གཡུང་དྲུང་བོན་གྱི་དྲྭ་རྒྱ།

ནོར་བུ་ཚངས་དབྱངས། རྩོམ་ཡིག་ཨང་གཉིས་པ། ཝཱར་ཎ་མཐོ་སློབ།

IMG_0048བསྟན་པའི་གཙུག་རྒྱན་རྒྱལ་བ་མཉམ་མེད་པ། །ཤེས་རབ་རྒྱལ་མཚན་ཞབས་ལ་གུས་ཕྱག་འཚལ། ཞེས་མཆོད་པར་བརྗོད་པའི་གཞུང་སྔོན་དུ་བཏང་ནས། བརྗོད་གཞི་གཡུང་དྲུང་བོན་གྱི་བགྲོ་གླེང་གི་དགེ་ཕན་སྐོར་ལ་མདོར་ཙམ་བདག་བློ་དམན་པར་གང་འཆར་བ་རྣམས་འཆད་རྒྱུ་ཡིན།  གཡུང་དྲུང་བོན་གྱི་བགྲོ་གླེང་དགེ་ཕན་གླེང་བ་འདི། སྤྱིའི་དགེ་ཕན་དང་བྱེ་བྲག་གི་དགེ་ཕན་ནོ། དང་པོ་སྤྱིའི་དགེ་ཕན་ཡོད་ཚུལ་ནི། བགྲོ་གླེང་འདི་འཚོགས་པའི་དམིགས་ཡུལ་གཙོ་བོ་ནི་བོན་ཕྲུག་རྣམས་ལ་བསྟན་པའི་དོན་རྟོགས་བཞིན་ཡོད་པའི་དོན་གཏིང་ཟབ་པ་དང་རྒྱ་ཆེ་ཡང་།དཔེར་ན་རྒྱ་མཚོ་ཆེན་པོ་ཆུའི་གཏེར་ཡིན་ཡང་ཆུ་ཕྲན་ཐམས་ཅད་བསྡུས་པ་བཞིན་ནོ།

དེ་ཡང་བོན་གྱི་བསྟན་པ་གངས་ཅན་བོད་ཀྱི་རྒྱན་དུ་འཆར་བ་འདིས་འགྲོ་བ་མིའི་དོན་བསྒྲུབ་པ་དང་སྡུག་བསྔལ་སེལ་བ། དཔེར་ན། འོད་ཟེར་གྱི་མུན་པ་སྨག་རུམ་འཇོམས་པ་བཞིན་བོན་བསྟན་གྱི་འགྲོ་བའི་བློ་མ་རྟོགས་པ་དང་། ལོག་རྟོག        མ་རིག་པ་སོགས་འཇོམས་བཞིན་ཡོད། སེམས་ཅན་གྱི་ལས་བསམ་གྱིས་མི་ཁྱབ་པ་ཡིན་པས། སྟོན་པ་བསམ་གྱིས་མི་ཁྱབ་པ་བྱོན། བསྟན་པའི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་ཡང། སེམས་ཅན་གྱི་ལས་མི་དགེ་བ་ཚད་ལས་འདས་པ་ཞིག་བརྩམས་པས་འཁོར་བར་ཟོ་ཆུ་བཞིན་དུ་ཡང་ཡང་འཁོར། དེ་ལྟ་བུའི་སེམས་ཅན་གྱི་དོན་འགྲུབ་པར་སྟོན་པ་བསམ་གྱིས་མི་ཁྱབ་པ། བསྟན་པའི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་སྐོར་བཞིན་ཡོད་པའི་སྐོར་རྟོགས་པ་ལ་གཡུང་དྲུང་བོན་གྱི་བགྲོ་གླེང་འདི་བོན་ཕྲུག་རྣམས་བསྟན་པའི་དོན་རྟོགས་པ་ལ། ལྟོགས་པ་རྣམས་ལ་ཟས་ལྟ་བུ་དང་། སྐོམ་པ་ལ་ཆུ་ལྟ་བུ་ཡིན་པའི་ངང་ནས་དགེ་ཕན་བླ་མེད་མཆིས། རང་ཉིད་བོན་ཕྲུག་ཞིག་ཡིན་པའི་ངང་ནས་བོན་བསྟན་གྱི་དོན་རྟོགས་དགོས་པ་ནི། ལུས་ལ་སྲོག་དགོས་པ་བཞིན་ཡིན། གཡུང་དྲུང་བོན་གྱི་བགྲོ་གླེང་འདི་ནི་བོན་ཕྲུག་རྣམས་ལ་ཚ་བའི་དུས་ལ་བསིལ་རླུང་དང་། གྲང་བའི་དུས་ལ་ཉི་དྲོད་ལྟ་བུ་མངའ་བས་དགེ་ཕན་ཧ་ཅང་ཆེའོ།

གཉིས་པ་བྱེ་བྲག་རང་ཉིད་ལ་དགེ་ཕན་ཡོད་ཚུལ་ནི། རང་ཉིད་བོན་ཕྲུག་ཡིན་པ་མ་ཟད་བོན་བསྟན་གྱི་སྒོར་ཞུགས་པའི་སློབ་མ་ཞིག་ཡིན་པས་རང་ཉིད་ལ་བསྟན་པའི་དོན་ཅུང་ཙམ་ཞིག་ཡིད་ལ་འཆང་བའི་སྒོ་སྐབས་བཟང་པོ་ཐོབ་ན། སེམས་སུ་དགའ་བའི་མེ་ཏོག་དང་ཞལ་ན་འཛུམ་པའི་མདངས་རང་དབང་མེད་པར་འཆར། གཡུང་དྲུང་བོན་གྱི་བགྲོ་གླེང་འདི་ནི་རང་ཉིད་བོན་བསྟན་ལ་འཇུག་པ་ཙམ་ལ་མ་ཟད། སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་ཕན་ཡོན་ཤིན་ཏུ་རླབས་ཆེན་ཡོད་པ་མངོན་དུ་སྣང་། དཔེར་ན་བརྗོད་གཞི་མ་འོངས་མདུན་ལམ་དང་། ལས་འབྲས་ལ་སོགས་སྤྱིར་གང་ཟག་གང་འདྲ་ཞིག་ཡིན་རུང་ཤེས་དགོས་པ་ཡིན་དུས་གཡུང་དྲུང་བོན་གྱི་བགྲོ་གླེང་གིས་དེ་ལྟ་བུའི་དོན་གྱི་སྒྲོན་མེ་བོན་ཕྲུག་རྣམས་ཀྱི་ལས་མུན་པས་སྒྲིབ་པ་རྣམས་བཀྲ་ཞིང་སེལ། ཐར་པ་ཐོབ་པ་ལ་བསྟན་པའི་གྲུ་ལ་བཞོན་དགོས་དུས། བདག་ལྟ་བུ་ཐར་པའི་དོན་སྒྲུབ་བཞིན་ཡོད་པ་ལ་གཡུང་དྲུང་བོན་གྱི་བགྲོ་གླེང་གིས་བདག་ལ་ཕན་ཡོན་ནི་ཤིང་ནགས་དཀྱིལ་དུ་ལམ་ཞུགས་འཁྲུལ་སྐབས་རྫུ་འཕྲུལ་གྱི་གཤོག་པ་སྐྱེས་ནས་མཁའ་ཡངས་ལ་འཕུར་བ་བཞིན་བགྲོ་གླེང་གི་བརྗོད་གཞི་དང་གསུང་བཤད་རྣམས་ཀྱི་བཀའ་སློབ་ཟབ་མོ་རྣམས་བདག་ལ་ཤེས་ཡོན་གྱི་གཤོག་པ་སྐྱེ་བར་གྲོགས་བྱེད་པས་བཀའ་དྲིན་བླ་ལྷག་ཏུ་ཆེའོ།།

 བོན་བསྟན་སྐོར་ལ་བློ་དམན་པ།

བདག་གི་མ་རིག་མུན་པ་རྣམས།

ཅིག་ཆར་ཉིད་དུ་སེལ་མཛད་པ།

གཡུང་དྲུང་བོན་གྱི་བགྲོ་གླེང་འདིས།

དགེ་ཕན་བླ་མེད་མཆིས་པས་སོ།

རྫོགས་སོ། མུ་ཙུག་སྨར་རོ།།

༢༠༡༥ ཟླ་བ་ ༦ ཚེས་ ༡༣  ཉིན།