གཡུང་དྲུང་བོན་གྱི་དྲྭ་རྒྱ།

མ་རྒྱུད་ཐུགས་རྗེ་ཉི་མའི་རྨི་བ་ལམ་དུ་ཁྱེར་བའི་འགྲེལ་བ་བཞུགས།

IMG_7057གསང་བ་གསང་ཆེན་མཐར་ཐུག་སྐུ་ལ་གུ་དུན་ཧྲུན། མཁའ་འགྲོ་མ་སྒྱུ་མ་ཆེན་མོ་ལ་གུས་པར་བཏུད་དེ། གསང་སྔགས་རྒྱལ་པོ་མ་རྒྱུད་ཐུགས་རྗེ་ཉི་མ་ལས། ལམ་དྲུག་ཁྲིད་བརྒྱད་དོན་གྱི་གནད། ཐབས་ལམ་དུ་ཁྱེར་བས་ལམ་གྱི་སྲོག་ཤིང་འཛུགས། རྨི་བ་ལམ་དུ་ཁྱེར་བས་ལམ་གྱི་ཉམས་ཚོད་ཉུལ། གཉན་པ་ལམ་དུ་ཁྱེར་བས་ལམ་གྱི་རྡེང་༼གདེང༽ཆེན་བཅའ། འཕེན་པ་ལམ་དུ་ཁྱེར་བས་ལམ་གྱི་སྐྱེལ་མ་བྱེད། འཆི་བ་ལམ་དུ་ཁྱེར་བས་ལམ་གྱི་སུན་མ་བཅའ། གཉིད་པ་ལམ་དུ་ཁྱེར་བས་ལམ་གྱི་རྒྱུན་ཐག་བསྲིང་། དེ་ལྟར་ལམ་གྱི་ངོ་བོ་དྲུག་བསྒོམ་པ་ལས། འདིར་ལམ་དྲུག་གི་དང་པོ་ཐབས་ལམ་དུ་ཁྱེར་བ་རྩ་རླུང་གཏུམ་མོ་བདེ་དྲོད་སྤར་བ་དང་། གག་ཆེན་བཅུ་དྲུག་བསལ་བའི་འཁྲུལ་འཁོར་རྣམས་སོ། །ལམ་གཉིས་པ་རྨི་བ་ལམ་ལམ་དུ་ཁྱེར་བ་ལ། བདག་ཉིད་ཐིག་ལེ་ཡེ་ཤེས་གསལ་བའི་མཆོག། ཅེས་བྱ་བ། བདག་ཉིད་ཐིག་ལེ་ལ་དོན་ལྔས་བསྟན་ཏེ།

བདག་གཉིད་པའི་བག་ཆགས་དང་། ཐིག་ལེ་ལ་རིག་པ་གཏད་པ་དང་། ཡེ་ཤེས་ཀྱི་སྦྱང་པ་དང་། གསལ་བ་ལ་བསླབ་པ་དང་། མཆོག་གི་དགོངས་པ་བསྟན་པའོ། །དེ་ཡང་དང་པོ་དབེན་པའི་གནས་སུ་མཚམས་དམ་པར་བཅད། མཐུན་པའི་ཡོ་བྱད་མ་ལུས་པ་ཚགས་སུ་བསག དེ་ནས་བླ་མ་ལ་གསོལ་བ་གདབ་པ་དང་། ཡི་དམ་གྱི་སྒོམ་བཟླས་དྲག་པོ་དང་། མཁའ་འགྲོ་ལ་ཚོགས་ཇི་ལྟར་མང་བར་འབུལ། དད་པ་དང་གུས་པ་དང་འདུན་པ་དྲག་པོ་ཡང་ནས་ཡང་དུ་བྱ་བ་གལ་ཆེའོ། །དེ་ནས་རང་ལུས་གཞོགས་གཡས་པ་ས་ལ་ཕབ་ནས་གཉིད་པའམ། ལུས་ཅི་བདེར་ཉལ་བར་བྱ་བ་ཡིན་པས་རྨི་ལམ་འཆར་བ་ཡིན་ནོ། །དེ་ཡང་རང་ལུས་གསས་ཁང་དྲུག་ལ་དབང་པོ་ཡན་པས་རྨི་ལམ་འབྱུང་བ་ལ་གཉིས་ཏེ།

བག་ཆགས་ཀྱི་རྨི་ལམ་དང་། ལམ་གྱི་རྨི་ལམ་མོ། །དེ་ཡང་དང་པོ་ནི། སྔ་མ་འཁོར་བ་ཐོག་མ་མེད་པའི་དུས་ནས། ཀུན་གཞི་ལ་བག་ཆགས་ཀྱི་ས་བོན་རྣམ་པར་བརྟས་པས། དེའི་རང་བཞིན་ཡིད་ཀྱི་འགྱུ་བ་རྨི་ལམ་དུ་སྟོན་པ་ཡིན་ཏེ། གནས་དྲུག་གི་འཁོར་ལོ་ལ་རྩ་མདུད་ཡི་གེའི་རྣམ་པ་ཅན་དུ་ཡོད་པས། ལས་ཀྱི་བསགས་པ་གང་ཆེ་ལ་འཇུག་པས། རིས་དྲུག་གཅིག་གི་རྨི་ལམ་འབྱུང་སྟེ། རྐང་མཐིལ་རྩ་གནས་ན་ན་རག་དུ་ཏི་རྒྱུ། ནང་དུ་རླུང་སེམས་ཞུགས་ན་ཞེ་སྡང་གི་རྨི་ལམ་མེ་འོབ་དང་ཆུ་རླུང་གིས་གཡེང་བ་དང་། བསད་བཅད་ལས་སོགས་པ་རྨིས། གསུམ་འདུས་གསང་པའི་རྩ་སྣེར་ཏྲི་དུ་རྒྱུ། ནང་དུ་རླུང་སེམས་ཞུགས་ན་འདོད་ཆགས་ཀྱི་རྨི་ལམ་ལྟོ་གོས་བཀྲེས་སྐོམ་དང་། བུད་མེད་ལས་སོགས་སྲེད་ལེན་ཆགས་སྤྱོད་རྨིས། ལྟེ་བ་སྲིད་པའི་འཁོར་ལོར་སུ་ཏྲི་རྒྱུ། ནང་དུ་རླུང་སེམས་ཞུགས་ན་གཏི་མུག་གི་རྨི་ལམ་མུན་པ་དང་ཆུ་བོ་རྒྱ་མཚོ་མི་གཙང་བ་དང་མཛེ་ཅན་དུད་འགྲོ་ལས་སོགས་རྨིས། སྙིང་ཁར་མིའི་ས་བོན་རྣི་པྲི་རྒྱུ། ནང་དུ་རླུང་སེམས་ཞུགས་ན་ཕྲག་དོག་གི་རྨི་ལམ་ཡུལ་ཁྱིམ་དོག་པ་དོང་བྲག་བར་དུ་བཅུག་པ་གཡང་ལ་ལྟུང་བ་གཞན་ལ་སྨོད་པ་རང་གཞན་གྱིས་བཙོན་པར་བཅུག་པ་རྨི། མགྲིན་པའི་རྩ་སྣེ་ཐ་བཾ་རྒྱུ། ནང་དུ་རླུང་སེམས་ཞུགས་ན་ང་རྒྱལ་གྱི་རྨི་ལམ་ཁྲོམ་ཚོགས་དང་། དམག་ཚོགས་དང་གོ་མཚོན་འཐབ་བསྣོལ་གཡོ་འཁྲུག་ཁྲག་མཚོན་ཐོག་སེར་རྨི། སྤྱི་བོ་ན་རྩ་མདུད་ཨ་འདྲ་རྒྱུ། ནང་དུ་རླུང་སེམས་ཞུགས་ན་དུག་ལྔ་ཚང་ལ་ཤས་ཆུང་བའི་རྨི་ལམ། གླུ་གར་རོལ་རྩེད་དང་མེ་ལོང་ལྟ་བ། མེ་ཏོག་འཕྲེང་བ་ཐོག་པ་དེ་ལས་སོགས་པའི་ལོངས་སྤྱོད་ཐམས་ཅད་རྨི་བ་ཡིན། དེ་རྣམས་སྔ་མའི་བག་ཆགས་ཤས་གང་ཆེ་བ་བཞིན་འདིར་ཡང་རྨི། སྤྱོད་པ་ཡང་དེ་རྣམས་ལྟར་ཆ་མཐུན་དུ་འགྱུར།

དེ་ཇེ་ཆེ་ཇེ་རགས་སུ་སོང་ནས་འཆི་བའི་བར་དོ་ལ་སྣང་བ་རིགས་དྲུག་མངོན་པར་ཤར་ནས། སྐྱེ་གནས་གང་མཐུན་གྱི་འཁོར་བའི་ལས་དང་ཉོན་མོངས་པ་མངོན་པར་འགྱུར་བ་ནི་བག་ཆགས་ཀྱི་རྨི་ལམ་ཡིན་ཏེ། ཐོག་མེད་སྔ་མའི་ལས་ཀྱིས་དབང་བྱས་པས། དེའི་བག་ཆགས་ཀུན་གཞིའི་ས་བོན་ལས། །རྩ་ལྔ་གསས་ཁང་རིགས་དྲུག་ས་བོན་དུ། །རླུང་སེམས་ཞུགས་པས་དུག་ལྔ་ཆ་ཚང་བལྟས༼བརྟས༽། །མེ་འོབས་ཆུ་རླུང་གཡེང་ཁྱེར་བསད་བཅད་དང་། །བཀྲེས་སྐོམ་ཆགས་སྲེད་འདོད་པའི་གདུང་བས་ཁྱེར། །མུན་ཁུང་རྒྱ་མཚོ་དུད་འགྲོ་མི་གཙང་གནས། །ཡུལ་ངན་འཕྲང་དོག་གཡང་ས་སྣོད་དང་བཅུད། །དམག་ཚོགས་གོ་མཚོན་འཐབ་འཁྲུགས་ཐོག་སེར་འབེབས། །གླུ་གར་རོལ་མོ་རྒྱན་འདོགས་ལོངས་སྤྱོད་ཉབ། །སྔ་མའི་བག་ཆགས་གཏིང་འཐབ་ཤས་ཆེ་རྨི། །ལས་དང་སྤྱོད་པ་ལུས་བསོད་ཆ་མཐུན་འགྱུར། །ཇེ་ཆེ་རགས་པས་སྐྱེས་ནས་ལྕགས་མག་ལས། །མེ་མཆེད་ནགས་ཚལ་བསྲེག་པའི་དཔེ་བཞིན་དུ། །ཀུན་གཞིའི་དཀྱིལ་ན་ས་བོན་རྒྱུ་ཡོད་པས། །རྒྱུ་ལས་རྐྱེན་འཕྲད་འབྲས་བུ་སྐྱེ་བར་ངེས། །སྐྱེས་པའི་ལས་བསགས་བར་དོར་མངོན་ཤར་ནས། །རིས་དྲུག་སྡུག་བསྔལ་རྒྱ་མཚོར་ལྟུང་བ་ལས། །ཐར་བར་འདོད་ན་རྨི་བ་ལམ་དུ་ཁྱེར། །ས་བོན་རྒྱུ་བཅོམ་འབྲས་བུ་དངོས་སུ་གཞོམ། །སྣང་སྲིད་རྨི་ལམ་ལྟ་བུའི་རང་བཞིན་ལ། །བསྒོམ་པ་རྨི་ལམ་ལྟ་བུར་སྦྱངས་བྱས་པས། །སྤྱོད་པ་རྨི་ལམ་ལྟ་བུར་གྱུར་ནས་ཀྱང་། །འབྲས་བུ་རྨི་ལམ་ལྟ་བུར་སངས་རྒྱས་འཐོབ། །ཅེས་གསུངས་པ་ཡིན་པས། སྔ་མའི་བག་ཆགས་ཤས་གང་ཆེ་བ་རྨི། ལས་ཀྱང་དེ་དང་འདྲ་བར་སྤྱོད། སྤྱོད་པ་ཡང་དེ་འདྲར་འགྱུར། ལུས་ཀྱང་དེ་འདྲར་ལེན། བསོད་ནམས་དེ་འདྲར་འཐོབ། ཐམས་ཅད་ཆ་མཐུན་དུ་འགྱུར་བས། ཇེ་ཆེ་ཇེ་རགས་ས་བོན་གྱི་རྒྱུ་ལས་རྐྱེན་དང་འཕྲད་པའི་དུས་སུ་འབྲས་བུ་སྐྱེ་བར་ངེས་སོ། །སྐྱེས་པའི་ལས་བསགས་པས་བར་དོར་སྣང་བ་མངོན་པར་གྱུར་ནས་རིས་དྲུག་གང་དང་ལས་མཐུན་པའི་ལུས་བླང་སྟེ། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། བྱོལ་སོང་གླེན་ལྐུགས། མི་བྲེལ་འཕོང་། ལྷ་མ་ཡིན་འཐབ་བརྩོད། ལྷ་ཕམ་ལྟུང་རྣམས་ཀྱི་ལུས་བླངས་ནས་སྡུག་བསྔལ་ལོ། །དེ་ལ་ཐར་བར་འདོད་པས། དཔེར་ན་ས་བོན་མེ་ལ་བསྲེག་ན་འབྲས་བུ་ཆུ་ལུད་རྐྱེན་དང་འཕྲད་ཀྱང་མྱུ་གུ་མི་སྐྱེ་བ་དང་འདྲ་བར། རྨི་ལམ་ཀུན་གཞིའི་དཀྱིལ་ནས་ས་བོན་ཡོད་པ་དེ། ལམ་དུ་བསྒྱུར་བས་ས་བོན་ཆོམ་ནས་འབྲས་བུ་ཡང་དངོས་སུ་ཆོམ་པར་འགྱུར་ཏེ། དུས་འདི་ནས་བར་དོ་ཡི་ལམ་ཚོད་འཛིན་པ་ཡིན་ཏེ། རྨི་ལམ་ལ་མ་ཟིན་ན་སྤྱོད་ལམ་མི་ཟིན། སྤྱོད་ལམ་ལ་མ་ཟིན་ན་བསྒོམ་པ་ཡང་མི་ཟིན། དེ་ལ་མ་ཟིན་པས་བར་དོ་ལ་མི་ཟིན། དེ་ལ་མ་ཟིན་པས་འཁོར་བའི་རྒྱ་མཚོར་འགྲེད་ལ་འཆོར་བས། སྐྱེ་བ་འབུམ་ཕྲག་ཏུ་ངན་སོང་གསུམ་གྱི་དོང་དུ་ལྟུང་བར་འགྱུར་ཏ་རེ། དེས་ན་ལྟ་བ་ནི་ཕྱི་སྣོད་དང་ནང་བཅུད་སྣང་སྲིད་རྨི་ལམ་ལྟ་བུར་བལྟས་པས། ཡིན་ཡང་རྨི་ལམ་ཙམ་ཞིག་ཡིན། སྣང་ཡང་རྨི་ལམ་གྱི་རང་བཞིན་དུ་འདུག ཤར་ཡང་རྨི་ལམ་ལྟ་བུར་འཆར་བ་ཡིན་ནོ། །དེས་ན་བསྒོམ་ཡང་རྨི་ལམ་ལྟ་བུར་བསྒོམ་པས། སྣང་བའི་ཡོན་ཏན་རྨི་ལམ་ལྟ་བུར་དག་ནས། ལས་དང་སྤྱོད་པ་སྟོབས་དང་ཐུགས་རྗེ་ཐམས་ཅད་ཀྱང་རྨི་ལམ་ལྟ་བུར་འགྱུར་བ་ཡིན། དག་པའི་སྣང་བ་དང་། མཁའ་འགྲོའི་སྤྱན་འདྲེན་དང་། ཡི་དམ་གྱི་མངོན་སྣང་ཐམས་ཅད་ཀྱང་རྨི་ལམ་ལྟ་བུར་ཐམས་ཅད་འཆར་བས། འབྲས་བུ་ཡང་རྨི་ལམ་ལྟ་བུར་སངས་རྒྱས་ཐོབ་པ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་འབྲས་བུ་ཅི་ཞེ་ན། ཆེ་བ། མང་བ། བཟང་པ། མྱུར་བ། གྲུབ་པ། འགྱུར་བ། སྤྲུལ་པ། བགྲོད་པ། མཐོང་བ། འཕྲད་པ། མྱོང་བ་ལས་སོགས་བསམ་དུ་མེད་པ་ཡོད་པ་སྟེ། རྨི་ལམ་ཆེ་བ་ནི། རང་ལུས་ཆུང་བ་ལས་རི་བོ་ཙམ་དུ་འགྱུར་བ་བཞིན་དུ། ཆེན་པོའི་ཡོན་ཏན་ཀྱང་འཐོབ། ཉུང་བ་གཅིག་པུ་ལས་མང་པོ་བརྒྱ་སྟོང་དུ་སྤྲུལ་པ་བཞིན་མང་པོའི་ཡོན་ཏན་མཐའ་ཡས་ཀྱང་འབྱུང་། ངན་པ་སེམས་ཅན་རང་རྒྱུད་པ་ལས་བཟང་པོ་གཞན་སྣང་གི་ཡོན་ཏན་དང་བཀོད་པ་དུ་མ་འབྱུང་བ་བཞིན་རང་ལ་སངས་རྒྱས་སུ་འབྱུང་།

མྱུར་བ་ནི་སྐད་གཅིག་གསུམ་གྱི་བར་ལ་ཡང་རྨི་ལམ་གྱི་བྱ་བ་དུ་མ་འགྲུབ་པ་བཞིན་དུ། ལམ་ཡང་དེ་ལྟར་བགྲོད་པར་བྱེད། གྲུབ་པ་ནི་རང་གྲུབ་པར་མི་ནུས་པ་ཡང་རྨི་ལམ་གྱི་༼གྱིས༽ལྷ་མི་གཞན་གྱི་བྱ་བ་ཡང་འགྲུབ་པར་འགྱུར། འགྱུར་བ་ནི་ད་ལྟ་མིའི་ལུས་ཀྱང་ཁྱུང་དང་སེང་གེ་འབྲུག་ཏུ་ཡང་ད་ལྟ་འགྱུར་བ་བཞིན་དུ་འབྲས་བུ་གསང་སྔགས་སུ་གནས་འགྱུར་ནུས། སྤྲུལ་པ་ནི་ཐ་མལ་པ་ཡང་ཡིད་ཀྱི་ལུས་ཀྱི་༼ཀྱིས༽སྤྲུལ་ནས་གར་འདོད་དུ་བྱེད། བགྲོད་པ་ནི་ལྷའི་གནས་དང་དགའ་ལྡན་དང་འོལ་མོ་གླིང་ལས་སོགས་སུ་ཡང་འགྲོ་བར་འགྱུར། མཐོང་བ་ནི་མ་མཐོང་བའི་ཡུལ་དང་ལྷ་ཞལ་ཡང་ལྟ་བར་བྱེད། འཕྲད་པ་ནི་སྔ་རབས་འདས་པའི་ཚོགས་དང་མ་བྱོན་པ་དང་ཡང་འཕྲད། མྱོང་བ་ནི་རང་གི་སྔར་ཉམས་སུ་མྱོང་མི་སྲིད་པ་ཡང་མྱོང་བར་ནུས་པས། ལམ་གྱི་ཡོན་ཏན་བཅུ་དྲུག་པ་དང་ཡང་ཆ་མཐུན་པ་ཡིན་ཏེ། རྟོག་པར་སོང་ཡང་རྟོག་པ་ལམ་ཁྱེར། འཁྲུལ་པར་སོང་ཡང་འཁྲུལ་པ་ལམ་ཁྱེར། སྡུག་བསྔལ་དུ་སོང་ཡང་སྡུག་བསྔལ་ལམ་ཁྱེར། སྒྱུ་མར་སོང་ཡང་སྒྱུ་མ་ལམ་ཁྱེར་ཡིན་ཏེ། རྨི་ལམ་ཡོན་ཏན་མཐོང་ལམ་ཡེ་ཤེས་འདྲ། །ཆེ་བས་སངས་རྒྱས་སའི་ཡོན་ཏན་སྡུད། །མང་བས་གཟུགས་ཀྱི་བཀོད་པ་དུ་མ་འབྱུང་། །བཟང་བས་འཕགས་པའི་ས་ལ་བཀོད་༼འགོད༽པར་བྱེད། །མྱུར་བས་སྐད་ཅིག་གསུམ་ལས་༼ལ༽གྲངས་སུ་འདས། །གྲུབ་པས་ལྷ་མི་གཞན་སྤྲུལ་བྱ་བ་འགྲུབ། །འགྱུར་བས་གཞན་ལུས་འབྲུག་ཁྱུང་སེང་ཡང་བྱེད། །སྤྲུལ་པ་མི་མཐུན་གྲངས་འདས་སྣང་བ་སྟོན། །བགྲོད་པས་དགའ་ལྡན་ལྷ་གནས་འོག་མིན་ཕྱིན། །མཐོང་བས་ཡི་དམ་མཁའ་འགྲོའི་ཞལ་གཞན་ལྟ། །འཕྲད་པས་འདས་དང་མ་བྱོན་བླ་མ་མཇལ། །མྱོང་བས་སངས་རྒྱས་དགོངས་པ་ལེན་པར་ནུས། །རྟོག་པར་སོང་ན་རྣམ་རྟོག་ལམ་ཁྱེར་ཡིན། །འཁྲུལ་པར་སོང་ན་འཁྲུལ་སྣང་ལམ་ཁྱེར་ཡིན། །སྡུག་པར་སོང་ན་སྡུག་བསྔལ་ལམ་ཁྱེར་ཡིན། །སྒྱུ་རུ་སོང་ན་སྒྱུ་མ་ལམ་ཁྱེར་ཡིན། །རྫུན་པར་སོང་ན་རྫུན་སྣང་ལམ་ཁྱེར་ཡིན། །བསླུ་བར་སོང་ན་བསླུ་བྲིད་ལམ་ཁྱེར་ཡིན། །འཆར་བར་སོང་ན་འཆལ་སྣང་ལམ་ཁྱེར་ཡིན། །འགལ་བར་སོང་ན་འགལ་སྣང་ལམ་ཁྱེར་ཡིན། །སྒྲིབ་པར་སོང་ན་སྒྲིབ་བྱེད་ལམ་ཁྱེར་ཡིན། །གཟུང་པར་སོང་ན་གཟུང་འཛིན་ལམ་ཁྱེར་ཡིན། །འདི་ལས་འདས་པའི་ལམ་གཞན་གང་ཡང་མེད། །སྒྱུ་མ་བཅུ་གཅིག་དཔེ་ཡིས་མཚོན་པའི་ལམ། །བདེན་པ་ངོ་བོར་སྣང་བས་གཟུགས་བརྙན་ཏེ། །གཅིག་ལས་ཐ་དད་སྤྲུལ་པས་ཆུ་ལྦུར་འདྲ། །རིག་པའི་རང་མདངས་འགྱུ་བས་བར་སྣང་གློག། གསལ་ལ་དངོས་བྲལ་སྣང་བས་གཞའ་ཚོན་འོད། །རླུང་གི་གཡོ་བཞུད་རང་བཞིན་མིག་འཕྲུལ་ལྟར། །གནས་དང་ལོངས་སྤྱོད་ཀུན་མྱོང་དྲི་ཟའི་གྲོང་། །འདོད་པའི་དོན་གྱི་ལན་སྟེར་བྲག་ཆའི་སྒྲ། །བེམ་པོས་གཞིག་དང་འགག་མེད་སྨྲིག་རྒྱུའི་ཚུལ། །འདི་འགགས་གཞན་ཞིག་སྣང་བ་མིག་ཡོར་དཔེ། །གཅིག་གིས་ཐམས་ཅད་ཁྱབ་བྱེད་ཆུ་ཟླའི་ཚུལ། །ཅིར་ཡང་བསྒྱུར་དུ་བཏུབ་པས་སྒྱུ་མ་འདྲ། །ཤེས་རིག་སེམས་དང་བཅས་པ་རྨི་ལམ་ཡིན། །སྒྱུ་མ་ཆེན་མོ་མཁའ་འགྲོའི་དབང་ཕྱུག་དེས། །ལམ་འདི་གཉན་པར་བྱ་ཕྱིར་རྫུ་འཕྲུལ་སྟོན། །ཅེས་བཤད་པས། རྨི་ལམ་གྱི་ཡོན་ཏན་མཐོང་ལམ་འདྲ་བ་འབྲས་བུ་བསམ་གྱིས་མི་ཁྱབ་པ་འབྱུང་བ་བཅུ་གཅིག་གིས་མཐུན་དཔེ་དང་བཅུ་གཉིས། རྨི་ལམ་རྟོག་འཁྲུལ་གང་དུ་སོང་ཡང་འགལ་ཞིང་དོག་པ་མེད་པར་ལམ་དུ་ཁྱེར་བ་བཅུ་གཅིག ཤེས་རིག་ངོ་བོ་དང་བཅས་པས་ངོ་བོ་ཉིད་བསྟན་པ་དང་བཅུ་གཉིས། རྨི་ལམ་ཅི་ལྟར་ཡང་དགོས་འདོད་འབྱུང་བ་སྒྱུ་མའི་དཔེ་ཆེན་མཚོན་པ་བཅུ་གཅིག ལམ་གྱི་བྱ་ར་སྒྱུ་མ་ཆེན་མོའི་མཁའ་འགྲོས་ཡོངས་སུ་བྱེད་པར་བསྟན་པ་དང་བཅུ་གཉིས་ཀྱིས་བསྟན་པའོ། །དེ་ལ་རྨི་ལམ་དེ་རྟོག་པར་སོང་ཡང་རྣམ་པར་རྟོག་པ་དེ་ཉིད་ལམ་དུ་ཁྱེར་བས་རྣམ་པར་རྟོག་པ་རྨི་ལམ་ཙམ་ལས་ཡེ་ཤེས་སུ་འཆར་བ་ཡིན་ནོ། །འཁྲུལ་པར་སོང་ཡང་འཁྲུལ་སྣང་དེ་ཉིད་རྨི་ལམ་ཙམ་དུ་ལམ་དུ་ཁྱེར་བས་འཁྲུལ་པ་ཡེ་ཤེས་སུ་འཆར་རོ། །སྡུག་པར་སོང་ན་སྡུག་བསྔལ་དེ་ཉིད་ལམ་དུ་ཁྱེར་བས་སྡུག་བསྔལ་གྱིས་བསྐུལ་བས་ཡང་དག་པའི་ལམ་ལ་འཇུག་པར་ནུས་སོ། །སྒྱུ་རུ་སོང་ན་སྒྱུ་མ་ལམ་དུ་ཁྱེར་བས་རང་འདོད་པའི་འདོད་ཐོག་བོན་ཐམས་ཅད་སྒྱུ་མ་ཙམ་དུ་ངེས་པར་ཤེས་སོ། །རྫུན་པར་སོང་ན་རྫུན་སྣང་ལམ་དུ་ཁྱེར་བས། སྣང་བ་རྫུན་པ་རྨི་ལམ་ལྟ་བུར་གྲོལ་པས་སྣང་མེད་ཡེ་ཤེས་སུ་འཆར་རོ། །

བསླུ་བར་སོང་ན་བསླུ་བྲིད་དེ་ཉིད་ལམ་དུ་ཁྱེར་བས། འཇིག་རྟེན་ཐམས་ཅད་བསླུ་བྲིད་རྨི་ལམ་ཙམ་དུ་ཤེས་པས་བསླུ་མེད་ཡེ་ཤེས་སུ་འཆར་རོ། །འཆལ་བར་སོང་ན་འཆལ་སྣང་ལམ་དུ་ཁྱེར་བས། འཁམས་གསུམ་ནི་འཆལ་བ་རྨི་ལམ་ཙམ་དུ་ཤེས་པས་འཆལ་མེད་ཡང་དག་ཡེ་ཤེས་སུ་འཆར་རོ། །འགལ་བར་སོང་ན་འགལ་སྣང་ལམ་དུ་ཁྱེར་བས་འགལ་བའི་སྣང་བ་ངན་སོང་ས་གསུམ་རྨི་ལམ་ཙམ་དུ་ཤེས་པས་འགལ་མེད་ཡེ་ཤེས་སུ་འཆར་རོ། །གོལ་བར་སོང་ན་ལོག་གོལ་ལམ་དུ་ཁྱེར་བས་ལོག་པར་གོལ་བའི་བདུད་མུ་སྟེགས་རྨི་ལམ་ཙམ་དུ་ཤེས་པས་གོལ་མེད་ཡེ་ཤེས་སུ་འཆར་རོ། །སྒྲིབ་པར་སོང་ན་སྒྲིབ་བྱེད་ལམ་དུ་ཁྱེར་བས། ཉོན་མོངས་པ་དང་ཤེས་བྱ་ཐམས་ཅད་རྨི་ལམ་ཙམ་དུ་ཤེས་པས་སྒྲིབ་མེད་ཡེ་ཤེས་སུ་འཆར་རོ། །གཟུང་པར་སོང་ན་གཟུང་འཛིན་ལམ་དུ་ཁྱེར་བས། གཟུང་བ་ཡུལ་གྱི་དངོས་པོ་འཛིན་པ་སེམས་ཀྱི་རང་བཞིན་རྨི་ལམ་ཙམ་དུ་ཤེས་པས་འཛིན་མེད་ཡེ་ཤེས་སུ་འཆར་རོ། །དེའི་དོན་གྱིས་ན་ལམ་འདི་ལས་འདས་པ་གོང་དུ་སོང་བ་ངོ་མཚར་ཆེ་བ་གྲུབ་མཐའ་བཟང་བ་གཞན་གང་ཡང་མེད་ཅེས་བྱའོ། །ཡང་མཐུན་པའི་དཔེ་སྒྱུ་མ་བཅུ་གཉིས་ཀྱིས་ཉེ་བར་མཚོན་ནས་བཤད་པ་ནི། རྨི་ལམ་འདི་སྣང་བ་སྣ་ཚོགས་སུ་བདེན་པས། ཀུན་རྫོབ་དང་དོན་དམ་ཡེ་ཤེས་སུ་འཆར་བས་དོན་དམ་བདེན་པ་དང་། བདེན་གཉིས་ཀྱི་ངོ་བོ་སྣང་ཞིང་སྣང་བ་དེ་ལ་རང་བཞིན་མེད་པས་གཟུགས་བརྙན་ལྟ་བུའོ། །སེམས་ཀྱི་རང་བཞིན་གཅིག་ལས་མི་མཐུན་མི་འདྲ་བ་དམག་ཚོགས་ལྟར་སྣང་བས་ཆུ་ལྦུར་ལྟ་བུའོ། །རིག་པ་ཉིད་ཀྱི་རང་མདངས་ལ་འགྱུ་བའི་རྩལ་བསམ་ལས་འདས་པས་གློག་ལྟ་བུའོ། །གསལ་ཞིང་དངོས་པོ་དང་བྲལ་བ་ལ་བདས་ན་མི་སླེབ་བཟུང་ན་མི་རྙེད་པ་གཞའ་ཚོན་ལྟ་བུའོ། །རླུང་གིས་གཡོབ་ན་རི་རོང་དགུ་རྒྱབ་ཞང་ཞུང་སྟག་གཟིག་གང་དུ་ཡང་བཞུད་པ་ལས་སྒྱུ་མའི་ལུས་བས་རིང་དུ་སོང་བས་ཡང་མི་སྣང་བས་མིག་འཕྲུལ་ལྟ་བུའོ། །གནས་ཀྱི་ཁྱད་པར་ཁང་བཟང་དང་ལོངས་སྤྱོད་ལྷ་ཀླུའི་ཡོ་བྱད་འདྲ་བ་མྱོང་བས་དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། རྒྱ་གར་མཐའ་འཁོབ་ཏུ་ཆར་འབབ་པ་ཆེན་པོའི་རྟིང་ལ་དྲི་ཟའི་གྲོང་ཁྱེར་བསམ་ལས་འདས་པ་ཡོད་ལ་ཁད་ནས་མེད་དོ། །འདོད་པས་འདུན་པ་བཏང་ནས་བསྒོམ་པས་གང་ཡང་གྲུབ་པའམ་མཐོང་བ་ཕྱིན་པ་ལས་སོགས་འདུན་པར་བྱར་ཡོད་ཀྱི་ལན་སྟེར་བ་བྲག་ཆ་ལྟ་བུའོ། །བེམ་པོས་གནམ་རི་ས་བྲག་ཁམས་ཀྱི་གཞིག་ཅིང་དགག་ཏུ་མེད་པར་འབྱུང་བ་སྨྲིག་རྒྱུ་ལྟ་བུའོ། །འདིའི་དབང་པོ་འགག་མ་ཐག་ནས་བེམ་པོ་ཆད་ཅིང་། གཞན་ཞིག་གིས་བཀོད་པར་སྣང་བས་ན་མིག་ཡོར་ལྟ་བུའོ། །སེམས་ཀྱི་ངོ་བོ་གཅིག་ཡིན་པ་ལས་བཟང་ངན་ལེགས་ཉེས་སྣ་ཚོགས་འདི་ལ་མ་སླེབ་མ་ཁྱབ་བྱ་བ་མེད་པར་གང་ཡང་སྟོན་པས་ཆུ་ཟླ་ལྟ་བུའོ། །ལམ་ལ་ཞུགས་ནས་རྨི་ལམ་སྦྱངས་པ་དང་། སྤེལ་བ་དང་ལས་སོགས་པ་ཅི་ལྟར་ཡང་བསྒྱུར་དུ་བཏུབ་པས་སྒྱུ་མ་ལྟ་བུའོ། །དེ་ལྟ་བུའི་ཤེས་རིག་སེམས་དང་བཅས་པའི་རྨི་ལམ་དེ་ལ་དབང་བསྒྱུར་བའི་མཁའ་འགྲོ་མ་དཔལ་སྒྱུ་མ་ཆེན་མོས། ལམ་འདི་གཉན་པ་དང་གནས་པར་བྱ་བའི་ཕྱིར་སྒྱུ་འཕྲུལ་སྒྱུ་མའི་དཔེ་བཅུ་གཅིག་ལྟ་བུར་བསྟན་ནས། རྨི་ལམ་བཟུང་ན་ཟིན་པ་དང་། སྦྱང་ན་འབྱོང་བ། སྤེལ་ན་འཕེལ་བ། བསྒོམ་ན་རྟོགས་པར་བྱེད་པའོ། །

༒དེ་ལྟར་བདག་ཉིད་བག་ཆགས་སུ་བསྟན་པ་ལ། རྨི་ལམ་གྱི་སྔོན་འགྲོ་དང་། རིགས་དྲུག་འཆར་ཚུལ་དང་། ལས་སྤྱོད་འགྱུར་ཚུལ་དང་། རྐྱེན་གྱི་འབྲས་བུ་འབྱིན་ཚུལ་དང་། དེས་འཁོར་བར་ལྟུང་ཚུལ་དང་། རྨི་ལམ་བག་ཆགས་ཀྱི་ཚུལ་ལྔ། དེ་ལམ་དུ་བསྒྱུར་བ་ལ་རྨི་ལམ་གྱི་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་བསྟན་པ། དེའི་ཡོན་ཏན་གྱི་ཆེ་བ་བཅུ་གཅིག ཉམ་ང་མེད་པའི་ལམ་ཁྱེར་བཅུ་གཅིག ཉེ་བར་མཚོན་པའི་མཐུན་དཔེ་བཅུ་གཅིག རྩ་བ་དཔེ་དོན་རྟགས་གསུམ་དང་། དེ་ལྟར་རྨི་ལམ་གྱི་དེ་ཉིད་ལྔ་བཅུ་རྩ་ལྔ་བསྟན་པ་ལགས་སོ། །ངོ་མཚར་རོ། །༧སྤྱི་དོན་གཉིས་པ་ཐིག་ལེ་ལ་སེམས་བཟུང་པ་ལ་དོན་བཞི་སྟེ། སྔོན་འགྲོ་བསྒོམ་པ་དང་། འདུན་པ་བཏང་བ་དང་། ཐིག་ལེ་ལ་སེམས་གཏད་པ་དང་། རྨི་ལམ་བཟུང་བའོ། །སྔོན་འགྲོ་ལ་བཞི་སྟེ། སྤྱིའི་དང་། ཐུན་མོང་གི་དང་། ཁྱད་པར་གྱི་དང་། འདི་ཉིད་ཀྱི་སྔོན་དུ་འགྲོ་བའོ། །དང་པོ་སྤྱིར་སྔོན་དུ་འགྲོ་བ་ནི། གནས་དབེན་ལ་ཉམས་དགའ་ཞིང་གྲིབ་དང་གྲོགས་ཀྱི་གཡེང་བ་མེད་པར་མཚམས་ལ་ཞུགས་ནས། སྔ་མའི་དམ་ཚིག་ལ་ཉམས་པ་གང་ཡོད་པ་བཤགས་སྦྱངས་དང་། འཁོར་བའི་སྡུག་བསྔལ་དྲན་པར་བྱས་ལ། བློ་ལྡོག་པའི་སྐྱོ་བ་ཡང་དག་པར་བསྐྱེད་པ་དང་། བར་ཆོད་ཞི་བར་བྱེད་པའི་ཡི་དམ་གྱི་བསྐྱེད་རྫོགས་སྒོམ་པ་རབ་ཏུ་གལ་ཆེ་སྟེ། གཡེང་བའི་འཁོར་གྲིབ་མཚམས་ཐག་མ་བཅད་ནས། ལོ་ཟླར་སྒོམ་ཡང་མི་ཟིན་སྣང་བས་འཁྱེར། །སྔ་མའི་དམ་ཚིག་ཆགས་ཉམས་མ་བཤགས་ན། །དུས་གསུམ་བསྒོམ་ཡང་མཁའ་འགྲོས་མཐོ་ལྟས་བྱེད། །འཁོར་བར་བློ་ལྡོག་སྐྱོ་བ་མ་སྐྱེས་ན། །འདོད་པས་གདུང་ཡང་འཛིན་པའི་རྐྱེན་ཁར་འཆོར། །བདུད་དང་གདོན་ཚོགས་བྱིན་གྱིས་མ་བརླབ་ན། །རྨི་ལམ་ཡོན་ཏན་མཐོང་ཡང་བར་ཆོད་འབྱུང་། །ཞེས་རྒྱུད་ལས་བཤད་དོ། །༧ཐུན་མོང་གི་སྔོན་དུ་འགྲོ་བ་ལ་བཞི་སྟེ། བླ་མ་ལ་མ་འདལ་འབུལ་ཞིང་རྨི་ལམ་ཟིན་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་པ་དང་། ཡི་དམ་གྱི་དཀྱིལ་འཁོར་བསྒོམ་ཞིང་གསོལ་བ་གདབ་པ་དང་། མཁའ་འགྲོ་ལ་གཏོར་མ་འབུལ་ཞིང་གསོལ་བ་གདབ་པ་དང་། འཇིག་རྟེན་པ་ལ་ཆུ་གཏོར་བཏང་ཞིང་བར་ཆོད་ཞི་བར་གསོལ་བ་གདབ་པ་སྟེ། བླ་མ་སངས་རྒྱས་འདུ་ཤེས་མ་སྐྱེས་ན། ཡི་དམ་དམིགས་པ་གསལ་བ་ཡང་འདོད་བློ་ཡིན། །ཡི་དམ་ཚོགས་ཀྱི་འཁོར་ལོས་མ་མཆོད་ན། །མཁའ་འགྲོ་མྱེས་༼མཉེས༽པར་བྱས་ཀྱང་ཞེ་འཛིན་ཡིན། །མཁའ་འགྲོ་གཏོར་མས་ཐུགས་དམ་མ་བསྐང་ན། །རྩོལ་བ་སྣ་ཚོགས་བྱས་ཀྱང་ཁྱི་རྐྱལ་ཡིན། །ཕྱོགས་མེད་འགྲོན་གྱི་རེ་བ་མ་བསྐང་ན། །རང་ལུས་ལྷ་རུ་ཤེས་ཀྱང་ཆགས་འཛིན་ཡིན། །ཞེས་གསུངས་སོ། །༒ཁྱད་པར་གྱི་སྔོན་དུ་འགྲོ་བ་ལ་བཞི་སྟེ། ཉལ་སྟབས་དང་། སྐྱབས་འགྲོ་དང། སེམས་བསྐྱེད་དང་། གསོལ་འདེབས་བྱ་སྟེ། དཔའ་བོ་སེང་གེའི་ཉལ་སྟངས་མ་ཤེས་ན། །ཐ་མལ་དུག་གསུམ་ཉལ་བ་བདུད་ལས་ཡིན། །སྐྱབས་མཆོག་གཏིང་ནས་བློ་ལ་མ་ངེས་ན། །ཚིག་གི་འཕྲེང་བ་བར་ཆོད་ཁ་འདྲེན་ཡིན། །མཐའ་ཡས་མ་རྣམས་སངས་རྒྱས་མི་འདོད་ན། །རང་ཉིད་སྒེར་བུ་ཕག་ལ་མདའ་བསྐུར་ཡིན། །གསོལ་བ་རྨི་ལམ་ཟིན་པར་མ་བཏབ་ན། །ཕྱོགས་འཁྱམས་༼འབྱམས༽ལས་བྱས་དོན་ལ་སྐུར་འདེབས་ཡིན། །ཞེས་གསུངས། འདི་ཉིད་ཀྱི་སྔོན་དུ་འགྲོ་བ་ལ་བཞི་སྟེ། རང་ལུས་སྒྱུ་མ་ཙམ་དུ་ཡི་དམ་གྱི་དཀྱིལ་འཁོར་གསལ་གདབ་པ་དང་། བླ་མ་སངས་རྒྱས་ཀྱི་རང་བཞིན་སྤྱི་བོར་བཞུགས་པ་དང། མཁའ་འགྲོ་མ་སྒྱུ་མ་ཆེན་མོ་ལྗང་མོ་གྲི་ཐོད་ཅན་བྱེ་བ་ས་ཡ་ཐོ་ཡུལ་གང་བར་བསམ་པ་དང་། དེའི་ངང་ལ་ཉལ་བ་གཉིད་དུ་གཏོང་སྟེ། རང་ལུས་སྒྱུ་མ་ཡི་དམ་དཀྱིལ་འཁོར་ལ། །རང་བཞིན་སངས་རྒྱས་སྤྱི་བོར་བླ་མ་བཞུགས། །རང་གྲོལ་ལམ་གྱི་གོ་ཆ་མཁའ་འགྲོས་བསྐོར། །རང་བཞིན་དེའི་ངང་ལས་གཉིད་དུ་བཏང་། །ཞེས་གསུངས་སོ། །དེ་ནི་རྨི་ལམ་འཛིན་པའི་སྔོན་འགྲོ་བཞི་བཞི་བཅུ་དྲུག་གོ། དེ་ནས་འདུན་པ་བཏང་པ་ལ་ཡང་བཞི་སྟེ། ཉིན་པར་གྱི་དུས་སུ་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་བག་ཆགས་བསྒྱུར་བ་དང་། སྤྱོད་ལམ་ཟ་འཆག་ཉལ་འདུག་གང་བྱེད་རྨི་ལམ་དུ་བསྒོམ་པས་ཞེན་པ་བཟློག་པ་དང་། ཉལ་ཀའི་དུས་སུ་རྨི་ལམ་རྨི་བར་བྱའོ། །རྨི་ལམ་རྨིས་ནས་ཀྱང་རྨི་ལམ་ཡིན་པར་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་ཡང་ཡང་བྱའོ། །སད་ནས་ཀྱང་རྨི་ལམ་ངོས་ཟིན་པ་དང་། ཟིན་པ་བཞིན་དུ་འདུན་པ་དང་། མ་ཟིན་ན་ཟིན་པར་བྱའོ་སྙམ་པའི་འདུན་པ་བཏང་པ་དང་བཞི་སྟེ། ཉིན་པར་དུས་སུ་སྣང་བ་སྒྱུ་མ་ཀུན། །རྨི་ལམ་ཡིན་པར་བསམ་ལ་བག་ཆགས་བསྒྱུར། །སྤྱོད་ལམ་དུས་སུ་བྱ་བྱེད་རྩོལ་བ་ཀུན། །རྨི་ལམ་སྣང་བར་བསམ་ལ་ཞེན་པ་བཟློག། གཉིད་ཁའི་དུས་སུ་གང་ཤར་བག་ཆགས་ཀུན། །རྨི་ལམ་ཡིན་པར་ངོ་ཤེས་འདུན་པ་བཏང་། །སད་པའི་དུས་སུ་ཟིན་དང་མ་ཟིན་ཀུན། །རྨི་ལམ་ངེས་པར་བྱེད་པའི་དྲན་པ་གསོ། །ཞེས་བཤད་དོ། །༧དེ་ནས་ཐིག་ལེ་ལ་སེམས་གཏད་པ་ལ་བཞི་སྟེ། སེམས་ཀྱི་ཡུལ་རྩ་གནས་དྲན་པར་བྱ་བ་དང་། རྨི་ལམ་གྱི་རྒྱུ་ཡིད་ལ་དྲན་པར་བྱ་བ་དང་། རྨི་ལམ་གྱི་གོ་ཆ་ཡི་གེ་དྲན་པར་བྱ་བ་དང་། རྨི་ལམ་གྱི་གཏད་སོ་ཐིག་ལེ་དྲན་པར་བྱ་བའོ། །དང་པོ་ནི་རང་ཉལ་བའི་རྩ་བྲན་འཁྲུལ་འབྱམས་སུ་ཤེས་པ་མི་གཏད་པར་རྩ་དབུ་མ་དྲན་པར་བྱའོ། །གཉིས་པ་གཏམ་ཆོལ་རྒྱུད་འབྱམས་སུ་ཤེས་པ་མི་གཏད་ལ་ཡིད་ཀྱི་རང་བཞིན་སྤོས་དུད་ལྟ་བུས་དབུ་མ་གསང་བ་ནས་མགྲིན་པའི་བར་གང་བར་བསྒོམ་མོ། །གསུམ་པ་སད་འབྱམས་བར་ཆོད་དུ་མི་བཏང་བར་ལམ་གྱི་གོ་ཆ་མཁའ་འགྲོ་མ་བཞིའི་སྙིང་པོ་པད་མ་དམར་པོ་འདབ་བཞི་ལ། ་་་་བཞི་སྒོམ་ལ་རེས་མོས་སུ་སེམས་གཏད་དོ། །

དེ་ལ་ཡོན་ཏན་བཞི། ར་མེའི་ཡི་གེ་ཚོགས་བདག་མ་ཆེན་མོའི་སྙིང་པོ། གཅོད་པའི་དབང་པོ་སྐྱེ་བས་རྨི་ལམ་དོན་ལ་གཅོད། ལ་ཆུའི་ཡི་གེ་ཐར་པའི་ལམ་འདྲེན་མའི་སྙིང་པོ་རིག་པའི་དབང་པོ་སྐྱེ་བས་རྨི་ལམ་དུ་རིག ཤ་མེའི་ཡི་གེ་བར་ཆོད་ཀུན་འདུལ་མའི་སྙིང་པོ་ཤེས་པའི་དབང་པོ་སྐྱེ་བས་རྨི་ལམ་དུ་ཤེས། ས་སའི་ཡི་གེ་གསལ་བྱེད་གདོས་བྲལ་མའི་སྙིང་པོ། གསལ་བའི་དབང་པོ་སྐྱེ་བས་རྨི་ལམ་གསལ་བའོ། །ཡང་ན་་་་་བཞི་སྒོམ་པ་ཡིན་ཏེ། ཡ་རླུང་གི་ཡི་གེ་འདེགས་བྱེད་སྒྲོལ་མའི་སྙིང་པོ་སྲོག་གི་དབང་པོ་བསྐྱེད་པ་དང་། འ་སྒྱུ་མ་ཆེན་མོའི་སྙིང་པོ་རྟོགས་པའི་དབང་པོ་སྐྱེ་བས་རྨི་ལམ་ཟིན། གཞན་གཉིས་པོ་གོང་དུ་གསལ། དེ་ཡང་དང་པོ་བཞིས་མ་ཟིན་པ་གཉིས་པས་བསྐྱར་རོ། །༧བཞི་པ་བརྗེད་འབྱམས་ཡུལ་དུ་མ་ལ་ཡན་དུ་མི་གཞུག་པར། ཡི་གེ་ཨ་དམར་པོ་བསམ་པའམ། ཐིག་ལེ་ཉག་གཅིག་གྲུབ་མཐའི་རྩ་བ་ལ་སེམས་གཏད་པ་དང་གཉིད་དུ་འཐིབ་ཀྱི་འགྲོ་བ་དུས་མཉམ་དུ་བྱའོ། །དེ་ཡང་དང་པོ་གཉིད་དུ་རིག་པ་བསྡུ་བའི་དུས་སུ་། དེ་ནས་སྣང་བ་དབང་དུ་བསྡུ་བའི་དུས་སུ་ ། དེ་ནས་རྟོག་པ་བསྡུད་པའི་དུས་སུ་། དེ་ནས་དྲན་པ་བསྡུ་བའི་དུས་སུ་་། དེ་ནས་གཉིད་དུ་འཐིབ་ཀྱི་འགྲོ་ཁར་ཨའམ་ཐིག་ལེ། དེ་ལ་ཡང་གནད་བཞི་ཤེས་པར་བྱའོ། །མྱུར་བར་གཅིག་ཆར་དུ་གཉིད་དུ་འགྲོ་ན་ཡི་གེ་གོ་ཆ་བཞི་དྲན་པ་ཙམ་ནས་ཐིག་ལེ་ལ་བློ་རྩེ་གཏད་དོ། །དེ་ལྟར་ཡང་། འཁྲུལ་འབྱམས་བསྡུ་གནས་དབུ་མ་བདེ་ཆེན་རྩ། །ཉོན་མོངས་རྩ་བྲན་འགག་པས་འཁྲུལ་མེད་ཡུལ། །རྒྱུད་འབྱམས་འགག་བྱེད་ཡིད་ཀྱི་རྒྱུན་རླུང་སྔོ༼གསོ༽། །གཏམ་ཆོལ་རི་རྒྱུད་༼རང་རྒྱུད༽འགག་པས་རྒྱུད་མེད་རྟ༼གཏའ༽། །སད་འབྱམས་གོ་ཆ་འ་ཡ་ཤ་རའི་བསྔགས། །ལམ་གྱི་བར་ཆོད་དགག་པས་རྐྱེན་མེད་གོ། བརྗེད་འབྱམས་གྲུབ་མཐའི་རྩ་བ་ཐིག་ལེ་གཅིག ཡུལ་དུས་སྣང་བ་དགག་པས་དོན་དམ་ཉིད། །བྱ་རའི་ཡོན་ཏན་གཅོད་སྲོག་རྟོགས་པ་དང་། །ཤེས་རིག་གསལ་བའི་སངས་རྒྱས་དབང་པོ་དྲུག། དོན་ལ་གཅོད་དང་ལམ་དུ་རིག་པ་དང་། །ལམ་དུ་ཤེས་དང་རྨི་ལམ་གསལ་བ་དང་། །ལམ་གྱི་སྲོག་འཛིན་རྨི་ལམ་ཟིན་པར་བྱེད། །ཅེས་རྒྱུད་ཀྱི་ལུང་དྲང་བས་ཡིད་ཆེས་པར་བྱའོ། །༧བཞི་པ་རྨི་ལམ་བཟུང་པ་ལ་བཞི་སྟེ། རླུང་སེམས་དབུ་མར་སྡུད་པའི་གནད་དང་། སྣང་བ་རྨི་ལམ་གསལ་བའི་གནད་དང་། ཤེས་པ་རང་དབང་དུ་ཚུད་པའི་གནད་དང་། ཟིན་བྱེད་འཇིགས་སྐྲག་བསྐུལ་འདེབས་ཀྱི་གནད་དོ། །གནད་བཞི་པོ་དེ་ལ་དུས་གནད་བཞི། བསྒོམ་གནད་བཞི། ལུས་གནད་བཞི། རྐྱེན་གནད་བཞི། མཁའ་འགྲོའི་གནད་བཞིའོ། །དང་པོ་ནི་དུས་གནད་སྲོད་ཀྱི་དུས་སུ། བསྒོམ་པའི་གནད་མགྲིན་པ་རྨི་ལམ་འདུ་འཕྲོ་འགྱེད་པའི་ས་ཡིན་པས། པད་མ་དམར་པོ་འདབ་བཞིའི་དབུས་སུ། རླུང་སེམས་དབུ་མར་བསྡུ་བའི་གནད་ཡི་གེ་ཨ་ལ་ཤེས་པ་གཏད་ཅིང་ལུས་གནད་སེང་གེའི་ཉལ་སྟབས་སོ། །དེ་ལ་གཉིད་ལོག་པས་རྨི་ལམ་འབྱུང་བའི་འདུན་པ་དང་། རྨིས་ནས་རྨི་ལམ་དེ་ངོས་ཨེ་ཟིན་ལྟ་བ་ཡིན་ཏེ། དེའི་དུས་སུ་མཁའ་འགྲོའི་གནད་ཀྱི་སྟོང་གསུམ་སྒྱུ་མ་ཙམ་སྒྱུ་མ་ཆེན་མོས་གང་བར་བསམ། དེས་བུད་མེད་རྒྱན་ལྡན་གྱིས་ཁྱུང་དང་སེང་གེ་ལ་བསྐྱོན་ནས་ཁྲིད་པ་དང་། ལ་དང་སྐས་དང་གྱེན་ལ་འཛེགས་པ། ནོར་བུ་ཤིང་ཐོག་ཞལ་ཟས་འབུལ་བ་གང་བྱུང་ཡང་། འདི་ཉིད་རྨི་ལམ་ཡིན་བསམ་པར་ངོ་ཤེས་པ་དང་། རྨི་ལམ་མཁའ་འགྲོས་བྱེད་པ་ཡིན་བསམ་པའི་བརློམ་པ་དང་། མཁའ་འགྲོ་སྒྱུ་མ་ཆེན་མོ་ཡིན་བསམ་པའི་ངེས་ཤེས་བྱའོ། །རྐྱེན་གནད་བཞི་ནི། དུས་གཅིག་ལ་བསྟན་པས་ཆོག་སྟེ། རླུང་དང་ཟས་ཆུང་ནས་ཡིད་འཕྱོས་པས་གཉིད་མི་ཁུག་ན། རླུང་གི་གཡེར་བཏོན་དྲན་པའི་རྟ་རྒོད་བསྐྲོགས་ཞེས་གསུངས་པས། བཀུ་བྱུག་དང་ཟས་བཅུད་ཅན་དང་མལ་དྲོ་བར་བྱའོ། །བསམ་མནོ་དང་སེམས་ལས་ཀྱིས་བློ་རྒོད་ནས་དོན་དུ་མ་ཕེབ་ན། བློའི་ལས་བྱས་བསམ་མནོས་ཁྱེའུ་ཆུང་བསྐྱོད་ཅེས་བྱ་བས། སྟོང་ཉིད་བསྒོམ་པ་དང་ངལ་དུབ་ཀྱི་སྤྱོད་པ་དྲག་པོ་བྱ། གདོན་གྱིས་གྲིབ་གནོན་དང་གནོད་པ་བསྐྱལ་ནས་སྐྲག་ཐུག་ཐུག་པ་དང་ཆོ་འཕྲུལ་གྱི་འདར་ཡེད་ཡེད་པ་བྱུང་ན། གདོན་གྱི་གུས་བཏབ་ཡ་ངའི་འཕྲང་ལ་བསྐུར། །ཞེས་བྱ་སྟེ། དེ་ལ་གཅོད་དང་སྒྱུ་མ་གསུམ་ལ་བསླབ་པར་བྱ། རྨི་ལམ་མི་གསལ་མི་ཟིན་ཤེས་པ་ནག་ཐུམ་གྱིས་སོང་ན་འདུ་བ་འཁྲུག་པས་ཁྲག་གི་རྩ་གནས་གང་བ་སྟེ། ནད་ཀྱིས་མཚོན་བཏབ་བསྒོམ་གྱི་སྲོག་ལ་འཚེ། །ཞེས་བྱ་སྟེ། ལུས་སྦྱོང་གི་རྣམ་པ་དང་རླུང་ལས་སུ་རུང་བར་བསྒོམ་མོ། །དེ་ལ་ཟས་སྤྱོད་ཕུར་བཙུག་སྟོང་ཉིད་ཐག་པས་བཅིང་། །གཅོད་ཀྱི་གོ་བྲེས་ལུས་སྦྱོང་བརྩན་མཁར་ཚུགས། །ཞེས་པའི་དོན་ནོ། །༧གཉིས་པ་དུས་ཀྱི་གནད་ནམ་གྱི་གུང་ལ་ཕྱིན་པའི་དུས་སུ། བསྒོམ་པའི་གནད་དཔྲལ་བ་སྣང་བ་གསལ་འདེབས་ཀྱི་ཡུལ་ཡིན་པས། རྩ་གནས་ཀྱི་གནད་མཛོད་སྤུ་སལེ་སྒྲོན་མའི་འདུས་སོར། ལུས་ཀྱི་གནད་འོག་རླུང་བསྡམ་ལ་དབུགས་ཀྱིས་རྔུབ་ཐང་བདུན་ཙམ་བྱ། སྒོམ་གྱི་རང་ཡི་དམ་སྤྱི་གཙུག་བླ་མ་མཁའ་འགྲོའི་ཚོགས་དཀྱིལ་དུ། དཔྲལ་བར་ཐིག་ལེ་དཀར་ལ་འཚེར་བ་ཆེ་ཆུང་སྲན་མ་ཙམ་ལ་སེམས་བཟུང་ལ་གཉིད་དོ། །སྔར་མ་ཟིན་པ་ད་ནི་ཅིས་ཀྱང་ཟིན་པའི་འདུན་པ་བཏང་བས། མཁའ་འགྲོ་མ་སྒྱུ་མ་ཆེན་མོས་ལམ་གྱི་གོ་ཆ་སྟེར་བའི་གནད་དུ། སྣང་བའི་ཡུལ་གསལ་བའི་རྨི་ལམ་ཉི་ཟླ་ཤར་བ། འབྲུག་དང་དུང་ཆེན་བུས་པ་སྨན་དང་མེ་ཏོག་འཐུ་བ་མཚོ་དང་ལོ་ཏོག་འབྲས་དྲུག་སྨིན་པ། དར་ཟབ་དབྱི་སྤྱང་བ་དན་ལས་སོགས་པ་གཟུགས་སྒྲ་དྲི་རོ་རེག་རྣམས་འབྱུང་སྟེ། གང་བྱུང་བ་རྨི་ལམ་དུ་ངོ་ཤེས་པ་འབྱུང་བར་བྱའོ། །༧གསུམ་པ་དུས་ཀྱི་གནད་ཐོ་རངས་ལ་ཕྱིན་པའི་དུས་སུ། བསྒོམ་པའི་གནད་ཤེས་པ་རང་དབང་དུ་བཙུད་པར་བྱེད་པའི་ཡི་གེ་ཧཱུཾ་ནག་པོ་ལ་བློ་གཏད། རྩའི་གནད་ཐུགས་ཀ་བོན་གྱི་འཁོར་ལོ་ལའོ། །ལུས་ཀྱི་གནད་རླུང་ཁ་སྦྱོར་དབུགས་ཉི་ཤུ་རྩ་གཅིག་གོ། མཁའ་འགྲོའི་གནད་ཤེས་པ་ལམ་དུ་ཚུད་པར་ཁང་བཟང་སྟོང་གསུམ་གང་བར་ཕྱིན་པ་དང་། ལྷའི་གཞལ་ཡས་སུ་བསྡད་པ་དང་། ཁྲི་ནམ་མཁའ་གང་བ་ལ་བཞུགས་པ་དང་། བླ་མས་གནང་བ་སྦྱིན་པ་དང་། ཕ་ཡིས་སྐྱེ་འགྲོའི་དོན་འདི་གྱིས་ཞེས་བསྐོས་བཏབ་པ་དང་། མ་ཡིས་ཞལ་ཟས་ཀྱི་རྣམ་པ་བདའ་དགུ་འདྲེན་པ་དང། སེང་གེའི་ཁྲི་དང་པད་མའི་གདན་དང་། ཉི་མ་དང་ཟླ་བའི་གདན་ལ་བསྡད་པ་ལས་སོགས་པ། གང་བྱུང་ཡང་སྔ་མའི་ཐུན་ལ་མ་ཟིན་ཡང་། ད་རེས་ཤེས་བྱ་རང་དབང་དུ་གྱུར་པ་འདི་ལ་རྨི་ལམ་ཟིན་པར་བྱའོ་སྙམ་པས་འཛིན་པའོ། །༧བཞི་པ་དུས་ཀྱི་གནད་ནམ་ལང་ཁའི་དུས་སུ། ལུས་ཀྱི་གནད་ཤེས་པ་རྒྱ་ཡན་དུ་ཞུགས་པས་ཅི་བདེར་ཉལ་ལ། བསྒོམ་གྱི་གནད་འཇིགས་སྐྲག་གིས་བསྐུལ་འདེབས་འབྱུང་བར་བྱེད་པ་ཐིག་ལེ་ནག་ལ་འཇིགས་པ་རིལ་མ་ཙམ། རྩའི་གནད་གསང་བའི་བུག་པའི་ནང་དུ་བསྒོམ་པ་ལ་བློ་གཏད་ལ་གཉིད་དོ། །མཁའ་འགྲོའི་གནད་རྫུ་འཕྲུལ་གྱིས་བསྐུལ་འདེབས་བྱེད་དེ། རི་ལུང་མེས་གང་བ། རང་ལུས་ཆུས་ཁྱེར་བ་དང་། གད་རོང་གཡང་ས་ལ་ལྷུང་བ་དང། བསྐལ་པའི་རླུང་གིས་ཁྱེར་བ་དང་། ལུས་ལ་འོད་ཟེར་བྱུང་བ་དང་། སྟག་དང་སྤྱང་ཁུས་རྒྱུ་མ་བཏོན་པ་དང་། ཁྱི་དང་བྱོལ་སོང་གིས་དམུག་༼རྨུག༽པ་དང་། མི་འཚམས་པའི་ལྟས་ཀྱིས་སྐྲག་པ་དང་། ཡ་ང་བ་འཇིགས་པ་དུ་མ་འབྱུང་བས། དེའི་དུས་སུ་རྨི་ལམ་ཡིན་བསམ་པའི་ཤེས་པ་རྨི་ལམ་གྱི་ཡུལ་དུ་འབྱུང་བས། དེ་ལ་ནན་ཏན་དང་ཡེ་ཤེས་ཀྱིས་བཙིར་ཟུང་བྱས་པས། བོན་ཐམས་ཅད་སྒྱུ་མ་ཙམ་དུ་ཤེས་ཤིང་ལམ་ལ་ཟིན་པ་དང་། ལམ་ལ་གནས་པ་དང་། ལམ་ལ་གྲོལ་བར་འགྱུར་རོ། །༧དེ་ལྟར་གནད་བཞི་དྲུག་ཉི་ཤུ་རྩ་བཞི་ལ་དང་པོ་དེ་ལྟར་བསྒོམ་ཞིང་ཕྱིས་བསྐྱེད་དང་བོགས་གང་ཆེ་བ་ལ་རྩལ་སྦྱང་པར་བྱའོ། །འདི་ལྟར་གནད་རྣམས་བསྡོམས་ནས་བསྟན་པ་ནི། བསྒོམ་པ་ལ་གོ་བདེ་བའི་ཆེད་དུ་སྟེ། རྒྱུད་ལ་ནི་འདི་ལྟར་བསིལ་ནས་བཤད་དེ། དེ་ནས་་རྨི་ལམ་བཟུང་བར་བྱ་བ་ལ། །ཕྱི་སྐྱོན་བཞི་དང་ནང་གནད་ཉི་ཤུ་བཤད། །རླུང་གི་གཡེར་བཏོན་དྲན་པའི་རྟ་རྒོད་བསྐྲོགས། །བློའི་ལས་བྱས་བསམ་མནོས་ཁྱེའུ་ཆུང་བསྐྱོད། །གདོན་གྱི་ཀུས་བཏབ་གཡང་སའི་འཕྲང་ལ་བསྐུར། །ནད་ཀྱི་མཚོན་ཟུག་བསྒོམ་གྱི་སྲོག་ལ་འཚེ། །ཟས་སྤྱོད་ཕུར་ཚུགས་སྟོང་ཉིད་ཐག་པས་བཅིང་། །གཅོད་ཀྱི་གོ་བྲེས་ལུས་སྦྱོང་བརྩན་མཁར་ཚུགས། །ཕྱི་སྐྱོན་རླུང་སེམས་ནད་གདོན་བཞི་ལས་གྲོལ། །ནང་གནད་དུས་བཞི་གནད་དུ་བསྣུན་པ་ནི། །སྲོད་ལ་ཤེས་བྱ་ཡུལ་གྱི་ཐང་མ་སྡུད། །གུང་ལ་སྣང་བ་ལོངས་སྤྱོད་རྒྱན་དུ་ཁྱེར། །ཐོ་རས་༼རངས་༽རང་དབང་རྒྱལ་པོའི་གདན་ས་འཛིན། །ནམ་ལངས་རྫུ་འཕྲུལ་དྲག་པོའི་སྔངས་རྒྱག་བརྒྱབ། །

བསྒོམ་གནད་དུས་བཞི་གནད་དུ་བསྣུན་པ་ནི། །ཡི་གེ་ཨ་དམར་སྐྱེ་མེད་དབུ་མར་སྡུད། །ཐིག་ལེ་དཀར་པོ་ཡུལ་ལྔའི་རྨི་ལམ་གསལ། །སྡུད་བྱེད་ཧཱུཾ་ནག་ཤེས་པ་རང་དབང་འཛུད། །ཟིན་བྱེད་ཐིག་ལེ་འཇིགས་སྐྲག་བསྐུལ་མ་འདེབས། །རྩ་གནད་གནས་བཞི་གནད་དུ་བསྣུན་པ་ནི། །མགྲིན་པ་རྨི་ལམ་འདུ་འཕྲོ་འགྱེད་པའི་ས། །མཛོད་སྤུ་སལེ་སྒྲོན་མ་གསལ་བའི་ཡུལ། །ཐུགས་ཀ་བོན་ཉིད་འཁོར་ལོ་འདུག་པའི་གནས། །གསང་བ་རྩའི་བུག་པ་ཐབས་ལམ་གནད། །ལུས་གནད་རྣམ་བཞི་གནད་དུ་བསྣུན་པ་ནི། །སེང་གེའི་ཉལ་སྟབས་དུག་གསུམ་རྩ་བ་གཅོད། །ཐུན་བདུན་རླུང་གིས་དབང་པོའི་སྒོ་འགག་སེལ། །ཉེར་གཅིག་དབུགས་ཀྱིས་རླུང་སེམས་ལས་སུ་རུང་། །ཅི་བདེ་ཤ་ཉལ་ཤེས་པ་ཁ་ཡན་བཞག མཁའ་འགྲོའི་ལྟས་བཞི་གནད་དུ་བསྣུན་པ་ནི། །ཞི་བའི་ཚུལ་གྱིས་གདུལ་བྱ་དང་བ་འདྲེན། །རྒྱས་པའི་དོན་སྟོན་སྒོ་ལྔའི་ལོངས་སྤྱོད་འགྱེད།  ། དབང་གི་རང་བཞིན་ཤེས་པ་རྒྱལ་སར་བཏོན། །དྲག་པོའི་ཆོ་འཕྲུལ་སྣང་བ་ལམ་ལ་གཟུད། །ཅེས་ཕྱི་སྐྱོན་བཞི་ནང་གནད་ཉི་ཤུས་རྨི་ལམ་འཛིན་པར་བཤད་དོ། །༧དེ་ནས་རྨི་ལམ་གྱི་སྤྱི་དོན་གསུམ་པ་ཡེ་ཤེས་ཀྱི་རྩལ་སྦྱང་བ་ལ་གསུམ་སྟེ། རྨི་ལམ་གྱི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང། ཡ་ང་བ་ལ་རྩལ་སྦྱང་པ་དང་། རེ་དོག་མེད་པར་སྤེལ་བའོ། །དང་པོ་རྨི་ལམ་གྱི་ཡེ་ཤེས་དེ་གང་ཡིན་ཞེ་ན། བོན་གྱི་བོན་ཉིད་དམ་བོན་ཐམས་ཅད་ཀྱི་རང་བཞིན། སྣང་བའི་དངོས་པོ་དང་བཅས་པ་ཐམས་ཅད། སྒྱུ་མ་ལྟར་སྣང་ཡང་སྣང་། བདེན་ཡང་སྒྱུ་མ་ཙམ་དུ་བདེན། དམ་པའི་དོན་ལ་རྨི་ལམ་ཙམ་ལས་གང་ཡང་གྲུབ་པ་མེད་དེ། རྟོག་འཁྲུལ་གང་དུ་སོང་ཡང་ཁོ་རང་དེ་ཉིད་ལམ་དུ་ཁྱེར་བས་ཆོག་པ་ཡིན་སྙམ་པའི་ཡེ་ཤེས་ཀྱི་སྣང་བ་གོང་དུ་ལམ་ཁྱེར་བཅུ་གཅིག་པར་ཟབ་བོ། །རང་རིག་པའི་ཡེ་ཤེས་ཀྱིས་གར་ཡང་བསྒྱུར་བས་ཆོག་པ་ཡིན་སྙམ་པའི་ཡིད་ཆེས་གོང་དུ་སྒྱུ་མ་བཅུ་གཅིག་བསྟན་པ་བཞིན་དུ་བསྒོམ་མོ། །ལམ་དུ་འགྱུར་བ་ལ་འདི་བས་ལྷག་པ་མེད། ཡོད་ཀྱང་ཉེ་བ་མེད། འདི་ལས་ཉེ་བ་ཡོད་ཀྱང་དོན་ཐམས་ཅད་དུ་འབྱུང་པ་འདི་ལས་མེད་སྙམ་པའི་ཐག་ཆོད་གོང་དུ་ཡོན་ཏན་བཅུ་གཅིག་བསྟན་པས་གོ་ཕུག་ཧ་ར། ༧དེ་ལྟར་ཉིན་པར་གྱི་སྣང་བ་རྨི་ལམ་དུ་བསྒྱུར། ནུབ་མོའི་སྣང་བ་རྨི་ལམ་དུ་ཤེས་པས། རྨི་ལམ་གྱི་ཡེ་ཤེས་རྙེད་པ་སྟེ། རྨི་ལམ་ཡེ་ཤེས་ཁོང་དུ་ཆུད་པའི། །བོན་དང་བོན་ལས་བྱུང་པའི་ཤེས་བྱ་ཙམ། །སྣང་དང་སྣང་བས་བསྐྱེད་པའི་འདོད་བྱ་ཡུལ།  ། སེམས་དང་སེམས་ལས་བྱུང་པའི་ཁམས་གསུམ་པ། །སྣང་ཡང་རྨི་ལམ་ཙམ་དུ་སྣང་བ་སྟེ། །བདེན་ཀྱང་རྨི་ལམ་ཙམ་དུ་བདེན་པ་ཡིན། །གྲོལ་ཡང་རྨི་ལམ་ཙམ་དུ་གྲོལ་བའོ། །གང་ལྟར་བྱས་ཀྱང་ཡེ་ཤེས་རྩལ་ཡིན་པས། །ལམ་དུ་ཁྱེར་ཆོག་ངེས་ཤེས་གཏིང་ནས་བསྐྱེད། །གང་ལྟར་བསྒྱུར་ཡང་ཡེ་ཤེས་སྟོབས་ཡིན་པས། །སྤྲུལ་བསྒྱུར་བྱས་ཆོག་ཡེ་ཤེས་ཁོང་ནས་འཆར། །གང་ལྟར་ཐོབ་ཀྱང་ཡེ་ཤེས་རྒྱུ་ཡིན་པས། །ལམ་མཆོག་འདི་ཐོབ་ཐག་ཆོད་མངོན་དུ་འཆར། །སྣང་བས་སྣང་བ་ཁྲིད་པའི་ཉིན་བར་ལ། །སྣང་བ་སྒྱུ་མར་ཤེས་པའི་ཡེ་ཤེས་༼ངེས་ཤེས༽བཀྱེ། །སྒྱུ་མས་སྒྱུ་མ་ཁྲིད་པའི་ལས་སྤྱོད་ལ། །སྒྱུ་མ་རྨི་ལམ་ཤེས་པའི་ཡེ་ཤེས་སྤར། །རྨི་ལམ་རྨི་ལམ་ཁྲིད་པའི་ནུབ་མོ་ལ། །རྨི་ལམ་སྟོང་པར་ཤེས་པའི་ཡེ་ཤེས་བསྒོམ། །ཞེས་པའོ། །༧གཉིས་པ་ཡ་ང་བ་གཉིས་ལ་རྩལ་སྦྱང་བ་ནི། མེ་ཆེན་པོ་འབར་བ་རྨིས་ན། རྨི་ལམ་མེས་སུ་ཚིག་པ་མེད་བསམ་ནས་ནང་དུ་མཆོང་། ཚིག་པར་མ་གྱུར་དེ་ནི་རྨི་ལམ་ངེས་པར་འདུག་པས་རང་ཡང་མེ་དཔུང་དངོས་སུ་སྤྲུལ། ཆུ་ཆེན་རྨིས་ན་རྨི་ལམ་ཆུས་ཁྱེར་བ་མེད་སྙམ་ནས་ནང་དུ་མཆོང་། ཁྱེར་བ་མེད་ན་རང་ཡང་ཆུ་རུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱ། དེ་བཞིན་དུ་གཡང་ས་དང་། རླུང་གི་ཕུང་པོ་དང་། རལ་གྲིའི་ནགས་ཚལ་དང་། འཇིགས་པའི་གཤེད་མ་དང་། འཆི་བདག་གི་བདུད་གཤིན་རྗེ་དང། སྟག་གཟིག་གཅན་གཟན་ལས་སོགས་གང་ལ་ཡང་རྨི་ལམ་དུ་བསྲེ་བ། རྨི་ལམ་དངོས་སུ་སྤྲུལ་པ། སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་མངོན་པར་སྦྱང་བ་ཉིན་དང་ནུབ་མོ་ཐམས་ཅད་དུ་བྱའོ། །༧གསུམ་པ་རེ་དོགས་མེད་པར་སྤེལ་བ་ནི། སྣང་བ་ཐམས་ཅད་སྒྱུ་མ། སྒྱུ་མ་ཐམས་ཅད་རྨི་ལམ། རྨི་ལམ་ཐམས་ཅད་ཅི་ལྟར་སྤྲུལ་ཡང་བཏུབ་པ་ཡིན་པའི་དོན་ཁོང་དུ་ཆུད་པར་བྱས་ལ། རྨི་ལམ་དུ་སྐྱེས་བུ་གཅིག་རྨིས་ན། སྐྱེས་བུ་འདི་རྨི་ལམ་ཡིན་པས་ཇི་ལྟར་སྤྲུལ་དུ་ཡང་བཏུབ་སྙམ་ནས་གཅིག་ལས་གཉིས་སུ་བསྒོམས་པས་གཉིས་སུ་འགྱུར། གཉིས་ལས་བརྒྱ་སྟོང་དུ་བྱས་ཀྱང་འགྱུར། དེ་དག་ཡི་དམ་ལྷ་གསང་མཆོག་ཏུ་ཡང་བསྒྱུར། ལྷར་གྱུར་ནས་བོན་མཉན་པ་ཡང་བྱའོ། །བུད་མེད་གཅིག་རྨི་ན་ཡང་གཅིག་ལས་གཉིས། གཉིས་ལ་གྲངས་མེད། དེ་ལ་ཡུམ་ཀྱེ་མར་བསྒྱུར་ལ་བོན་མཉན་པ་དང་། གདམས་ངག་ཞུ་བར་བྱའོ། །དེ་བཞིན་དུ་ཁྱི་སྤྱང་སྟག་གཟིག་གི་གནོད་པ་བྱུང་ཡང་། འདི་རྨི་ལམ་ཡིན་པས་ཇི་ལྟར་ཡང་བསྒྱུར་དུ་བཏུབ་སྙམ་ལ། གསང་མཆོག་དུར་ཁྲོད་ཆེན་པོར་སྤྲུལ། དུར་ཁྲོད་ཚད་མེད་པར་མཁའ་འགྲོ་དང་ལྷ་ཚོགས་སུ་སྤྲུལ། དེ་དག་ལ་རང་ཡང་བསྲེ་ལ་ལྷ་རུ་བསྒྱུར་རོ། །དེ་ལྟར་གང་བྱས་པས་དང་པོ་རྨི་ལམ་ལ་འབྱོང་། དེ་ནས་ཉིན་པར་དང་ཁྱད་མེད་དུ་འགྱུར། དེ་ནས་སྣང་བ་གང་ཡང་རྨི་ལམ་བཞིན་དུ་འགྱུར་བ་ཡིན་ཏེ། རིག་འཛིན་སྔ་མ་ཀུན་ཀྱང་སྟག་གཟིག་ཡུལ་བགྲོད་སྟག་ལ་ཞོན་པ་དང་། །མེ་ཆུས་མི་ཚུག་སྤྲུལ་བསྒྱུར་བྱེད་པ་དང་། །མཚོན་གྱི་བཅད་འཕྲོ་བྱུག་པས་སོས་པ་དང་། །ཁྱུང་ལ་བཞོན་ནས་མཁའ་ལ་འཕུར་བ་ཡང་། །སྒྱུ་མ་རྨི་ལམ་འབྱོང་བས་བྱུང་པ་ཡིན།  ། ཞེས་སོ། །༧དེ་ཡང་། ཡ་ང་ལ་རྩལ་སྦྱང་པའི་ལུང་ནི། མེ་རྨིས་མེར་མཆོང་རང་ལུས་མེ་རུ་སྤྲུལ། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་གུར་བཞུགས། །ཆུ་རྨིས་ཆུར་མཆོང་རང་ལུས་ཆུ་རུ་སྤྲུལ། །བདུད་རྩི་ཆུའི་སེམས་ཅན་གསོ་སྦྱིན་བྱ། །གཡང་རྨིས་གཡང་མཆོང་གཡང་ལས་མཁའ་རུ་འཕུར། །ཐོག་མེད་གཤོག་དྲུག་བོན་ཉིད་དབྱིངས་སུ་བརྐྱང་། །རླུང་རྨི་རླུང་མཆོང་རླུང་གི་ལུས་སུ་བསྒྱུར། །ཕྱོགས་བཅུ་ནམ་མཁའི་མཐའ་ཐུག་ལྟད་མོ་ལྟ། །གཤེད་རྨིས་གཤེ་༼གཤེད་༽བསྲེ་བདུད་ལས་ལྷ་རུ་བྱས། །ལྷ་མཆོག་སངས་རྒྱས་ཞལ་ལ་ལེགས་པར་ལྟ། །གཅན་རྨིས་གཅན་བསྲེས་གཅན་ལས་མཁའ་འགྲོ་བལྟ། །མ་ཚོགས་རྒྱ་མཚོའི་དབང་ཕྱུག་དཔའ་བོར་བསྐྱེད། །ཉམས་ང་མེད་པར་རྩལ་སྦྱོང་ཡེ་ཤེས་རྩལ། །རེ་དོགས་མེད་པར་རྩེད་མོ་ཡོངས་སུ་རྩེ། །འཇིགས་པ་གང་སྣང་རང་གྲོལ་ཡེ་ཤེས་གྲོགས། །ཞེས་གསུངས་སོ། །

༧རེ་དོགས་མེད་པར་སྤེལ་བ་ནི། སྐྱེས་བུ་གཅིག་ལས་གཉིས་སུ་གསུམ་དུ་སྤྲུལ། །དེ་ལ་ལྷར་བསྒྱུར་གསང་མཆོག་ལྷ་ཞལ་ལྟ། །བུད་མེད་གཅིག་ལས་གཉིས་སམ་གསུམ་དུ་སྤྲུལ། །དེ་ལས་ཡུམ་གྱུར་ཀྱེ་མ་ཡུམ་དབང་ནོད། །ཁྱི་སྤྱང་གཅིག་ལས་བརྒྱ་སྤྲུལ་དུར་ཁྲོད་གནས། །གསང་མཆོག་གཞལ་ཡས་དབུས་སུ་ཤེས་པར་བྱ། །བྱ་རྨིས་བྱ་ལས་ཁྱུང་སྤྲུལ་ཁྱུང་ལ་ཞོན། །དཔག་བསམ་རྩེ་མོར་འགྲོ་ལ་སྣང་སྲིད་ལྟ། །གླང་རྨིས་གླང་ལས་གླང་ཆེན་ས་སྲུང་ཞོན། །སུམ་ཅུ་རྩ་གསུམ་གནས་སུ་བགྲོད་པར་བྱ། །ཁྱི་རྨིས་ཁྱི་ལ་འབྲུག་སྤྲུལ་འབྲུག་ལ་ཞོན། །བར་སྣང་ཡངས་པའི་ཁམས་སུ་ངམ་ངུར་བསྐྱེད། །སྦྲུལ་རྨིས་སྦྲུལ་ལས་ཀླུ་སྤྲུལ་ཀླུ་ལ་ཞོན། །ས་འོག་རྒྱ་མཚོའི་ནང་ནས་རོལ་མོ་སྒྱུར། །དེ་དག་གང་དང་གང་འདོད་ཐམས་ཅད་ཀུན། །དང་པོ་རྨི་ལམ་བཟུང་ལ་མངོན་གྱུར་ནས། །སྣང་བ་གང་འདོད་མངོན་དུ་བྱེད་པ་སྟེ། །སྟག་གཟིག་ཡུལ་བགྲོད་སྟག་ལ་ཞོན་པ་དང་། །མེ་ཆུས་མི་འཇིག་སྤྲུལ་བསྒྱུར་བྱེད་པ་དང་། །མཚོན་གྱིས་བཅད་འཕྲོ་བྱུག་པས་སོས་པ་དང་། །ཁྱུང་ལ་ཞོན་ནས་མཁའ་ལ་འཕུར་བ་ཡང་། །སྒྱུ་མ་རྨི་ལམ་འབྱོང་པས་འབྱུང་པ་ཡིན། །གོམས་པའི་སྟོབས་ཀྱིས་རྒན་མོས་གླང་པོ་ཁྱག། བསྒོམ་པའི་སྟོབས་ཀྱིས་ས་ལ་ཆུ་བཞིན་འཛུལ། །གྲུབ་པའི་སྟོབས་ཀྱིས་མི་ཡིས་ལྷ་ཆེན་མངགས། །ཞེས་སོ། །༧རྨི་ལམ་གྱི་སྤྱི་དོན་བཞི་པ་གསལ་བ་ལ་བསླབ་པ་ལ་གསུམ་སྟེ། སྣང་ཡུལ་ལ་བསླབ་པ་དང་། ཐོས་ཡུལ་ལ་བསླབ་པ་དང་། དམིགས་ཡུལ་ལ་བསླབ་པའོ། །དང་པོ་སྣང་ཡུལ་ལ་བསླབ་པ་ནི། ཉི་ཟླ་ཤར་བ་རྨིས་ན་འདི་རྨི་ལམ་གྱི་ཉི་ཟླ་ཡིན་པས་ཅིར་ཡང་བཏུབ་སྙམ་ནས་འོད་ཟེར་ལ་འཇུས་ནས་སྟེང་དུ་སོང་སྟེ་ལྷ་གནས་བལྟ་བ་དང། སྤྲིན་གྱི་ཚོགས་རྨིས་ན་སྤྲིན་ལ་འཇུས་ནས་སྟེང་དུ་བསྡད་པ་དང་། འབྲུག་གི་སྒྲ་གྲགས་པ་རྨིས་ན་འདི་རྨི་ལམ་ཡིན་ཅིར་ཡང་བཏུབ་སྙམ་ནས་ཀློག་༼གློག་༽ལ་བཟུང་ནས་འབྲུག་ལ་ཞོན་ནས་འཇིག་རྟེན་རྒྱུའོ། །༧གཉིས་པ་ཐོས་ཡུལ་ལ་བསླབ་པ་ནི། བུད་མེད་གཅིག་རྨིས་ན་འདི་རྨི་ལམ་ཡིན་པས་མཁའ་འགྲོར་བསྒྱུར་ལ་དེ་ལ་ལམ་དྲང་དུ་བཅུག་ནས། ཞང་ཞུང་གི་ཡུལ་དང་སྟག་གཟིག་གི་ཡུལ་དང་འོལ་མོ་ལུང་རིང་རྣམས་སུ་ཡང་འགྲོ་ལ་བལྟ་བར་བྱའོ། །གདམས་པ་དང་ལུང་དང་བླ་མ་ཞུ་ཞིང་དངོས་གྲུབ་བླང་ངོ་། །༧གསུམ་པ་དམིགས་ཡུལ་ལ་བསླབ་པ་ནི། བུད་མེད་གཅིག་རྨིས་ན་འདི་རྨི་ལམ་གྱི་བུད་མེད་ཡིན་པས་མཁའ་འགྲོ་མར་བསྒྱུར་ལ། དེས་ཁྲིད་དུ་གཞུག་ལ་མཁའ་སྤྱོད་ཀྱི་གནས་དང་། རིག་འཛིན་གྱི་ཚོགས་གྲལ་དང་། གནས་ཉི་ཤུ་རྩ་བཞི་དང་། འོག་མིན་འདའ་བ་མེད་པའི་ཕོ་བྲང་དང་། ཤར་ཁྲི་འོད་དཀར་པོའི་ཞིང་ཁམས་དང་། བྱང་ཁྲི་རྒྱལ་ཁུག་པའི་ཞིང་ཁམས་དང་། ནུབ་མུ་མེད་མཐའ་ཡས་ཀྱི་ཞིང་ཁམས་དང་། ལྷོ་ཀུན་འོད་སྒྲོན་མའི་ཞིང་ཁམས་དང་། བར་ལྷ་འོད་གསལ་གྱི་གནས་རྣམས་སུ་ཡང་འགྲོ་བ་དང་། མཁའ་འགྲོའི་ཚོགས་དཔོན་བྱེད་པ་དང་། མི་མ་ཡིན་ལ་བོན་འཆད་པ་དང་། གྲོགས་པོ་དང་དགེ་སྦྱོར་བའི་དྲོད་ཉུལ་བར་བྱའོ། །གཞན་ཡང་མི་སྔར་ཤི་བ་གཅིག་རྨིས་ན། འདི་རྨི་ལམ་གྱི་མི་ཡིན་པས་ཅི་ལྟར་བསྒྱུར་དུ་བཏུབ་སྙམ་ནས། དེ་དང་འགྲོགས་ནས་དམྱལ་བའི་གནས་སུ་འགྲོ་ལ། ངན་སོང་གསུམ་ནས་གཤིན་པོ་ངོ་ཤེས་དྲང་བ་དང་། སྡུག་བསྔལ་གྱི་ཚད་བལྟ་བ་དང་། གཤིན་རྗེ་ལ་བོན་བཤད་པར་བྱའོ། །༧གསལ་བར་བསླབ་པའི་ཡུལ་ནི་རྣམ་གསུམ་སྟེ། །མཐོང་ཡུལ་ཐོས་ཡུལ་དམིགས་ཡུལ་རྣམ་གསུམ་ལ། །མཁའ་འགྲོས་སྣ་ཁྲིད་གཤེན་པོས་རྒྱུས་བསྟན་དང། །རང་ལ་གཤོག་སྐྱེས་ཉི་ཟླའི་ཟེར་ལ་འཇུས། །སྤྲིན་གྱི་ངད་འཛེགས་འབྲུག་གི་སྒྲ་ལ་འཕྱོ། །གང་ཡང་ཐེ་ཚོམ་མེད་པར་རྩལ་སྦྱངས་པས། །ཉི་ཟླའི་སྟེང་ནས་ལྷ་གནས་ལྟ་བ་དང་། །སྤྲིན་དཔུང་ནང་ནས་ཆར་ཆེན་བཙལ་བ་དང་། །གཡུ་འབྲུག་ཞོན་ནས་མཁའ་ལ་མཆོང་པ་དང་། །ཞང་ཞུང་སྟག་གཟིག་འོལ་མོ་ལུང་རིང་བགྲོད། །མཁའ་སྤྱོད་གནས་དང་མཁའ་འགྲོའི་ཚོགས་དཔོན་དང་། །རིག་འཛིན་ཚོགས་གྲལ་འོག་མིན་ཕོ་བྲང་དང་། །རྒྱལ་བའི་ཞིང་ཁམས་བར་ལྷ་འོད་གསལ་སོགས། །དམྱལ་གནས་ཡན་ཆད་བལྟ་ལ་འགྲོ་དོན་བྱ། །ངེས་པའི་ཤེས་པ་ཤེས་རབ་གཤེན་གྱི་ཡུལ། །ཞེས་གསུངས་པའི་དོན་ནོ། །༧སྤྱི་དོན་ལྔ་པ་མཆོག་གི་དགོངས་པ་ལ་གསུམ་སྟེ། བསྲེ་བ་དང་། མཆོག་དགོངས་དང་། འབྱམས་བཅད་པའོ། །དང་པོ་བསྲེ་བ་ལ་གསུམ་སྟེ། སྣང་བ་རྨི་ལམ་དུ་བསྲེ་བ། རྨི་ལམ་བར་དོ་རུ་བསྲེ་བ། བར་དོ་འོད་གསལ་དུ་བསྲེ་བའོ། །དེ་ཡང་བསྲེ་བ་ཉིན་པར་སྣང་བ་སྒྱུ་མའི་ཚོགས། །གོམས་པས་ནུབ་མོ་རྨི་ལམ་སྒྱུ་མར་འཆར། །རྨི་ལམ་བར་དོར་ཤེས་པས་ལམ་ཚོད་ཟིན། །བར་དོར་འོད་གསལ་ཤར་བས་གྲོང་ཁྱེར་འཛོམས། །དེ་ལས་བཟློག་པ་ཁམས་གསུམ་འདམ་ལ་ཟུག། ཅེས་པས། སྣང་བ་སྒྱུ་མར་མ་ཤེས་པས་རྨི་ལམ་མི་ཟིན། དེ་མ་ཟིན་པས་བར་དོ་ལ་བར་དོར་མི་ཤེས། དེ་མ་ཤེས་ན་བོན་ཉིད་འོད་གསལ་ལ་འདྲེད་གཅིག་འཛུར་གཉིས་སོང་ནས། བར་དོའི་གྲོང་ཁྱེར་མི་ཆོམ་པ་ཁམས་གསུམ་འཁོར་བའི་འདམ་ལས་མི་ཐོན་པའོ། གཉིས་པ་མཆོག་གི་དགོངས་པ་ནི། སྤྱིར་རྨི་ལམ་ལ་རྨི་ལམ་དུ་ཤེས་པས་སྣང་བ་རྫུན་དུ་གྲོལ། དེས་འཁོར་བ་ལ་ཞེན་པ་ལོག་ནས་དངོས་འཛིན་གྱི་འཁྲི་བ་ཆོད། དེས་དངོས་མེད་ཀྱི་རང་འབྱུང་ཡེ་ཤེས་རྒྱུད་ལ་མི་སྐྱེ་ཁ་མེད་པ་ཡིན་ཏེ། དཔེར་ན་ཕ་ཡུལ་སྤངས་ནས་མི་ཡུལ་མི་བགྲོད་ཐབས་མེད་པའམ། བྱ་བ་བཏང་ནས་བྱར་མེད་དུ་མི་འགྱུར་བ་མེད་པ་བཞིན། རྨི་ལམ་དེ་ཉིད་ཀྱང་སེམས་ཀྱི་རང་བཞིན་ཡིན་པས། དེ་ཡང་དག་པའི་དོན་དུ་གྲུབ་པ་མེད་པ་སྟོང་པ་ཉིད་ལ་གོམས་པར་བྱའོ། །དེ་ཡང་རྨི་ལམ་ལམ་དུ་ཤེས་པས་སྣང་བ་རྫུན་དུ་གྲོལ། །འཁོར་བར་ཞེན་པ་ལོག་ནས་དངོས་པོའི་འཁྲི་བ་ཆོད། །འཆི་བའི་བདུད་མེད་རང་འབྱུང་ཡེ་ཤེས་འཆར། །བདག་འཛིན་སྤངས་པས་བདག་མེད་སངས་རྒྱས་འཐོབ། །སྒྱུ་མའི་བཀོད་པས་གཟུགས་སྐུར་སྤྲུལ་པ་ཡང་། །དམ་པའི་དོན་ལ་མེད་དེ་སྟོང་པ་ཉིད། །ཅེས་སྷོ། །༧གསུམ་པ་འབྱམས་པ་ལ་གསུམ་སྟེ། འབྱམས་བཞི། བཅད་ཐབས་བཞི། འབྲས་བུ་བཞིའོ། །དང་པོ་ནི། འཁྲུལ་འབྱམས། རྒྱུད་འབྱམས། སད་འབྱམས། བརྗེད་འབྱམས་བཞིའོ། །འཁྲུལ་འབྱམས་སྔ་མའི་འཁྲུལ་སྣང་རིགས་དྲུག་གི་བག་ཆགས་རྨི་ལམ་སྟེ། དེ་བཅད་པ་ལ་མི་རྟག་པ་དང་སྒྱུ་མ་བསྒོམ་པ་དང་། བླ་མའི་དབང་ཁྱད་པར་ཅན་ཡང་ཡང་ཞུའོ། །རྒྱུད་འབྱམས་རང་རྒྱུད་དུ་སོང་ནས་རྨི་ལམ་མི་ཟིན་པ་དང་ཟིན་ཡང་བསྒྱུར་བ་དང་སྤེལ་དུ་མི་ཉན་པ་སྟེ། དེ་བཅད་པ་ལ་སྒྲིབ་སྦྱང་དང་ཁྲུས་ཆོག་གྲིབ་སེལ་མང་དུ་བྱའོ། །སད་འབྱམས་མཁའ་འགྲོ་རྩ་བ་ནས་མ་མཉེས་པས། རྩོལ་བ་དྲག་པོས་སྤྲུལ་བསྒྱུར་ཉན་བདོ་སད་པས་མི་ཐུབ་པ་སྟེ། དེ་ལ་དམ་ཚིག་བཤགས་པ་དང་ཚོགས་དང་བསྐང་བ་དང་མཁའ་འགྲོ་མཆོད་དོ། །བརྗེད་འབྱམས་དོན་ལ་ཟིན་ཡང་དོན་ཇི་བཞིན་གྱི་རྟོགས་པ་བརྗེད་ནས། ཕ་རོལ་གྱི་མངོན་ཤེས་མེད་པ་སྟེ། དེ་ལ་མཚམས་བཅད་པ་དང་རླུང་སེམས་ལས་སུ་རུང་པའི་བསྒོམ་དང་ཡེ་ཤེས་སྦྱོངས། བཅད་ཐབས་བཞི་པོ་འདི་ནི་ཕྱིའི་ཆོག་༼ཆོ་༽ག་སྟེ། རྩ་བ་ནི་ཕྱི་སྐྱོན་བཞི་ནང་གནད་ཉི་ཤུས་བསྟན་པ་ན། རྩ་དང་རླུང་དང་ཐིག་ལེ་དང་ཡི་གེ་གོ་ཕུག་ཧ་ར། ཨྠི༷།

༧གསུམ་པ་འབྲས་བུ་ནི། འབྱམས་བཞི་ཆོད་པས་རྨི་ལམ་ཟིན། རྨི་ལམ་ཟིན་པས་ཚེ་འདིར་ཐུན་མོང་གི་དངོས་གྲུབ་མངོན་ཤེས་སྤྲུལ་བསྒྱུར་སྣ་ཚོགས་ནུས། བར་དོར་སྲིད་པའི་བར་དོ་རྒྱུན་བཅད། དེ་ནས་ཕྱི་མར་གཟུགས་སྐུ་གཉིས་ཀྱི་བཀོད་པ་རྨི་ལམ་བཞིན་དུ་བསྟན་ནས། སེམས་ཅན་གྱི་དོན་བྱེད་ཅིང་། དམ་པའི་དོན་དུ་བོན་ཉིད་དབྱིངས་སུ་སངས་རྒྱས་ཐོབ་པ་ཡིན། དེའི་ལམ་རྟགས་འཁྲུལ་འབྱམས་ཆོད་ན་ཚེ་འདི་ལ་ཞེན་པ་ལོག རྒྱུད་འབྱམས་ཆོད་ན་བར་དོ་མི་ཟིན་མི་སྲིད། སད་འབྱམས་ཆོད་ན་གཟུགས་སྐུས་འགྲོ་དོན་ངེས་པར་བྱེད། བརྗེད་འབྱམས་ཆོད་ན་སེམས་ཅན་གྱི་དོན་ཡིད་བཞིན་དུ་འགྲུབ་བོ། །དེ་ལྟར་ཡང་། འཁྲུལ་སྣང་རིགས་དྲུག་བག་ཆགས་སྒྱུ་མས་བཅད། །རང་རྒྱུད་ཉོན་མོངས་སྒྲིབ་པ་ཁྲུས་ཀྱིས་བཀྲུ། །ལམ་གྱི་བར་ཆོད་རྒྱུ་བས་དམ་ཚིག་བསྐང་། །དོན་རྟོགས་མངོན་ཤེས་འགྲིམ་པ་མཚམས་ཀྱི་བསལ། །

དེ་དོན་ཡོན་ཏན་འདི་ཕྱི་བར་དོར་འཆར། །འཁྲུལ་འབྱམས་ཆོད་ན་ཚེ་འདིར་ཐུན་མོང་འཐོབ། །རྒྱུད་འབྱམས་ཆོད་ན་བར་དོ་ངེས་པར་ཟིན། །སད་འབྱམས་ཆོད་ན་གཟུགས་སྐུའི་བཀོད་པ་འབྱུང་། །བརྗེད་འབྱམས་ཆོད་ན་ཕྱི་མར་འགྲོ་དོན་བྱེད། །ལམ་རྟགས་གནད་དང་བཅས་པ་མཁའ་འགྲོས་ཟུངས། །ཞེས་སྟོན་པ་ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་གྱིས་བཤད་པ་ལ། རྒྱུད་ཀྱི་ལུང་དང་། བསྒོམ་པའི་བཀའ་དང་། མཁའ་འགྲོའི་གསང་རྒྱ་གནད་དང་བཅས་པ་རྣམས། མི་ལུས་བསམ་ལེགས་ཀྱིས་ཡུམ་བཟང་ཟ་ལ་ངེས་པར་ཞུས་ཤིང་། རྒྱུད་འགྲེལ་དུ་བསྡེབ་པ་འདིའི་ཁྲིད་ལ།

སྤྱི་དོན་ལྔ། རྨི་ལམ་གྱི་སྔོན་འགྲོ། རིས་དྲུག་གི་འཆར་ཚུལ། ལས་སྤྱོད་དེར་འགྱུར་ཚུལ། རྐྱེན་དང་འཕྲད་པས་འབྲས་བུ་དེར་འབྱིན་ཚུལ། དེ་འཁོར་བར་ལྟུང་ཚུལ་དང་ལྔ། རྨི་ལམ་ལྟ་སྒོམ་སྤྱོད་འབྲས་བཞི། ཡོན་ཏན་ལམ་ཁྱེར་སོགས། མཐུན་དཔེ། དེ་གསུམ་གྱི་རྩ་བ། དཔེ་དོན་རྟགས་གསུམ་བསྟན་པ་དང་དོན་སྐོར་དགུ། ཐིག་ལེ་སེམས་བཟུང་བཞི་སྟེ། སྔོན་འགྲོ་ལ་སྤྱི་དང་ཐུན་མོང་ཁྱད་པར་གྱི་འདི་ཉིད་དང་སྔོན་འགྲོ་བཞི། འདུན་པ་ལ་བཞི་སྟེ། བག་ཆགས་བསྒྱུར། ཞེན་པ་བཟློག འདུན་པ་བཏང་། དྲན་པ་གསོ་བ་དང་བཞི། ཐིག་ལེ་སེམས་བཟུང་པ་ལ་རྩ་རླུང་ཐིག་ལེ་ཡི་གེའི་དགག་པ་བཞི། རྨི་ལམ་བཟུང་པ་ལ་ཕྱི་སྐྱོན་བཞི། ནང་གནད་བཅུ་དྲུག་ལ་སྒོམ་ཐུན་བཞི། དུས་སྒོམ་རྩ་ལུས་མཁའ་འགྲོའི་གནད་དོ། །ཡེ་ཤེས་ཀྱི་རྩལ་སྦྱང་པ་ལ། ཡེ་ཤེས་ཁོང་དུ་ཆུད་ཀྱང་རྩལ་སྦྱང་རེ་དོགས་མེད་པར་སྤེལ་བ་གསུམ། གསལ་བ་ལ་བསླབ་པ་ལ་སྣང་ཡུལ་ཐོས་ཡུལ་དམིགས་ཡུལ་གསུམ་ལ་བསླབ་པ་གསུམ། མཆོག་གི་དགོངས་པ་ལ་བསྲེ་བ་དང་། མཆོག་དགོངས་དང་འབྱམས་བཅད་གསུམ། འབྱམས་བཅད་ལ་འབྱམས་བཅད་བཞི། བཅད་ཐབས་བཞི། འབྲས་བུ་བཞི་དེ་ལྟར་དོན་སྐོར་སུམ་ཅུས་བསྟན་པ་ནི། རྨི་བ་ལམ་ཁྱེར་དོན་སྐོར་རེ་ལ་ཁྲིད་ཐུན་རེ་བྱའོ། །བཀའ་རྒྱ༔ སྦས་རྒྱ། གབ་རྒྱ། ད་དོད་རྡ་ཀིས་སའི་ཐུགས་རྒྱས་བཏབ་བོ༔    ཨུ་ཡ༔ ཨུ་ཏྲའོ༔ ཞུས་སྷོ། །། །