རྫོགས་པ་ཆེན་པོ་སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་གཞུང་སྐབས་བརྒྱད་པ་བཞུགས་སོ།།

ཀུན་བཟང་རང་གྲོལ་རྟོགས་པ་ཆེ་ལ་ཕྱག་འཚལ་ནས། །
མཁས་པར་ཐེག་པ་ཀུན་སྦྱངས་དྲན་པ་ནམ་མཁའ་ཡིས། །
དོན་བསྡུས་རྩ་བའི་གནད་བཀྲོལ་རྗེས་འཇུག་དོན་དུ་གསུངས། །
འགལ་འཁྲུལ་ཡིད་དམ་བཀའ་སྲུང་རྣམས་ལ་བཟོད་པར་གསོལ། །
ཕྱག་འཚལ་ཆེ་བ་བརྗོད་ཅིང་མཚན་དོན་བསྟན་པ་དང་། །
བཀའ་དང་བརྟེན་དོན་ལུང་དང་བཤད་ཐབས་རྣམ་གསུམ་དང་། །
གཞི་སོགས་དཔེ་དོན་གཏན་ཚིགས་གསུམ་དང་རྒྱུ་མཚན་དང་། །
བཤད་ཐབས་བདུན་བཞི་སེམས་དོན་བཅུ་བདུན་ལ་བཅད་དང་། །
ཐེག་པ་ཕྱི་ནང་གཉིས་ཀྱི་དབྱེ་བ་རྒྱུ་འབྲས་དགུ། །
གཏན་འབེབས་དོན་བདུན་བརྗོད་བྱ་ལས་སོགས་དགོས་འབྲེལ་དང་། །
གཞུང་གསུམ་བློ་ཡི་བྱེ་བྲག་འབྲས་བུ་སྐུ་གསུམ་དོན། །
ཚད་མ་གསུམ་དང་མ་ཉམས་བརྒྱུད་པའི་དོན་དང་བཅས། །
འཆད་པའི་དཔོན་དང་ཕྱི་རབས་རྟེན་གྱི་མཚན་ཉིད་དང་། །
བསྟེན་པའི་ཐབས་དང་བཙའ་ཐབས་དོན་ལྡན་བཞི་ཉིད་དང་། །
མི་ལྡན་སྤོང་ཞིང་འདུ་ཤེས་བཞིར་བཞག་མཁས་པས་གསུངས། །
སྨིན་དང་བསྒྲོལ་བྱ་ཕྱི་ནང་དབྱེ་བ་དང་པོའི་དོན། །
ཀླད་དོན་བསྟན་པའི་སྐབས་ཏེ་དང་པོའོ།།
མདོར་བསྟན་གཞི་ནས་ཡེ་གྲོལ་འདོད་པ་རང་ཤར་གཉིས། །
ལ་ཟློ་མ་ངག་བསྒྲུབ་པ་བཅད་དེ་ཤུགས་ཆོད་འཐད། །
དཔེར་ན་ཆུ་བརྡོལ་ས་རྡོ་འཕུང་ཞིང་རྟ་རྒྱུགས་མི་ཏོག་ཆད། །
དང་པོ་མཉམ་ཉིད་ལ་ཟློ་ཐོག་མཐའ་ལས་སོགས་སྤང་། །
སྐུ་ལྔ་གནས་ལུགས་རྒྱ་ཆད་མེད་པར་སངས་རྒྱས་ཏེ། །
ཤར་ནུབ་སྒྲིབ་གཡོགས་མེད་དེ་ཟོལ་མེད་གསེར་བཞིན་ནོ། །
གྲོལ་ལུགས་སྣང་སྟོང་དབྱེར་མེད་རྟོགས་དང་མ་རྟོགས་གསུམ། །
བྱ་རྒྱལ་ཁྱུང་གི་སྒོང་ལྟར་སྦུབས་སུ་རྩལ་རྫོགས་ཤིང་། །
མི་སྲིད་སྲིད་ཚུལ་གྲོལ་བའི་རྣ་ཕྲུག་དཔེ་དང་མཚུངས། །
རྫོགས་ལུགས་མདོ་རྒྱས་སྤྱི་དང་བྱེ་བྲག་ཆེ་བའོ། །
རྒྱས་ལུགས་ཇི་བཞིན་ངེས་མེད་སྐྱེ་འགག་མེད་པ་དང་། །
ཐོག་མཐའ་འཇུག་ལྡོག་མེད་ཅིང་རིག་གཉིས་གཏན་ལ་ཕབ། །
དཔེར་ན་སྡོང་པོ་ཐབ་མེ་སྙིང་ལ་མདའ་བརྒྱབ་ལྟར། །
འཁོར་འདས་དུས་གཅིག་གྲོལ་བ་ལྕེ་སྤྱང་མདུད་པ་བཞིན། །
མཚན་དོན་བསྟན་པའི་སྐབས་ཏེ་གཉིས་པའོ།།

གཉིས་པ་གནས་ལུགས་ཡེ་གྲུབ་དོན་ལ་བབས་ལུགས་བཞི། །
ཡེ་གྲུབ་འགག་མེད་དམིགས་མེད་རྒྱུན་ཆད་མེད་པརབསྟན། །
དཔེ་ནི་དང་པོ་ནམ་མཁའ་ཤར་ལུགས་ཆོ་འཕྲུལ་དང་། །
གསུམ་པ་གཉིས་མེད་བཞི་པ་རང་བྱུང་རང་ཞི་ལྟར། །
སྐྱེ་མེད་འགག་མེད་རང་ཤར་བསྒོམ་བསྒྲུབ་རག་མ་ལུས། །
གྲོལ་ལུགས་དགུ་དང་ཀློང་བཞི་གནས་ལུགས་ལས་སོགས་བཞི། །
ཤེས་བྱ་བཞི་པའི་སྐབས་ཏེ་གསུམ་པའོ།།

དྲུག་པ་ཤེས་བྱ་བཅུ་དྲུག་བཞི་ཚོ་བཞིས་བསྟན་ཏེ། །
ཕྱོགས་མེད་རྒྱ་གྲོལ་ཀློང་རྡོལ་གནས་ལུགས་དོན་ལ་བསྐྱལ། །
གནས་ལུགས་ལས་འཕྲོས་ལྟ་སྒོམ་སྤྱོད་འབྲས་གཏན་ཚིགས་ལྔའོ། །
མི་སྤོང་ཕྱོགས་ལྷུང་ཞེན་མེད་གང་ལྟར་ལྷུན་གྱིས་གྲུབ། །
ལུང་རིག་མན་ངག་གསུམ་དང་གསེར་གླིང་དཔེས་མཚོན་ལྟར། །
རང་འབྱུང་སེལ་མེད་སྣང་བ་འགྲན་བཟོད་རིག་པར་གྲོལ། །
རིགས་དྲུག་རྟག་ཆད་ཐེག་དགུར་གྲོལ་བར་ཤེས་པར་བྱ། །
མཐའ་བཞི་རྒྱ་ཡན་བདེ་བདལ་ཕྱོགས་མེད་མདུང་བསྐོར་ལྟར། །
ཁ་ཆར་ཆུ་གྲོགས་ཤིང་མེ་བཞིན་དུ་རྒྱན་དང་རོལ། །
རྒྱ་ཡན་ཐུག་འཕྲད་མཚན་མ་རང་གྲོལ་གོལ་ས་ཆོད། །
དཔེར་ན་རྫ་ཀླུང་ཆུ་དང་བྱེ་མ་གསེར་གླིང་ལྟར། །
ཡིད་ཆེས་ཐག་ཆོད་རང་ངོ་ཤེས་ཤིང་མཐའ་བཞིར་གྲོལ། །
སྒོམ་པ་ཕྱོགས་ལྷུང་སྤྱི་དང་རང་གི་སྐྱེ་འགག་མེད། །
སྤྱོད་པ་མི་འགག་མི་ཚོལ་སྤྱི་རང་འཁྲུལ་པ་ཞིག །
འབྲས་བུ་མི་འགྱུར་ཇི་བཞིན་ཤེས་བྱ་ཆིག་ཆོད་དོ། །
དཔེར་ན་མིས་ས་བྱ་གནམ་ཉ་འཕྱོས་ཆུ་ནང་བཞིན། །

ས་དང་ལམ་དང་ཐེག་པ་ཀུན་སྦྱངས་རིག་པའི་ངང་མི་འདའ། །
བཞི་ཚོ་གཉིས་པ་ཤར་འཕྲོས་བོན་བཞི་གཏན་ཚིགས་ལྔ། །
མ་ངེས་རང་ཤར་ལྟ་དང་ཤར་ནུབ་མེད་སྒོམ་འབྱུང་། །
ཕྱི་ནང་མེད་སྤྱོད་བླང་དོར་མེད་འབྲས་གསུམ་གྱིས་འབེབས། །
ཟང་ཐལ་སོགས་གནས་མེད་ཅིང་རང་ཤར་ནུབ་པ་མེད། །
ཡིན་ལུགས་ལྔ་དང་མ་འགལ་མཉམ་ཉིད་བླང་དོར་སྤངས་ཐོབ་མེད། །
གྲོལ་ལུགས་མི་གནས་ཡུལ་བྲལ་རྗེས་མེད་རེ་དགོས་མེད། །
ཤེས་བྱ་བཅུ་དྲུག་སྐོར་གྱི་སྐབས་ཏེ་བཞི་པའོ།།

དོན་བསྐོར་རྣམ་ལྔ་དམ་བཅའ་ཡིད་ཆེས་གཏན་ཚིགས་གསུམ། །
གདམས་ངག་ལ་བཟླ་བཅོ་བརྒྱད་སྐྱེ་འགག་དབྱེར་མེད་དུ། །
མཐའ་བཞི་བྱ་བྲལ་དམ་བཅའ་གཏན་ཚིགས་ཡིད་ཆེས་དང་། །
གདམས་ངག་བཅུ་གཉིས་རྟ་སྐྱེས་རྟ་ལྟར་སྐྱེ་གཞི་མེད། །
ཡུལ་མེད་ལམ་མེད་རང་འབྱུང་ངེས་མེད་འགྱུར་མེད་དོ། །
གཞི་དང་རྐྱེན་དང་འབྲས་བུ་གནད་འགྲོ་དབྱིངས་གྲོལ་ཚུལ། །
ཐོག་བབས་ཚུལ་དང་མི་སྲིད་སྐྱེ་འགག་རྒྱུན་ཆད་མེད། །
དབྱེར་མེད་རྟག་ཆད་མི་གནས་ལྔ་པ་བྱ་རྒྱུ་མེད། །
མི་དགོས་བདུན་ཏེ་རྣམ་བཞིར་ཚད་གསུམ་བཟློག་ནུས་ཤིང་། །
སྒྲོ་བསྐུར་མི་འཇུག་ཐ་སྙད་ཚད་གསུམ་བྲོད་མི་སྐྱེ། །
སྡུག་བསྔལ་རྗེས་སུ་མི་འབྲེང་བོན་གྱིས་ལྐོག་མི་དོར། །
མི་བསྟེན་ཤུགས་འབྱུང་གྲོལ་ས་ཡོད་པས་བློ་བདེའོ། །
མཐའ་གྲོལ་ཉམ་ང་བོན་གྱི་དགག་མེད་གར་དགར་གཏང་། །
མི་ལྟ་མི་བསྒྱུར་མི་བྱ་མི་དོར་མི་བསྟེན་ནོ། །
ཤུགས་འབྱུང་རེ་དོགས་གྲོལ་བ་བྱར་མེད་རང་གྲོལ་ལོ། །
དོན་བསྐོར་ལྔ་པའི་སྐབས་ཏེ་ལྔ་པའོ།།

བཅོ་ལྔ་དུས་མཉམ་བོན་ཉིད་ཡིད་ཆེས་དབྱིངས་སུ་འགྲོ། །
ངེས་ཚིག་དབྱེ་གཉིས་གསུམ་གྱིས་གདམས་ངག་བབས་ལུགས་བསྟན། །
རྣམ་གསུམ་འཁྲུལ་སྣང་ཡེ་ཤེས་བོན་ཉིད་འགྱུར་མེད་ནི། །
ཐོག་བབས་ཅར་ཕོག་ཤུགས་འབྱུང་ཀློ་བརྡོལ་བར་པ་གཉིས། །
ཡིད་ཆེས་དགོངས་གསུམ་རིམ་ཆིག་གྲོལ་ནས་ཆིག་ཆོད་དོ། །
རིམ་གྱིས་ལམ་ས་དུས་ལམ་ལྔ་ཚོགས་སྦྱོར་མཐོང་ངོ་། །
སྒོམ་མཐར་བཞི་གསུམ་བོན་བཅུ་ཡན་ལག་གཤེན་རབ་ཀྱི། །
རྣམ་པར་ས་རིམ་རབ་དགའ་དབྱེར་མེད་གཡུང་དྲུང་ངོ་། །
དུས་རིམ་ཆུང་ངུན་འབུམ་ཕྲག་གཡུང་དྲུང་ཕྱི་ཐོབ་པའོ། །
ཆིག་ཆར་ལམ་དང་ས་དུས་ཤེས་བྱ་ཆིག་ཆོད་ནི། །
ལམ་ས་དུས་བློ་ཤེས་རབ་སྣོད་དང་གདམས་ངག་ཆིག་ཆོད་དོ། །
དཔེར་ན་བྱ་རྒོད་ཕྱེ་མ་ལེབ་དང་རྫིང་ཆུར་སྐྲས། །
ཕྱར་ལྟར་མཐོ་དམན་རིམ་པ་བོན་ཉིད་ཀློང་དུ་མཉམ། །
ཡིད་ཆེས་དགེ་རྩ་བོན་ལ་བྱ་རྒྱུ་ཤར་ནུབ་མེད། །
ཐམས་ཅད་དབྱེར་མེད་རང་གྲོལ་སྐུ་གསུམ་རང་གྲོལ་ལོ། །
བློ་བདེ་ཐིག་ལེའི་ཀློང་དུ་མཐའ་འདས་འགག་མེད་སྐྱེ་འགག་མེད། །
ཕུང་པོ་དོར་དང་ཡོན་ཏན་ཉི་ཤུ་ངེས་ཚིག་བསྟན། །
ལ་གཉིས་རྣམ་བདུན་བཅུ་བཞི་མདོ་རྒྱས་རྒྱ་མ་ཆད། །
མི་འགྲོ་ཆུད་མི་ཟ་ཞིང་དཔེར་ན་སྔགས་མཁན་གྱིས། །
དཔྱིད་མེད་རྩོལ་ལྡན་སོ་ནམ་སྟོན་ཀ་སྨིན་ནུས་ལྟར། །
སྤྱོད་ཡོད་འབྲས་བུ་མི་བསླུ་དཔེར་ན་ཅིར་ཡང་འབྱུང་། །
རྗེས་ཐོབ་ཞི་ལྷག་རང་རྒྱུད་ཁྱད་པར་སྐྱེ་མ་མྱོང་། །
མ་མྱོང་མི་གནས་མ་བྱུང་མ་སྐྱེས་མི་ཤིག་པར། །
ཕྱོགས་མེད་འཆར་བར་འབྱུང་བར་ཟང་ཐལ་མཐའ་ལས་འདས། །
ཆ་ཕྲ་དམིགས་མེད་འཇིག་འབྲལ་གྲོལ་ལུགས་ཁྱུང་སྒོང་ལྟར། །
བཅུ་བདུན་མི་རིགས་རིགས་པར་ཆོ་འཕྲུལ་སེམས་ཅན་གྱི། །
གྲོལ་ཞིང་མ་བསྟན་མེད་པར་གྱུར་པ་གསུམ་གྱིས་འཐད། །
མཐའ་མ་ལྔ་ཡོད་མི་སྲིད་སྲིད་པ་བྱ་བུ་རྣ་ཕྲུག་གོ། །
རྡེ་བུར་བཏགས་ན་གཤིས་ལ་བབས་ལུགས་གྲོལ་ལུགས་ཀྱི། །
ལྔ་ནི་ཡུལ་མེད་ཉག་ཅིག་ཡེ་ཤེས་ཕྱོགས་མེད་དོ། །
འགག་མེད་གཉིས་པ་སེམས་ཅན་རྣམ་རྟོག་དུག་ལྔ་དང་། །
ཐེག་པ་ངེས་མེད་གསུམ་པ་སྐུ་གསུམ་ཉག་ཅིག་དང་། །
ཡེ་ཤེས་ཕྱོགས་མེད་ངེས་མེད་ཐ་མའི་བཅུ་དགུ་པ། །
མཉམ་པའི་མི་མཉམ་མཉམ་པར་མཐའ་ལ་མཐའ་མ་ལྔ། །
ཉི་ཤུ་རྣམ་པ་མ་ངེས་མི་གནས་མ་ངེས་པ། །
མ་ཁྲོལ་ངག་གི་འཇིག་བྲལ་ཚུར་བཟློག་མི་གནས་པས། །
དུས་མཉམ་གསུམ་པའི་སྐབས་ཏེ་དྲུག་པའོ།།

སུམ་ཕྲུགས་ཡར་མར་བར་གྱི་ཀློང་གསུམ་བོན་སྤྲུལ་ལོངས་སྐུའོ། །
ཕུག་འཕྲང་སྡུག་བསྔལ་ཕྱོགས་འཛིན་གདམས་ངག་ཞབས་བརྡོལ་དུ། །
ལམ་གྱི་བོན་རྣམས་ཚོགས་དྲུག་གྲུབ་མཐའ་བོན་ཉིད་གནད། །
དཔེར་ན་ཁྱུང་སྒོང་རླབས་ཡལ་སྤྲིན་ཐིམ་ལག་ཆད་མཁར། །
གཉིས་པ་གནད་གཉིས་གླང་ཆེན་གནད་གསུམ་སྐྱེ་འཆི་མེད། །
མི་ལེན་མི་སྙེགས་བཟང་ངན་རྒྱུ་ཟད་རྐྱེན་ཟད་འདུ་བྱེད་ཟད། །
མ་གཏོགས་བོན་ལ་གདམས་ངག་མི་འགག་མི་གནས་ཏེ། །
ཕྱོགས་མེད་ཆར་བྱུང་ཕྲག་བརྒྱ་དགོས་འདོད་ཆོ་འཕྲུལ་གྱི། །
རྩ་གཉིས་འཕོ་འགྱུར་མེད་དེ་སྐྱོལ་བའི་བཞག་པ་དང་། །
སྤངས་དང་ཕྱུང་དང་རྩད་ནས་སྐྱེ་རྐང་ལྡོག་ཆུ་འདྲེས། །
མཚན་དང་བཅས་པས་མཇུག་བསྡུ་བའི་སྐབས་ཏེ་བདུན་པའོ།།

ཐ་དད་རང་ཤར་ངེས་ཚིག་གཞུང་དགྲོལ་མདོ་རྒྱས་སོ། །
དཔེ་དོན་བཅུ་བཞི་མདོ་རྒྱས་ཟ་འོག་བཅུ་བདུན་སྣང་། །
ལྟ་སྒོམ་སྤྱོད་འབྲས་སྤྱི་རང་གསད་སེམས་སྣང་བ་སྐུ། །
ལོ་འདབ་ཡལ་ག་སྣང་བ་བོན་ཉིད་ནང་གསེས་བཅུ། །
སྒོམ་ཡོད་སྒོམ་མེད་གཏིང་མེད་ལོབས་འདོད་བློ་དངོས་འབྱེད། །
དྲེགས་ཆད་དྲང་འཐད་སྤུན་པོ་ནག་འབྱམས་ཡང་ཡིན་ནོ། །
བཞི་པ་ག་པུར་ཤར་ཚུལ་དགོས་འདོད་གྲོལ་ཚུལ་བསྟན། །
ཁྱུང་མཆོག་དམུ་ལོང་ཆེ་ཆུང་ནམ་མཁའ་སྐྱེས་བུ་ལྟར། །
བོན་སྐུ་བདེ་ཆེན་ལུང་གི་བསལ་པས་རང་ཤར་བསྟན། །
འདོད་པ་ཐ་དད་རང་ཤར་པའི་སྐབས་ཏེ་བརྒྱད་པའོ། །

དོན་བསྡུས་རྩ་བའི་གནད་བཀྲོལ་མན་ངག་དམ་པ་འདི། །
སྐབས་བརྒྱད་ཤོ་ལོ་ཀ་ནི་སུམ་ཅུ་གཉིས་དང་ཚིག་བཤད་གཅིག །
ཚིག་བཤད་བརྒྱ་དང་ཉི་ཤུ་དགུ་ཡིས་རྩ་བ་བཅིངས་ནས་སུ། །
ཕྱི་རབས་སྤྲུལ་པའི་བུ་ལ་འོལ་ཙམ་བསྡུས་ཏེ་བཞག། །།
ཅེས་གསུངས་སོ། །རྒྱ་རྒྱ་རྒྱ།
དོན་བསྡུས་རྩ་བའི་མན་ངག་རྫོགས་སོ། །

བླ་ཆེན་དྲན་པ་ནམ་མཁའི་བཀའ། རྗེ་རི་ཁྲོད་པ་ཆེན་པོས། སྤྲུལ་སྐུ་ལུང་སྟོན་ལྷ་གཉན་ལ་གནང་། དེ་ཡིས་ལུང་སྒོམ་འཁོར་ལོ་རྒྱལ་པོ་ལ་བརྒྱུད། དེས་འ་ཞ་བློ་གྲོས་ལ་བརྒྱུད། དེ་ནས་རིམ་གྱིས་བརྒྱུད་དེ་དར་བའོ།།

1,400 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།