གཡུང་དྲུང་བོན་གྱི་དྲྭ་རྒྱ།

ལས་རྒྱུ་འབྲས་ཀྱི་རྣམ་གཞག་སྐོར་གྱི་ནང་དོན་གནད་བསྡུས།

11304126_991912914175541_1235029428_nཕྱི་ལོ་ ༢༠༡༥ ཟླ་བ་ ༦ ཚེས་ ༡༠ ཉིན་སྨན་རིའི་དགེ་བཤེས་ཚེ་དབང་དངོས་གྲུབ་ལགས་ཀྱིས་༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་བཞི་པའི་སྟེང་ལ་ཆེད་དུ་དཔྱད་གཏམ་གནང་བའི་བོན་ལུགས་ལྟར་གྱི་ལས་རྒྱུ་འབྲས་ཀྱི་རྣམ་གཞག་སྐོར་གྱི་ནང་དོན་གནད་བསྡུས།

སྤྱིར་འཛམ་བུ་གླིང་ན་ཆོས་ལུགས་གྲངས་མང་བའི་ཆོས་རིགས་ལོ་རྒྱུས་དང་གྲུབ་མཐའ་སོ་སོའི་ལྟ་བ་དང་ལས་རྒྱུ་འབྲས་ཀྱི་རྣམ་བཞག་འདོད་ཚུལ་མི་འདྲ་བའི་རྒྱུ་མཚན་དུ་མ་གསུངས་མོད་ཀྱང་། བྱེ་བྲག་སངས་རྒྱས་གཡུང་དྲུང་བོན་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཀའ་དྲིན་ཅན་ཁོང་ནི་མི་ལོ་ཆིག་ཁྲི་བརྒྱད་སྟོང་(༡༨༠༣༢)སྔོན་དུ་འཛམ་གླིང་འདི་ཐོག་ཏུ་བྱོན་ཞིང་དེས་གསུངས་པའི་བོན་སངས་རྒྱས་ཀྱི་བསྟན་པ་ཞེས་པ་འདི་དུས་ད་ལྟ་བར་གནས་ཡོད་པ་གསལ་པོ་ཡིན།

སྟོན་པ་ཐུགས་རྗེ་ཅན་གྱིས་ལས་རྒྱུ་འབྲས་ཀྱི་རྣམ་བཞག་གསུང་དོན་ནི་འཁོར་བའི་ཉེས་དམིག་དང་འཁོར་བ་ལ་བློ་ལྡོག་པའི་ཕྱིར་རམ་ལས་འབྲས་ཀྱི་སྤངས་བླང་གི་རྣམ་བཞག་ལ་མཁས་ཤིང་འཁོར་བ་མེད་པའི་ཐར་ལམ་སྟོན་པར་བྱེད་པ་སྟེ་གདུལ་བྱ་ལ་ལམ་ནོར་བ་བཀྲིད་དྲང་གི་སྒོ་ནས་ཡང་དག་པར་འཛིན་པར་བྱེད་པ་དང་བྱང་ཆུབ་ཀྱི་ལམ་ལ་འཇུག་པའི་དོན་ཡིན་པ་ཞེས་པ་དང་། རང་རེ་འཁོར་བའི་སེམས་ཅན་རྣམས་ཀྱིས་བདེ་བ་འདོད་ཀྱང་བདེ་བ་འབྱུང་བའི་རྒྱུ་དགེ་བ་སྒྲུབ་མ་ཤེས་སྡུག་བསྔལ་མི་འདོད་ཀྱང་དེའི་རྒྱུ་སྡིག་པ་གཅིག་ཐོག་ཏུ་གཉིས་བསགས་ཏེ།

དཔེར་ན་མེ་འབར་བའི་ཐོག་ཏུ་ཤིང་བསྣན་པ་བཞིན་སྡིག་པའི་ལས་བསམ་གྱི་མི་ཁྱབ་པ་ཞིག་ཁ་ཞོར་ལག་ཞོར་དུ་བསགས་པ་ནི་གཙོ་བོ་རྒྱུ་དུག་ལྔ་ལས་འབྱུང་བ་ཡིན་ཏེ། མདོ་ལས། དུག་ལྔའི་རྒྱུ་ལས་མི་དགེ་སྤྱོད། འཁོར་བའི་ལམ་ལྔ་རྣམ་པར་སྨིན། ཞེས་གསུངས་པ་དང་། དེ་ལྟ་བུ་དུག་ལྔ་དེ་སྤོང་བའི་ཐབས་དེའི་གཉེན་པོ་ཡེ་ཤེས་ལྔ་དང་དེ་དང་འབྲེལ་ནས་དགེ་སྡིག་སྤང་བླང་ཚུལ་བཞིན་བྱེད་དགོས་ཏེ། མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ལས། དུག་ལྔའི་དབང་དུ་གྱུར་པའི་སྡིག་པ་མི་དགེ་བའི་ལས་བགྱིས་པ་དེ་དག་ནི་ཤིན་ཏུ་ཡ་ང་བ་རབ་ཏུ་སྤང་ཞིང་དགེ་བའི་ལས་ལ་གཞུག་པར་བྱའོ་ཞེས་དང་། དེ་གང་ཞེས་ན། ཞེ་སྡང་གི་གཉེན་པོ་བྱམས་པ་དང་། འདོད་ཆགས་ཀྱི་གཉེན་པོ་སྦྱིན་པ། གཏི་མུག་གི་གཉེན་པོ་ཡེ་ཤེས། ཕྲག་དོག་གྱི་གཉེན་པོ་ཡངས་པ། ང་རྒྱལ་གྱི་གཉེན་པོ་ཞི་བ་སེམས་རྒྱུད་ལ་བསྐྱེད་ནས་དགེ་བའིི་ལས་སུ་བཞུགས་པར་བྱའོ། །

མདོ་ལས།  ཐམས་ཅད་ཀུན་གྱི་ས་བོན་རིན་ཆེན་སེམས་ཡིན་གསུངས་པ་ལྟར། ལས་ལ་དབྱེ་ན། སྡིག་པའི་ལས་དང་། དགེ་བའི་ལས། ལུང་དུ་མ་བསྟན་པའི་ལས་དངགསུམ། སྤྱིར་ལས་བཟང་ངན་དང་དགེ་བ་དང་སྡིག་པ་ཟེར་བ་གཙོ་བོ་བསམ་སྦྱོར་བཟང་ངན་གྱི་སྒོ་ནས་བྱུང་བའི་གནད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྟོན་པས། སེམས་པ་བཟང་པོ་གསེར་ལྟར་འཆང་ཞེས་གསུངས། སྤང་བྱའི་སྡིག་པའི་ལས། དོན་དུ་གཉེར་བྱ་མ་ཡིན་པའི་རང་གི་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་འབྱིན་པའི་ལས་ལ་སྡིག་པའི་ལས་ཞེས་བརྗོད། སྡིག་པ་ཞེས་པ་ནི་སྨོད་པར་བྱེད་པ་དང་འཇིག་པར་བྱེད་པ།

མདོར་ན་གནོད་པའི་རང་བཞིན་ཅན་གྱི་ལས་ཞིག་ལ་སྡིག་པ་ཞེས་བརྗོད་ཀྱི་ཡོད། དེ་ཡང་བྱ་བ་གང་ཞིག་སྒྲུབ་པའི་སྐབས་སུ་བྱ་བ་དེ་གང་ཟག་གཞན་ཞིག་མི་བདེ་བ་མ་སྐྱིད་པ་བྱེད་པ་དང་སྡང་བར་བྱེད་པ་འཇིགས་པར་བྱེད་པ་བཅས་ཀྱི་བྱ་བ་དེར་སྡིག་པ་ཞེས་དང་། དེ་ཙམ་དུ་མ་ཟད་བསམ་བློ་ཞིབ་ཕྲ་བཏང་ན་ལུས་ངག་གི་སྡིག་པའི་ལས་གང་ཞིག་སྒྲུབ་པའི་སྐབས་སུ་སྒྲུབ་པ་པོ་རང་གི་བློ་ཡང་འཁྲུགས་ཏེ་མ་སྐྱིད་པ་ཡོང་བའི་ཐོག་ནས་གནོད་པའི་ལས་དེ་དག་བྱེད་ཀྱི་ཡོད་། སྤང་བྱ་མི་དགེ་བའི་ལས་བཅུ་གང་ཞེས་ན། ལུས་ཀྱི་མི་དགེ་བ། སྲོག་གཅོད་པ། མ་བྱིན་ལེན་པ། ལོག་པར་གཡེམ་པ་དང་གསུམ། ངག་གི་རྫུན་དང་། ཕྲ་མ། ཚིག་རྩུབ། ངག་འཁྱལ་དང་བཞི། ཡིད་ཀྱི་མི་དགེ་བ་མངན་སེམས། གནོད་སེམས། ལོག་ལྟ་དང་བཅུ་ཡོད།

དེ་ཡང་མཛོད་ལས། རྣམ་སྨིན་མི་འདྲ་ཕྱི་མར་སྨིན། ཟག་བཅས་དགེ་སྡིག་འཕེན་ལེན་ལས། ཕྱི་མར་མཐོ་དམན་བདེ་སྡུག་ཐོབ་ཅེས་པ་ལྟར་རྣམ་སྨིན་གྱི་འབྲས་བུ་ནི་མི་དགེ་བ་བཅུ་པོ་དེ་དག་གང་ཡིན་ཀྱང་ཕྱི་མ་ངན་སོང་གི་གནས་སུ་སྨིན་པ་སྟེ་ཀུན་སློང་ཞེ་སྡང་གི་དབང་གིས་སྡིག་པ་མི་དགེ་བ་བྱེད་ན་དམྱལ་བ་དང་། འདོད་ཆགས་ཀྱི་དབང་གིས་བྱས་ན་ཡི་དྭགས།           གཏི་མུག་གི་དབང་གིས་བྱས་ན་བྱོལ་སོང་དུ་སྐྱེས་ནས་ངན་སོང་གི་སྡུག་བསྔལ་རེས་མོས་སུ་མྱོང་བར་བྱེད་དོ། །

སྒྲུབ་བྱ་དགེ་བའི་ལསདོན་དུ་གཉེར་བྱ་གང་ཞིག་ལ་རང་གི་རྣམ་སྨིན་གྱི་འབྲས་བུ་བདེ་བར་འབྱིན་པའི་ལས་ལ་དགེ་བའི་ལས་ཞེས་དང་། དགེ་བ་ཞེས་པ་ནི་རྣམ་དཀར་གྱི་ལེགས་པའི་ཡོན་ཏན་ནམ་ལས་བཟང་པོའི་དོན་ཡིན། སྤྱིར་བྱ་བ་བྱེད་པའི་སྐབས་སུ་སེམས་རྣམ་པར་དག་པའི་སྒོ་ནས་ལས་གང་ཞིག་བྱས་པ་དེས་ཕ་རོལ་པོའི་རྒྱུད་ལ་དགའ་བདེ་སྟེར་པ་དང་རང་ཉིད་ཀྱིས་ལས་དེ་སྒྲུབ་པའི་སྐབས་སུ་སེམས་དགའ་ལྷང་ལྷང་དང་སྤྲོ་ལྷང་ལྷང་གི་ཐོག་ནས་དགེ་བའི་ལས་གསོག་གི་ཡོད་པ་རེད།

དཔེར་ན་སྲོག་བཅོད་སྤོང་བ། སེམས་ཅན་ཚེ་ཐར་གཏོང་བ་སོགས་དགེ་བའི་ལས་སྒྲུབ་སྐབས་ཚེ་ཐར་གཏོང་བའི་སེམས་ཅན་དེ་ལ་སེམས་པ་དང་རང་དང་བློ་ཉེ་ཞིང་སྙིང་ནས་བརྩེ་བ་དེའི་དབང་གིས་ཡུལ་དེ་ཡང་རང་ལ་ཡིད་དུ་འོང་བར་སྣང་ནས་དེ་མཐོང་བ་ཙམ་གྱིས་དགའ་སྣང་ཡོང་གི་ཡོད་དེ་ལ་དགེ་བའི་ལས་སམ་ཕན་པའི་བྱ་བ་ཞེས་བརྗོད་པ་དང་དེ་སྒྲུབ་པའི་སྐབས་སུ་རང་གི་སེམས་སྐྱིད་སྣང་དང་ཞི་བདེའི་བློ་ཞིག་ཡོང་གི་ཡོད།

དགེ་བ་བཅུ་གང་ཞེས་ན། ལུས་ཀྱི་དགེ་བ་སྲོག་གཅོད་སྤོང་བ། མ་བྱིན་ལེན་པ་སྤོང་བ། ལོག་པར་གཡེན་པ་སྤོང་བ་དང་གསུམ་མོ། ངག་གི་རྫུན་སྤོང་བ། ཚིག་རྩུབ་སྤོང་བ། ཕྲ་མ་སྤོང་བ། ངག་འཁྱལ་སྤོང་བ་དང་བཞིའོ། ཡིད་ཀྱི་མངན་སེམས་སྤོང་བ། གནོད་སེམས་སྤོང་བ། ལོག་ལྟ་སྤོང་བ་དང་གསུམ་བཅས་དགེ་བ་བཅུའོ། །མི་དགེ་བ་བཅུ་སྤངས་པས་དེའི་གཉེན་པོ་དཀར་པོ་དགེ་བའི་ཕྱོགས་ཉམས་སུ་ལེན་པ་སྟེ། སྲོག་གཅོད་སྤངས་པས་ཚེ་རིང་ནད་ཉུང་བ་དང། མ་བྱིན་ལེན་སྤངས་པས་ལོངས་སྤྱོད་དང་ལྡན་ཞིང་དགྲ་རྐུན་མེད། འདོད་ལོག་སྤངས་པས་ཁྱིམ་ཐབས་མཛེས་ཤིང་དགྲ་ཟླ་ཉུང་། རྫུན་སྤངས་པས་ཀུན་གྱིས་བསྟོད་ཅིང་བྱམས། ཕྲ་མ་སྤངས་པས་འཁོར་གཡོག་གུས། ཚིག་རྩུབ་སྤངས་པས་བསམ་དོན་འགྲུབ། ངག་འཁྱལ་སྤངས་པས་ཚིག་བཙན། མངན་སེམས་སྤངས་པས་བསམ་དོན་འགྲུབ། གནོད་སེམས་སྤངས་པས་འཚེ་བ་དང་བྲལ།  ལོག་ལྟ་སྤངས་པས་ལྟ་བ་བཟང་པོ་རྒྱུད་ལ་སྐྱེས།

དེ་ལྟར་དགེ་སྡིག་གི་སྤང་བླང་ཕྲ་ཞིང་ཕྲ་བ་ནས་བྱེད་དགོས་ཏེ། སུམ་བརྒྱ་པ་ལས། ཆ་ཡོད་སེམས་ཅན་དུག་ལ་འཛེམས་པ་བཞིན། །སྡིག་པའི་སྐྱོན་ཤེས་དེ་ལ་འཛེམས་པར་བྱ། །ནད་ལ་གང་ཕན་སྨན་རྣམས་བསྟེན་པ་བཞིན། །དགེ་བའི་ཡོན་ཏན་ཤེས་པར་བྱས་ལ་སྤྱད། །ཅེས་དང། སྡིག་ནི་ཆུང་ཡང་མི་བརྙས་སྤང་ཞིང་བཤགས། །དགེ་བ་ཆུང་ཡང་ཁྱད་དུ་གསད་མི་བྱ། །ཕྲ་རབ་རྡུལ་བསགས་རི་རབ་ལྷུན་པོ་དང་། །མེ་སྟག་ནགས་ལ་མཆེད་པ་ལྟ་བུའོ། །

 སྤང་བླང་གྱི་ཕན་ཡོན།  མདོོ་ལས། བོན་སྒོ་ཕྱི་ནང་གསང་གསུམ་གྱི། འཇུག་སྒོའི་རིམ་པ་གང་སྤྱད་ཀྱང། རྩ་བ་རྒྱུ་འབྲས་མ་ཤེས་ན།             དམུན་ལོང་ལག་ཏུ་རྫས་གཏད་འདྲ། དེ་ཕྱིར་རྒྱུ་འབྲས་གཙོ་རུ་ཆེ། ཞེས་དང་། དེ་ན་ལས་རྒྱུ་འབྲས་ཀྱི་གནད་འདི་དག་སྙིང་ཐག་པ་ནས་ཡིད་ཆེས་བསྐྱེད་དུས་དང་རྣམས་པ་ཀུན་ཏུ་དགེ་བ་ཕྲ་མོ་ཙམ་ཡན་ཆད་སྦྱོར་དངོས་རྗེས་གསུམ་དང་འབྲེལ་བའི་སྒོ་ནས་ཅི་ནུས་སུ་བསྒྲུབ་དགོས་པ་དང་། སྡིག་པའི་ལས་ཕྲ་མོ་ཙམ་ཡན་ཆད་ལ་འགྱོད་བཤགས་དང་ཕྱིས་མི་བྱེད་པའི་དམ་བཅའ་བཟུང་རྟག་ཏུ་དྲན་པ་ཤེས་བཞིན་དང་མི་བྲལ་བའི་སྒོ་ནས་རང་རྒྱུད་དགེ་བ་འབའ་ཞིག་ཏུ་འགྱུར་ཏེ་བློ་ལས་སུ་རུང་ན་ཚེ་འདིར་བློ་ཁ་ཡང་དག་གི་བོན་གྱི་ཕྱོགས་སུ་བསྒྱུར་ནུས་པ་དང་དེ་གནས་པའི་ཡུལ་ཕྱོགས་སུ་བདེ་སྐྱིད་འཕེལ་བ་དང་རང་རེའི་ཕྱི་ནང་གྱི་བར་ཆད་ནད་གདོན་ཐམས་ཅད་ཞི་བ་དང་ཕྱི་མར་ངན་འགྲོའི་གནས་སུ་མི་སྐྱེ་བ་མཐོ་རིས་གནས་སུ་རྟེན་ཁྱད་པར་ཅན་བརྒྱུད་ཅིང་མཐར་སངས་རྒྱས་པའི་འབྲས་བུ་ཐོབ་པར་འགྱུར་བའོ། །