གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གླིང་གི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེའི་ཐུགས་གསོའི་འཚམས་འཕྲིན།

11173357_1588181998125834_5917718116660722647_n༧གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་གི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་ནས་ཧི་མ་ལ་ཡི་རི་རྒྱུད་དང་བལ་ཡུལ་སོགས་ལ་ས་ཡོམ་གྱི་གནས་ཚུལ་ཚབས་ཆེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོའི་འཚམས་འཕྲིན་དང་སྨོན་ལམ་གནང་བ།མཛའ་ཞིང་བརྩེ་བའི་གྲོགས་པོ་དང་གྲོགས་མོ་སོགས་ཀྱི་སྙན་དབང་དུ་ཞུ་རྒྱུར།  ད་ལམ་ཕྱི་ལོ་༢༠༡༥ ཟླ་བ་བཞི་པའི་ཚེས་ཉེར་ལྔའི་ཉིན་གྱི་ཉིན་གུང་ཙམ་ལ་ཧི་མ་ལ་ཡའི་རྒྱུད་དུ་འབྱུང་བ་ས་འགུལ་གྱི་ཤུགས་ཚད་ཀྱི་ཚད་རིམ་བྷི་བྷི་སིའི་གསར་འགྱུར་ནས་བཤད་པ་བལྟར་ན་བདུན་དང་གྲངས་ཆུང་བརྒྱད། རྒྱ་ནག་གི་གསར་འགྱུར་དང་བལ་ཡུལ་གྱི་གསར་འགྱུར་ལས་བཤད་པ་ལྟར་ན་བརྒྱད་དང་གྲངས་ཆུང་གཅིག་བཅས་བརྒྱབ་ནས་མི་རྒྱུ་གཉིས་ཀར་གོད་ཆག་ཚབས་ཆེན་བཟོས་འདུག་ཅེས་བཤད་སོང། ལྷག་པར་དུ་ས་འགུལ་གྱི་གོད་ཆག་ཆེ་ཤོས་བལ་ཡུལ་གྱི་ས་ཡི་དཀྱིལ་དུ་བྱུང་སྟེ་བལ་ཡུལ་གྱི་མངའ་ཁོངས་ཧྲིལ་པོར་ས་གཡོས་བྱུང་བ་དང་ལྷག་པར་དུ་ཁང་པ་དང་མི་ཚོགས་ཆེ་ཤོས་ཡོད་ས་བལ་ཡུལ་གྱི་རྒྱལ་ས་(KTM)ཀ་ཏ་མཎ་ཀྲུར་བརྒྱབ་ནས་མི་དང་རྒྱུ་དངོས་མཁར་དབང་བཅས་ལ་བསམ་ཡུལ་ལས་འདས་པའི་གནོད་སྐྱོན་ཚབས་ཆེན་བཟོས་པའི་གནས་ཚུལ་ཐོན་པ་དང། མ་ཟད་ལོ་རྒྱུས་ཀྱི་རང་བཞིན་དང་ལྡན་པའི་རྩ་ཆེའི་ཆོས་དང་རིག་གཞུང་གི་དངོས་པོ་རྩ་མེད་དུ་བཏང་བ་དང། དགོན་པ་ལྷ་ཁང་དང་མཆོད་རྟེན་སོགས་མང་པོ་ཞིག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པའི་གནས་ཚུལ་འདུག འབྱུང་བས་འཇིགས་པ་འདི་ཡི་འོག་ཏུ་ད་བར་བལ་ཡུལ་གཞུང་དང་བྷི་བྷི་སི་གསར་འགྱུར་ཁང་ནས་བཤད་པ་ལྟར་ན་དེ་རིང་ཕྱི་ཟླ་བཞི་པའི་ཚེས་༢༧ བར་མི་ལ་འཆི་བའི་གྲངས་འབོར་༣༣༢༦ བྱུང་བ་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་༦༥༠༠ ཙམ་བྱུང་བའི་ཁྱབ་བསྒྲགས་བྱས་སོང། ད་དུང་ཡང་ས་ཆ་ཁུག་སྐྱོག་དང་ཁང་ཞིག་གི་འོག་དང་ས་རྡོ་ཞིག་པའི་འོག་ནས་མི་ཡི་ཕུང་པོ་ཐོན་དང་ཐོན་བཞིན་པའི་གནས་ཚུལ་ཐོན་བཞིན་ཡོད་འདུག ད་དུང་ཉིན་ལྟར་ས་འགུལ་ཆེ་ཆུང་ཅི་རིགས་གཡོས་དང་གཡོ་བཞིན་པའི་གནས་ཚུལ་དང། ཡུལ་མི་ཕལ་ཆེར་སྲང་ལམ་དང་ཐང་ཐེར་སོགས་ལ་ཆར་རླུང་གི་འོག་ཏུ་བསྡད་ནས་རང་སྲོག་ཐར་ཐབས་ལ་འབད་ཐབས་འབད་བཞིན་ཡོད་འདུག ད་ལྟ་མི་རྣམས་ཀྱི་སྡུག་བསྔལ་ལ་བསམ་ན་ཧ་ཅང་གི་ཡིད་སྐྱོ་ཞིང་འཇིགས་སུ་རུང་བའི་གནས་ཚུལ་ཏེ། བྱམས་ཞིང་བརྩེ་བའི་ཕ་མ་སྤུན་ཟླ་བུ་ཕྲུག་སོགས་འཆི་སྐྱོན་དང་རྨས་སྐྱོན་དེ་བཞིན་འདུག་གནས་མེད་པར་ཆར་རླུང་གྲང་ངར་གྱི་འོག་ཏུ་མི་འདུག་ཐབས་མེད་ཀྱི་གནས་ཚུལ་ཡ་ང་བ་འདི་དག་ལ་རང་རིགས་ལྷག་བསམ་ཅན་རྣམས་ཀྱིས་མི་རྒྱུ་གང་ཅིའི་ཐད་ནས་རོགས་ཕན་བྱ་གལ་ཆེ་བ་དང། ཐར་པའི་ལམ་འདྲེན་མཁྱེན་པ་ཅན་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་གཤིན་པོར་བར་དོའི་འཇིགས་འཕྲང་ལས་མྱུར་ནས་མྱུར་དུ་ཐར་པའི་བདེ་གནས་ཐོབ་པའི་བསྔོ་སྨོན་དང། རྗེས་ལུས་ནང་མི་གསོན་པོར་གནས་པ་རྣམས་ཀྱི་རྐྱེན་ངན་བར་ཆད་མཐའ་དག་མྱུར་བར་ཞི་ནས་མི་ཚེ་དོན་ལྡན་ཞིག་འབྱུང་བའི་དགོངས་པའི་ཀློང་ནས་ཐུགས་སྨོན་རྒྱ་མི་ཆུང་བར་གནང་བའི་རེ་བསྐུལ་ཞུ་བཞིན་ཡོད།

དེས་ན་རང་རིགས་ལ་ཤ་ཞེན་དང་མི་ཆོས་དགེ་བའི་རྩ་བར་དམིགས་ནས་སྡུག་བསྔལ་དང་དཀའ་སྡུག་གིས་མནར་བའི་མི་རྣམས་ལ་ཕྱི་ཕྱོགས་སུ་བཞུགས་པའི་བླ་སྤྲུལ་དགེ་བཤེས་དགེ་བཙུན་མ་རྣམས་དང་འབྱོར་ལྡན་ཅན་རྣམས་ཀྱིས་དམིགས་བསལ་གྱི་ས་འགུལ་འདི་ཡིས་གནོད་སྐྱོན་ཕོག་པའི་མི་རྣམས་ལ་རོགས་རམ་བྱེད་པའི་ཚོགས་པ་སོགས་ཀྱི་བརྒྱུད་ནས་རང་ནུས་ཅི་འཇོན་གྱིས་རོགས་རམ་རྒྱ་མི་ཆུང་བར་གནང་བའི་རེ་བ་ཞུ་བཞིན་པ་བཅས།
འདིར་༧དཔལ་གཤེན་བསྟན་སྨན་རིའི་དགོན་པ་གྲྭ་ཚང་ནས་ཉིན་གསུམ་རིང་།
༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་མཆོག་གིས་བཀའ་དགོངས་ལྟར་གདན་ས་སྨན་རིར་ཉིན་གསུམ་གྱི་རིང་ལ་དགེ་འདུན་པ་ཡོངས་ནས་བལ་ཡུལ་ལས་སོགས་སུ་འབྱུང་བའི་གོད་ཆག་བྱུང་བ་ལ་བརྟེན་ནས་འདས་པོ་རྣམས་ཀྱི་ཆེད་དུ་སྨོན་ལམ་དང་གསོན་ལུས་རྣམས་དང་ས་གཡོས་ཀྱིས་གཏོར་བཤིག་དང་དཀའ་སྡུག་གི་འོག་ཏུ་ཡོད་པའི་མི་རྣམས་ཀྱི་ཆེད་དུ་བྱམས་མ་སྔགས་ཀྱི་བསྟོད་པ་དང་ཀུན་གསལ་བྱམས་མ་ཆེན་མོ་ལ་བརྟེན་ནས་བྱད་བཟློག་དང་དགྲ་བཟློག་སོགས་ཀྱི་སྒོ་ནས་རྐྱེན་བཟློག་གི་ཆོ་ག་རྒྱ་ཆེར་བསྒྲུབ་བཞིན་དུ་མཆིས།

སྨན་རིའི་དཔོན་སློབ་ཡང་སྟོན་པ་འཕྲིན་ལས་ཉི་མས་གུས་འདུད་བཅས་ཏེ་ཕུལ།