གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་ཐུགས་གསོའི་འཚམས་འཕྲིན།

11054826_965976340102532_8734830983070657083_nབརྩེ་བའི་ཆོས་གྲོགས་རྣམ་པ་དང་། བལ་པོའི་མི་མང་ཐུན་མོང་ལ་ཆེད་ཞུ།
ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༤ ཚེས ༢༥ ཉིན་བལ་ཡུལ་རྒྱལ་ཁོངས་དང་། ཁྱིམ་མཚེས་རྒྱལ་ཁབ་ཁ་ཤས་སུ་རང་བྱུང་ས་ཡི་གཡོ་ཤུགས་ཀྱིས་གོད་ཆགས་ཚབ་ཆེན་ཕོག་པར་ངེད་ཕྱི་ཕྱོགས་སུ་བཞུགས་པའི་བླ་གྲྭ་རྣམས་བློ་ཕམ་ཆེན་པོ་བྱུང་། གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པ་ལྟར་ན། བལ་ཡུལ་རྒྱལ་ཁོངས་སུ་ས་ཡོམ་ཆེན་པོ་དེའི་འོག་ཏུ་སྐྱེ་འགྲོ་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། མི་མང་པོར་རྨས་སྐྱོན་བྱུང་བ་སོགས་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པ་མ་ཟད་ནང་མི་དགའ་ཉེ་མང་པོ་གར་སོང་ཆ་མེད་དུ་གྱུར་ནས་འཇིགས་སྐྲགས་དང་དཀའ་ངལ་འཕྲད་འདུག་པ་དང་། དེ་བཞིན་གདོད་མའི་ལོ་རྒྱུས་ལྡན་པའི་མཆོད་རྟེན་ལྷ་ཁང་དང་། འགྲེམས་སྟོན་ཁང་སོགས་རྩ་ཆེའི་རིན་ཐང་བྲལ་བའི་དངོས་པོ་མང་པོ་རྩ་གཏོར་དུ་སོང་བ་ཤེས་སོང་། དེ་ལྟར་འཇིགས་སུ་རུང་བའི་ས་ཡོམ་རྒྱག་བཞིན་པའི་སྐབས་དེར་ཁྲི་བརྟན་ནོར་བུ་རྩེ་དགོན་པའི་གྲྭ་བཙུན་ཕོ་མོའི་འབྱུང་ཕུང་ལ་དངོས་སུ་བརྡབ་སྐྱོན་བྱུང་མི་འདུག་ཀྱང་གནོད་འཚེ་ཕོག་ཡུལ་རྣམས་ཀྱི་དཀའ་སྡུག་ལ་བློ་འཚུབ་ཚད་མེད་བྱུང་། དེ་དང་ལྷན་དུ་ངས་རྐྱེན་ངན་དེའི་འོག་ཏུ་ཚེ་སྲོག་ཤོར་བ་རྣམས་ལ་བསྔོ་བ་སྨོན་ལམ་དང་། ཚབ་ཆེའི་གཏོར་སྐྱོན་དེའི་འོག་ལུས་སེམས་གཉིས་ལ་གྱོང་གུད་ཐེབས་པའི་གསོན་པོ་རྣམས་དཀའ་སྡུག་ལས་མྱུར་དུ་གྲོལ་བའི་གསོལ་བ་སྨོན་ལམ་འདེབས་བཞིན་པ་ཡིན། ལྷག་དོན་དུ་ངས་རེ་བསྐུལ་དང་ལམ་སྟོན་ཞུ་རྒྱུ་ཞིག་ལ་གཡུང་དྲུང་བོན་གྱི་བླ་མ་དང་། དགེ་བཤེས། གྲྭ་བཙུན། ཨ་ནེ་དང་། རྣལ་འབྱོར་པ་སོགས་དགེ་སྦྱོར་ལ་བརྩོན་མཁན་རྣམ་པས་སྙིང་པོ་རྣམ་གསུམ་གཙོས་གསོལ་འདེབས་སྨོན་ལམ་དང་། མཆོད་མེ་སོགས་མཆོད་སྦྱིན་རྣམ་པར་དག་པ་ལ་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་ས་ཡོམ་གྱིས་གནོད་འཚེ་ཕོག་པ་བལ་པོའི་མི་མང་རྣམས་མྱུར་དུ་འགལ་རྐྱེན་ཞི་ཞིང་བདེ་སྐྱིད་སླར་གསོ་ཐུབ་པའི་ཐུགས་བསྐྱེད་གནང་རོགས་ཞུ་རྒྱུ་དང་ལྷན་དུ་བསྔོ་སྨོན་དང་བཅས།
བསྟན་འཛིན་རྣམ་དག་ནས།