།འཕང་རྩེ་གནམ་ལ་བསྟན་པ་འདི་།།མཐོ་བའི་གྲལ་ལ་སྙོག་པ་ཡིན།།འཕང་ལོ་སྐེད་དུ་གསལ་བ་འདི་།།འདུ་བྱེད་གླིང་དུ་འགྲོགས་པའི་དོན།།འཕང་སྨད་ཟླུམ་ལ་འདྲིལ་བ་འདི་།།དཔལ་དང་ནོར་གྱིས་ཁེངས་བ་ཡིན།།འཕང་སྐེད་དྲང་ལ་འདྲིལ་བ་འདི་།།གཡོ་རྒྱུ་ཟོལ་ཟོལ་ཆུང་བ་ཡིན།།རྩེ་ལ་བལ་འདབ་དཀྲིས་པ་འདི་།།ལས་དང་འབྲེལ་བ་རྒྱུན་ཆད་མེད།།ཕྱི་ནང་གང་དུ་འདྲིལ་ཡང་འདྲེལ།།འདི་ཡང་བུ་མོའི་དཔལ་དུ་ཆེ།།ཨ་མའི་ཁ་ཏ་འདི་ལ་ཉོན།།མཛད་སྤྱོད་ཐམས་ཅད་མི་དང་བསྟུན།།སྨྲ་བའི་ཚིག་ཀུན་འཇམ་ལ་ལོང་།།འགྲོགས་པའི་མི་དང་འགྲོགས་ཤེས་གྱིས།།རྒན་པ་རྣམས་ལ་ཁུར་ཤེས་གྱིས།།ཡ་རབས་རྣམས་ནི་ཕུད་དུ་མཆོད།།མ་རབས་རྣམས་ནི་མཐའ་ནས་སྐྱོངས།།བུ་དང་ཁྱོ་གཉིས་ལྷ་རུ་ཁུར།།ཡོད་པའི་དུས་སུ་ཞིབ་ལ་ལོང་།།མེད་པི་དུས་སུ་མོ་བསོད་སྐྱེད་།།དགོས་པའི་དུས་སུ་རྩིང་ལ་ཆོད་།།ཞིམ་ངར་ཟས་རྣམས་མི་ལ་བྱིན།།འཇམ་ལེགས་གོས་རྣམས་རང་གིས་གོན།།ཟས་ཁྲེལ་ཁ་ལ་མ་བཀུར་ཅིག། ལུས་ཁྲེལ་གོས་ལ་གལ་མ་ཆུང་།།ཟེར་ལོ་འདུག་ལོ་མ་ཟེར་ཅིག།བྱ་བ་སྤྱན་ལམ་གང་བྱེད་ཀྱང་།།ཡ་རབ་རྣམས་ཀྱི་ཚུལ་དུ་གྱིས།།
བུ་མོའི་ཞལ་ནས་འདི་སྐད་གསུངས།།ཇོ་ཇོ་མི་ངོ་ཚུར་གསོན་དང་།།སྲིང་མོ་མི་ཡུལ་འགྲོ་བ་ལ།།བུ་མོ་མི་འགྲོ་རང་དབང་མེད་།།ཡུལ་མ་འདྲིས་གཤིན་ཡུལ་སྐྱ་མོ་འདྲ།།ཁྱིམ་མ་འདྲིས་ལྕགས་ཀྱི་ཐ་རམ་འདྲ།།མི་མ་འདྲིས་སྲིན་པོ་གདོང་དམར་འདྲ།།ཁྱི་མ་འདྲིས་རི་ཁྱི་སྔོ་ཆུང་འདྲ།།ཟ་ཚང་ནང་ནས་ཅིག་པོར་བཀར།།འཇིག་རྟེན་བྱ་བ་ཁུར་པོ་ཆེ།།དུས་ཚོད་ངན་པ་ཞེ་རེ་སྐྱོ།།གྲོགས་ཁུར་སྤྱི་ན་སེམས་རེ་ཕམ།།མི་གཡོག་བྱས་པས་ཡིད་མི་དགའ།།མིང་པོ་སྙིང་ཐག་རིང་ངམ་ཐུང་།།དཔལ་གྱི་བགོས་ཆ་ཐོང་ཅིག་ཞུ།།
ལྷ་སྲས་མིང་པོའི་ཞལ་ན་རེ།། ཨ་ཅེ་སྲིང་མོ་ཚུར་གསོན་དང་།།ཕུགས་ཀྱི་སྐྱིད་སྡུག་གང་ཡིན་ཀྱང་།།འཕྲད་ཉིད་འདུན་མ་འདི་ལྟར་ཡིན།།བུ་སྲིང་སྐྱིད་པའི་ས་རུ་རྫོང་།།མནའ་མ་འཛངས་པའི་ཁུངས་ནས་ལེན།།ཁྱོད་ཀྱི་བྱ་བ་འདི་ལྟར་གྱིས།།མཛད་སྤྱོད་ཐམས་ཅད་མི་དང་བསྟུན།།དད་པ་བོན་གྱི་ཕྱོགས་སུ་སྐྱོང་།།མཉམ་པོ་བྱུང་ན་བཀའ་ཁུར་གྱིས།།འགྲངས་ལྟོགས་དམྱལ་བའི་ཡུལ་དུ་ཡོད།།འབྲོས་དེད་སྲིན་པོའི་ཡུལ་ན་ཡོད།།ལེགས་ཉེ་རྒྱལ་པོའི་གྲོས་ལ་ཡོད་།།འབྲུག་གི་སྒྲ་ནི་དབྱར་དུ་སྒྲོགས།།མེ་ཏོག་ལེགས་ཀྱང་སྟོན་དུ་སྐམ།།མ་སྐམ་བར་དུ་མཆོད་པ་ཕུལ།།ལོ་མཅུ་ཚུན་ཆད་མིའི་གཡོག།དེ་ནས་མིའི་དཔལ་རྒྱན་ཡིན།།མ་སྡུག་པར་དུ་སྐྱིད་པར་མཛོད་།།བུ་མའི་བུ་ལ་ཕ་ཡུལ་མེད་།།ཉི་མ་དེ་རིང་ཕན་ཆད་ནས།།རང་ཚོད་རང་གིས་མ་ཟིན་ན།།ཕ་མའི་སློབ་རྒྱུ་གང་ལ་ཡོད་།།ཕ་ནི་བཙན་པོའི་མཁར་སྤེ་ཡིན།།མི་ནི་ནོར་གྱི་བང་མཛོད་ཡིན།།མིང་པོ་རྒྱབ་ཀྱི་རྟེན་མ་ཡིན།།ཞང་པོ་མདུན་གྱི་མཁར་བ་ཡིན།།དཔོན་པོ་བློའི་གཏོད་ས་ཡིན།།འཁོར་གཡོག་བཤོས་ཞིང་མུ་མ་ཡིན།།སྲིང་མོ་མི་སྡུག་སྐྱིད་པར་མཛོད་།།ང་མིང་གི་གཡུ་ཆུང་གྲུ་དམར་འདི་།།སྲིང་མོ་ཁྱོད་ལ་རྫོངས་སུ་བསྐུར།།གཡུ་མིག་དོད་ལ་སྲ་བ་འདི་།།ཤེས་རིག་ཁོང་ནས་རྒྱས་པ་ཡིན།།གཡུ་ལ་གངས་རི་ཡོད་པ་འདི་།།ཕོ་ལྷ་སྒྲ་ལྷ་ཆགས་པའི་དོན།།གཡུ་མདོག་མདངས་དང་ལྡན་པ་འདི་།།གཞན་རྣམས་ཟིལ་གྱིས་གནོན་པའི་དོན།།བཏགས་ན་རྗིད་དུ་ཆེ་བ་འདི་།།མོ་ཁྱད་གཡུས་འབྱེད་པ་ཡིན།།མིང་གིས་དེ་སྐད་གསུངས་བ་དང་།།ལྷ་བོན་ཐོད་དཀར་ཞལ་ན་རེ།།མིང་པོ་གྲལ་གྱི་གཡས་སུ་བཞག།སྲིང་མོ་གྲལ་གྱི་གཡོན་དུ་བཞག།ལྷ་རྗེ་ཟོམ་འབྲང་ཞལ་ན་རེ།།ལྷ་བོན་ཐོད་དཀར་ཚུར་གསོན་དང་།། མིང་པོ་དཔལ་གྱི་ཇི་ཙམ་དབང་།།སྲིང་མོ་དཔལ་གྱི་ཇི་ཙམ་དབང་།།ལྷ་བོན་ཐོད་དཀར་ཞལ་་རེ།།མིང་པོ་དཔལ་གྱིས་གསུམ་གཉིས་དབང་།།སྲིང་མོ་དཔལ་གྱིས་གསུམ་ཆ་དབང་།།
ཨ་མ་ཡུམ་གྱི་ཞལ་ན་རེ།།ཡབ་དང་ལྷ་བོན་ཚུར་གསོན་དང་།།བུ་ཚ་མིང་གསང་གཉིས་པོ་ལ།།དཔལ་ཆེ་སུང་ཡོད་པ་འདི་།།འདི་ནི་ཅིའི་དོན་དུ་བདའ།།སྲིང་མོའི་ཞལ་ནས་འདི་སྐད་གསུངས།།ཕ་ཅིག་མ་ཅིག་སྙིང་དང་འདྲ་།།བུ་སྲིང་དཔལ་མེད་ཆུ་ཆད་འདྲ་།།དཔལ་ལ་ཆེ་ཆུང་མི་འབྱེད་འཚལ།།ལྷ་བོན་ཐོ་དཀར་ཞལ་ན་རེ།།མིང་པོའི་ལོ་ནི་བཅོ་བརྒྱད་ལོན།།སྲིང་མོ་ལྔ་གསུམ་བཅོ་ལྔ་ལོན།།མིང་པོ་དཔལ་གྱི་གསུམ་གཉིད་དབང་།།སྲིད་མོ་དཔལ་གྱི་གསུམ་ཆ་ཁྱེར།།ཡབ་ཀྱི་ཞལ་ནས་འདི་སྐད་གསུངས།།ཕ་མཉམ་མ་རུ་མཉམ་ལགས་ཏེ།།བསོད་ནམས་དེ་ནི་ཚོགས་མ་ཉམས།།བུ་མོ་སྐྱེས་པ་མའི་དཔལ།།དཔལ་གྱི་གསུམ་ཆས་ཆོག་པ་ཡིན།།དེ་སྐད་ཡབ་ཀྱིས་གསུངས་དང་།།བུ་མོའི་མིག་ནས་མཆི་མ་བྱུང་།།ལྷ་བོན་ཐོད་དཀར་ཞལ་ན་རེ།།མ་དང་བུ་མོའི་ཚུར་གསོན་དང་།། ཕ་མཉམ་མ་རུ་མཉམ་ལགས་ཏེ།།བསོད་ནམས་དེ་ནི་ཚོགས་མ་མཉམ།།མཆི་མ་གཏོང་བས་མི་ཕན་གསུངས།།
དུས་དང་སྐལ་པ་དེ་ཙམ་ན།།ལྷ་བོན་དེ་ནི་ཐོད་དཀར་གྱིས།།འགྱིང་ཐོད་དཀར་པོ་དབུ་ལ་བཅིངས།།ཕྱག་ཏུ་ལྷ་མདའ་སྒྲོ་དཀར་བསྣམས།།མདུན་དུ་ཤོ་གདན་གོང་འོག་བཏིང་།།ལྷ་བོན་ཐོད་དཀར་ཞལ་ན་རེ།།མིང་པོ་སྲིང་རྗེ་འབྲང་དཀར་དང་།།སྲིང་མོ་སྲིད་ལྕམ་འཕྲུལ་མོ་ཆེ།།དང་པོ་ཡབ་ཀྱི་སྟ་ལ་བབ།།དེ་ནས་ཡུམ་གྱི་མངལ་དུ་ཆགས།ཡབ་ཡུམ་གཉིས་ལས་འཁྲུངས་བའི་སྲས།།དང་པོ་བྱུང་བའི་ཁུངས་གཅིག་ཀྱང།།བར་དུ་གནས་པའི་ས་མི་གཅིག།ཕ་ཤུལ་བུས་འཚ་འཛིན་པ་ཡིན།།དེ་ལ་བུ་མོ་འགྲན་ཟླ་མེད་།།བུ་མོ་མི་ཡུལ་འགྲིམ་པ་ཡིན།།དེ་གཉིས་སྲིད་པ་སོ་སོ་ཡིན།།གཅིག་དུ་འདུས་པ་མ་ཡིན་ནོ།།ཉོན་ཅིག་དང་སྲིད་པ་ལྕམ་དྲལ་གཉིས།།དང་པོ་གནམ་སྟོང་སྲིད་པའི་དུས།།སྲིད་པའི་བུ་རུ་སྐྱེས་ཙམ་ན།།མ་ལ་བུ་ཅིག་སྐྱེས་སོ་ཟེར།།སྐྱེས་པས་ཕ་ཡུལ་འཛིན་ནོ་ཟེར།།ཕ་ཤུལ་བུས་བྱེད་དོ་ཟེར།།མིང་པོ་སྲིད་རྗེ་འབྲང་དཀར་ཁྱོད་།།ལྷ་ཤོ་དཀར་པོ་འབྲུག་རིས་འདི་།།དེ་རིང་མིང་པོའི་ཕྱག་དུ་ཕུལ།།རྒྱན་ཁ་ལྷ་ལ་གཡར་རོ་གྱིས།།རྒྱན་གཞི་དཀར་སྟེང་ཤོ་འདི་རྒྱོབ།།
སྲིད་རྗེ་འབྲང་དཀར་ཞལ་ན་རེ།།ཕོ་ལྷའི་ཤོ་རྒྱགཡས་ནས་བརྒྱག།ལྷའི་ཤོ་བརྒྱག་གཡོན་ནས་བརྒྱག།།སྲོག་ལྷའི་ཤོ་རྒྱག་མདུན་ནས་བརྒྱག།ཡུལ་ལྷའི་ཤོ་རྒྱག་རྒྱབ་ནས་བརྒྱག།ཕ་ཡུལ་འཛིན་པའི་ཤོ་ཅིག་བརྒྱབ།།བརྒྱབ་པའི་རྒྱན་ནི་མི་ཆུང་པས།།ལྷའི་སྐལ་བ་ཆེ་བར་འོང་།།ལག་ངར་གནམ་ལ་ཕྱར་བ་འདི།། ཕ་ཡུལ་འཛིན་པའི་ཤོ་ཅིག་བརྒྱབ།།ལྷ་བོན་ཐོད་དཀར་ཞལ་ན་རེ།།བུ་མོ་སྲིང་ལྕམ་ཚུར་ཉོན་དང་།།དང་པོ་གནམ་སྟོང་སྲིད་པའི་དུས།།སྲིད་པའི་མོ་རུ་སྲིད་ཙམ་ན།།མ་ལ་བུ་མོ་སྐྱེས་སོ་ཟེར།།བུ་མོ་སུ་ལ་སྟེར་རམ་ཟེར།།བུ་མོ་སྐྱེས་པའི་ནང་ཕྱོགས་ནས།།ལྷ་ལ་མཆོད་ཡར་བྱེད་པ་མེད་།།ཕྱེ་མར་གནམ་དུ་གཏོར་བ་མེད་།།གལ་ཏེ་བུ་མོ་གྲུང་སྲིད་ནང་།།མིའི་དཔལ་དུ་ཆས་པ་ཡིན།།གྲུང་ཡང་ཕ་ཡུལ་བཟུང་བ་མེད་།།གལ་ཏེ་བུ་མོ་རུལ་བ་ན།།མིའི་བྱུར་དུ་ཆས་པ་ཡིན།།བྱུར་གྱིས་གོ་ཉལ་བྱས་པ་མེད་།།བུ་མོ་སྲིད་ལྕམ་འཕྲུལ་མོ་ཁྱོད་།བུ་མོ་མི་ཡུལ་འགྲོ་བ་ཡིན།།མིང་པོས་ཕ་ཡུལ་ལེན་པ་ལེགས།།རང་རང་དགོས་པའི་དཔལ་རེ་ཡོད་།།དཔལ་ཤོ་སྨུག་པོ་འབྲུག་རིས་འདི་།བུ་མོ་ཕྱག་ཏུ་འདི་སྣོམ་ལ།།གདན་གཞི་འོག་ཏུ་ཤོ་འདི་རྒྱོབ།།བུ་མོ་སྲིད་ལྕམ་འཕྲུལ་མོ་དེས།།དངུལ་དཀར་མེ་ལོང་གཏོལ་ནས་དཀྲོ། ནས་སྔོན་འབྲུ་བདུན་གནམ་དུ་གཏོར།།བུ་མོ་ང་ལ་ལྷ་ཡོད་ན།།དེ་རིང་མགོན་དང་སྐྱོབ་མཛོད་ཅིག།ལྷ་ཤོ་མོ་ལྷ་བཙན་པོས་མཛོད་།།དཔང་པོ་སྒྲ་ལྷ་གཉན་པོས་མཛོད་།།མོ་ལྷ་སྨན་གྱིས་ཤོ་རྒྱབ་པོ།།བུ་མོ་སྲིད་ལྕམ་ཞལ་ན་རེ།།ལྷ་བོན་ཐོད་དཀར་ཚུར་གསོན་དང་།།ཤོ་མིག་ཉག་དང་གླུད་དུ་བྱུང་།།བུ་མོ་མི་ཡུལ་འགྲོ་བ་ལ།།ཆོ་ལོ་དེ་ལས་འོས་མེད་དོ་།།བུ་མོས་ཕ་ཡུལ་མི་འཛིན་ཡང་།།མིང་ཅིག་སྲིང་ཅིག་ཡིན་པ་ལ།།བགོས་པའི་དཔལ་ཆེ་ཆུང་མེད་།།ཕྱེད་དེ་བདག་ལ་གནང་བར་ཞུ།།བུ་མོས་དེ་སྐད་ཞུས་པ་དང་།།
ལྷ་བོན་ཐོད་དཀར་ཞལ་ན་རེ།།ད་ནི་མིང་སྲིང་དཔལ་བགོ་འཚལ།།ཕོ་དཔལ་གསུམ་གཉིས་མིང་གིས་ཐོབ།།མོ་དཔལ་གསུམ་ཆ་སྲིང་གིས་ཐོབ།།དེ་ནས་དབུའི་རྒྱན་བགོས་པས།།རྒྱལ་རྨོག་གླིང་གཞིའི་མིང་གིས་ཐོབ།།ཀོ་དཀར་འཛིན་ཞུ་སྲིང་གིས་ཐོབ།།དེ་ནས་འགུལ་གྱི་རྒྱན་བགོས་པས།།གསེར་གཡུ་འོད་ལྡན་མིང་གིས་ཐོབ།།གཟི་འཆོང་དུང་གསུམ་སྲིང་གིས་ཐོབ།།དེ་ནས་དཔལ་དང་གཡང་དགོས་པས།།འབྲང་རྒྱས་ཞལ་དཀར་མིང་གིས་ཐོབ།།སྨན་བཤོས་ཟླུམ་པོ་སྲིང་གིས་ཐོབ།།དེ་ནས་ཞལ་གྱི་ཟས་བགོས་པ།།དྲག་བཤོས་ཟུར་གསུམ་མིང་གིས་ཐོབ།།ཟས་མང་ཞལ་མང་སྲིང་གིས་ཐོབ།།དེ་ནས་ཕྱག་གི་ཆས་བགོས་པའི།།ལྷ་མདའ་སྒྲོ་དཀར་མིང་གིས་ཐོབ།།གསེར་འཕང་གཡུ་ལོ་སྲིང་གིས་ཐོབ།།དམུ་འབྲང་མཐིང་རིས་མིང་གིས་ཐོབ།།མུན་ཤེལ་སྣ་དགུ་སྲིང་གིས་ཐོབ།།ལྷ་རྟ་ངང་དཀར་མིང་གིས་ཐོབ།།ནག་ཆུང་རྟིང་དཀར་སྲིང་གིས་ཐོབ།།ལྷ་གཡག་ཞོལ་ཆེན་མིང་གིས་ཐོབ།།རོག་ཆུང་རྟིང་དཀར་སྲིང་གིས་ཐོབ།།དཔལ་དོན་ངོ་དམར་མིང་གིས་ཐོབ།།དཀར་མོ་འཚལ་མིག་སྲིང་གིས་ཐོབ།།ཁྱུང་དཀར་མཛོ་ཕོ་མིང་གིས་ཐོབ།།རྟོལ་པོ་རག་ཡོན་སྲིང་གིས་ཐོབ།།ཕྱར་ར་ཞལ་དཀར་མིང་གིས་ཐོབ།།མཛོ་མོ་ཁ་སྐྱ་སྲིང་གིས་ཐོབ།།དེ་ནས་མགོའི་ལྷ་བགོས་པ།།ཕོ་ལྷ་རྒྱང་དགུ་མིང་གིས་ཐོབ།།མོ་ལྷ་སྲིང་བཅུ་སྲིང་གིས་ཐོབ།།ཁྲབ་རྨོག་གོ་གསུམ་མིང་གིས་ཐོབ།།བལ་འཕོང་སྐུད་གསུམ་སྲིང་གིས་ཐོབ།།ཕོ་ཆེ་ཁྲལ་ཁྲོལ་མིང་གིས་ཐོབ།།མོ་ཆས་སལ་སིལ་མིང་གིས་ཐོབ།།གཏན་གྱི་ཕ་ཡུལ་མིང་གིས་ཐོབ།།མི་ཡུལ་སྐྱ་མོ་སྲིང་གིས་ཐོབ།།མིང་པོའི་ཕྱ་ཕྱིར་སྲིང་མོས་སཔལ་མ་གྲོལ།།སྲིང་མོའི་དཔལ་ཕྱིར་མིང་པོས་ཕྱ་མ་གྲོལ།།ལྷ་བོན་ཐོད་དཀར་ཞལ་ན་རེ།།མིང་སྲིང་ལྕམ་དྲལ་ཚུར་གསོན་དང་།།མིང་པོས་ཕ་ཡུལ་འཛིན་པ་འདི་།།སྲིད་པ་སྐོས་ཀྱིས་བཞག་པ་ཡིན།།བུ་མོ་མི་ཡུལ་འགྲོ་བ་འདི་།། དེ་ཡང་འགྲོ་བའི་བརྒྱ་ལམ་ཡིན།། མིང་སྲིང་དཔལ་བགོས་བྱས་པ་ལ།། རང་རང་ཐོབ་པའི་སྐལ་རེ་ཡོད།། རང་རང་ཕྱག་ཏུ་འབུལ་གྱིས་བཞེས།།
ཀྱེེ།། དཔལ་བཤོས་ཟུར་གསུམ་མངའ་ཐང་ཅན།། གངས་དཀར་ཏི་ཙེ་འདྲ་བ་ཡིན།། ལྷ་གཡག་དཀར་པོ་གཡུ་རྭ་ཅན།། དཔག་བསམ་ལྗོན་ཤིང་འདྲ་བ་ཡིན།། དཔལ་མདའ་དར་གྱིས་བརྒྱན་པ་འདི།། ཡབ་ཀྱི་དཔལ་དུ་འཇོག་པ་ཡིན།།ཡབ་སྐུ་ཚེ་བསྲིང་བའི་རྟེན་མཛོད་ཅིག། དཔལ་བཤོས་འབྲང་རྒྱས་ཞལ་དཀར་འདི།། མ་པང་གཡུ་མཚོ་འདྲ་བ་ཡིན།། དཔལ་ཆང་བདུད་རྩི་འཁྱིལ་བ་འདི།། ཡུམ་གྱི་རྟེན་ཏུ་འཇོག་པ་ཡིན།། ཡུམ་སྐུ་ཁམས་བཟང་བའི་རྟེན་མཛོད་ཅིག། དང་པོ་བུ་གཅིག་སྐྱེས་ཙམ་ན།། སྔས་སུ་མདའ་ཞིག་ཐར་གྱིས་བཙུགས།། སྲོག་མདའ་ཉ་མིག་བྱ་བ་ལགས།། ཕོ་སྲོག་མདའ་ལ་བརྟེན་པ་ཡིན།། བཀྲ་ཤིས་དཔལ་མདའ་སྒྲོ་དཀར་གྱི།། མདའ་ལྟོང་གནམ་དུ་བསྟན་པ་འདི།། མངའ་ཐང་དགུང་དང་མཉམ་པ་ཡིན།། སྒྲོ་ཡི་ཡུད་གསུམ་ཀྱོན་པ་འདི།། མི་ནོར་ཟས་གསུམ་འཕེལ་བའི་དོན།། སྙུག་མ་ཚིགས་གསུམ་ཡོད་པ་འདི།། ལུས་ངག་ཡིད་དང་གསུམ་པོ་ཡིན།། མཚལ་དམར་མདངས་དང་ལྡན་པ་འདི།། ཁ་དོག་མདངས་དང་ལྡན་ཡིན།། མདེའུ་ལྕགས་ལས་བྱས་པ་འདི།། ཕོ་སྲོག་ལྕགས་ལ་བྱས་པ་ཡིན།། དར་ཚོན་སྣ་ལྔས་བརྒྱན་པ་འདི།། དབང་བོ་སྒོ་ལྔ་ལྡན་པ་ཡིན།། སྲིད་པའི་དཔལ་མདའ་སྒྲོ་དཀར་འདི།། ཇོ་བོའི་ཕྱག་ཏུ་འབུལ་གྱིས་བཞེས།། མ་ལ་བུ་མོ་སྐྱེས་ཙམ་ན།། སྔས་སུ་འཕང་ཞིག་ཐར་གྱིས་བཙུགས།། བཀྲ་ཤིས་གསེར་འཕང་གཡུ་ལོ་འདི།། སྐེད་པ་འཛུམ་ལ་འདྲིལ་བ་འདི།། ནོར་ཟས་གཡང་དང་ལྡན་པ་ཡིན།། གཡུ་ཡི་འཕང་ལོ་བསྐོར་བ་འདི།། འཁོར་གཡོག་མདངས་དང་ལྡན་པ་ཡིན།། འཕང་བཏེག་རྡོ་ལ་བྱས་པ་འདི།། མོ་སྲོག་རྡོ་ལས་སྲ་བ་ཡིན།། བཀྲ་ཤིས་གསེར་འཕང་གཡུ་ལོ་འདི།། བུ་མོ་སྲིང་ལྕམ་ཕྱག་ཏུ་འབུལ།། དཔལ་ཤ་ལག་ངར་གཞུ་མཆོག་འདི།། བུ་སྲིང་དཔལ་དང་ལྡན་པ་ཡིན།། འདི་ཡང་བུ་མོའི་ཕྱག་ཏུ་འབུལ།། སྐུ་ཚེ་བསྲིང་བ་ལྷ་ཡིས་གནང་།། ལྷ་གྲལ་འདི་ལ་ཕྱག་གསུམ་འཚོལ།། གདུང་རུང་དཀར་པོ་ཡབ་གྱིས་བྱིན།། དྲིན་ཅན་ཡབ་ལ་ཕྱག་གསུམ་འཚོལ།། བཀྲག་དང་གཟི་མདངས་ཡུམ་གྱིས་བྱིན།། དྲིན་ཅན་ཡུམ་ལ་ཕྱག་གསུམ་འཚོལ།། གསེར་རི་དེ་ནི་དཀྱིལ་འཁོར་ལ།། སྐྱིད་པ་ཡོང་གི་སྐོར་གསུམ་གྱིས།། གཉེའུ་ལྷས་བྱས་པ་ཡིན།། སྣ་བོན་གཤེན་གྱིས་བྱས་པ་ཡིན།། འོག་རྟ་དཀར་ལ་བྱས་པ་ཡིན།། ཡབ་ཅིག་ལྷ་རྗེ་ཞལ་ན་རེ།། གཉེའུ་མི་བདུན་ཚུར་གསོན་དང་།། སྐྱིད་པའི་སྒོ་ལ་དར་ཅིག་ཐོགས།། གཉེའུ་དེ་ནི་མི་བདུན་གྱིས།། སྐྱིད་པའི་སྒོ་ལ་དར་ཅིག་བཏགས།། བུ་མོ་དེ་ནི་འཕྲུལ་ལྕམ་གྱིས།། མཐུ་བ་དེ་ནི་གཡས་པ་ལ།། དར་དཀར་དེ་ནི་ཡུག་ཅིག་བཏགས།། བུ་མོ་སྐྱིད་པའི་ཡུལ་དུ་ཁྲིད།། མི་ཡུལ་རྒྱ་ཡུལ་བརྟན་བཟང་ན།། མིའི་དཔལ་མོ་ཁྱོད་ཀྱིས་གྱིས།། དེ་རིང་རྒྱུ་སྦྱོར་ཡོན་བདག་གི། ཕྱ་དེ་ཡང་མ་འབྲལ་པར་བཞུགས།། གཡང་དེ་ཡང་མ་འབྲལ་བརྟན་པར་བཞུགས།། ཞེས་པ་ལྟར་རོ།།
མིང་པོ་ཡིས་ཕོ་ལྷ་དང་། སྒྲ་བླ། སྲོག་ལྷ། ཡུལ་ལྷ་བཅས་ལས་མ་ལྷ་དང་ཞང་ལྷ་རྣམས་ནི་མི་འབོད། དེ་ནི་མ་ལྷ་དང་ཞང་ལྷ་གཉིས་ནི་སྲིང་མོས་འབོད་པའི་ལྷ་ཡིན་པའི་ཕྱིར་རོ། འོན་ཀྱང་སྲིང་མོས་ནི་ཞང་ལྷའི་ཚབ་ཏུ་སྒྲ་བླ་དང་མ་ལྷ་འབོད་པ་ཡིན།65 དེས་ན་སྲིང་མོ་དེས་ལྷ་ཅི་ཞིག་འབོད་ཚུལ་ཐད་གསལ་པོ་མེད་པའི་གནས་སྟངས་ཤིག་ལྷགས་ཡོད་པ་གོར་མ་ཆགས། སྤྱིར་ན་སྐྱེ་བོ་སུ་ཞིག་ཡིན་ནའང་དེ་ནི་རང་བཞིན་གྱིས་མགོ་ཡི་ལྷ་ལྔ་དང་ལྡན་པའི་བདག་ཉིད་ཅན་ཞིག་ཡིན་ནའང་། སྲིང་མོ་དེ་ལ་ལྷ་གཉིས་ལས་འབོད་དབང་མེད་པ་ལྟ་བུ་ཆགས་འདུག ཁོ་བོར་དཔེ་ཆ་དེའི་བྲིས་མ་གཅིག་པུ་དེ་རང་ལས་མེད་པས་དཔྱད་བསྡུར་བྱ་ཐབས་བྲལ།
གཡང་འགུག་གི་ཆོ་ག་དེ་གལ་ཆེའི་ཆོ་ག་ཞིག་ཏུ་བརྩི་དགོས་པའི་རྒྱུ་མཚན་ནི། མག་པ་དེ་བཀྲ་ཤིས་པའི་རྐྱེན་ལས་ཁྱིམ་ཚང་དེ་ལས་ཕྱིར་ཐོན་འགྲོ་བས་ན་ཁྱིམ་ཚང་དེའི་གཡང་ཡང་དུས་གཅིག་ཏུ་ཕྱིར་ཐོན་འགྲོ་བར་ངོས་འཛིན་བྱེད། དེ་ནི་ཁྱིམ་ཚང་ཞིག་ལ་བལྟོས་ནས་བརྗོད་ན་བཀྲ་མ་ཤིས་པའི་དོན་དུ་བརྩི་བ་ཡིན། དུས་མཚུངས་གཡང་འགུག་ཅེས་པའི་ཆོ་ག་དེ་མནའ་མའི་ཁྱིམ་ཚང་དུའང་སྤེལ་བ་ཡིན། དེ་ནི་ཁྱིམ་ཚང་དེ་མུ་མཐུད་དར་རྒྱས་ཡོང་བའི་ཆེད་དུ་ཡིན་པ་རེད། གཡང་ཞེས་པའི་ཚིག་གི་དོན་ནི་ནོར་དང་ཕྱུག་པོའམ་སྙིང་པོའི་དོན་ལགས། གཡང་ཞེས་པའི་ཚིག་གཞན་དང་སྦྱར་ནས་བེད་སྤྱོད་བྱ་བ་ཡིན་སྟེ། དཔེར་ན། རྟ་གཡང་དང་། འབྲི་གཡང་། རྒྱ་གར་ཆོས་གཡང་། སྟག་གཟིག་ནོར་གཡང་བཅས་ལྟ་བུའོ།།

1,344 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།