གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་སྐབས་༣༥པས་དཔར་བསྐྲུན་ཞུས་པའི་དཔེ་དེབ་གལ་ཆེན་གསུམ།

img193དུས་རབས་ཀྱི་གཉན་འཕྲང་དང་གྲུབ་མཐའི་རླུང་འཚུབ་ཁྲོད་དུ་བདེན་དཔང་གི་ཟུངས་ཁྲག་མ་ཉམས། བྱིན་རླབས་ཀྱི་དྲོད་རླངས་མ་ཡལ། རྒྱུད་རིམ་གྱི་ཉག་ཐག་མ་ཆད་པའི་ཕན་དང་བདེ་བའི་འབྱུང་གནས་ཞྭ་དཀར་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ནི་འདི་ནས་བརྩམས་པའི་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་སྔོན་དུ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེས་གདུལ་བྱ་སེམས་ཅན་རྣམས་ཀྱི་དོན་དུ་བཀའ་དྲིན་བསྐྱངས་པ་ཞིག་ཡིན། སྟོན་པ་དེ་ཉིད་ཀྱིས་རྟག་གཟིགས་འོལ་མོ་གླིང་ཆེན་རྒྱལ་ས་ཕོ་བྲང་གླིང་བརྒྱད་གཙོས་གླིང་ཕྲན་གྱི་རྒྱལ་ཁབ་དུ་མར་གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར་ཞིང་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་མཐར་ཕྱིན་པར་མཛད། དེ་རྗེས་རྨད་བྱུང་གསུང་གི་གཉེར་དཔོན་གདུང་སོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་སོགས་སྡུད་འཁོར་བཅུ་གསུམ་གྱིས་བཀའ་འཁོར་ཐོག་མཐའ་བར་གསུམ་རྣམས་མདོ་འབུམ་རྒྱུད་མཛོད་བཞི་རུ་ཕྱེས་ནས་ཕྱི་ནང་གསང་གསུམ་དང་སྤངས་བསྒྱུར་གྲོལ་གསུམ་གྱི་སྒོ་ནས་བསྟན་ཏེ།

དེ་ཡང་ཕྱི་སྤངས་ལམ་གཙོ་བོར་བསྟན་པའི་སྐོར་ལ། ཟབ་མོ་སྟོན་པ་འབུམ་གྱི་སྡེ། ཚུལ་ཁྲིམས་རྣམ་དག་འདུལ་བའི་སྡེ། ལས་འབྲས་སྟོན་པ་མདོའི་སྡེ། ཆགས་འཇིག་སྟོན་པ་མཛོད་ཀྱི་སྡེ། གཞལ་བྱ་དབུ་ཚད་རིག་པའི་སྡེ་སོགས་མཚན་ཉིད་སྡེ་ལྔའི་བཀའ་རྣམས་དང་། ནང་བསྒྱུར་ལམ་གཙོ་བོར་བསྟན་པའི་སྐོར་ལ། གསང་སྔགས་དང་། རིགས་སྔགས། གཟུངས་སྔགས། ཐིས་སྔགས། དྲག་སྔགས་བཅས་གསང་བ་སྔགས་ཕྱོགས་ཀྱི་བཀའ་རྣམས་དང་། གསང་བ་གྲོལ་ལམ་གཙོ་བོར་བསྟན་པ། བཀའ་རྒྱུད་སྐོར་བཞི་དང་། ཡེ་ཁྲི་མཐའ་སེལ། བསྒྲགས་པ་སྐོར་གསུམ། བྱང་སེམས་གབ་པ་ལ་སོགས་བླ་མེད་རྫོགས་ཆེན་སྐོར་གྱི་བཀའ་རྣམས་འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་ཀྱིས་རྟག་གཟིགས་དང་། ཞང་ཞུང་། སུམ་པ། རྒྱ་གར། རྒྱ་ནག ཁྲོམ་སོགས་འཛམ་གླིང་ཡུལ་གྲུ་ཀུན་ལ་དར་བར་མཛད། དེ་དག་གི་རྒྱུད་འཛིན་བླ་མ་ཆེ་དྲུག གདུང་རྒྱུད་བཅུ་གསུམ། མཁས་པ་མི་བཞི། ལོ་པཎ་གཤེན་བརྒྱད། བྱིན་རླབས་གཤེན་དགུ་ལ་སོགས་མདོར་ན་སྟོང་པ་སངས་རྒྱས་ཀྱི་ཐུགས་ཀྱི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའ་ཡན་ཆད་ཀྱི་རིང་ལ་གཡུང་དྲུང་གི་བོན་རིན་པོ་འདི་ཉིད་དར་རྒྱས་ཕུན་སུམ་འཚོགས་པོར་བྱུང་ཡོད།
འོན་ཀྱང་སེམས་ཅན་གྱི་ལས་དབང་དང་རྒྱལ་གཤེན་གྱི་སྙན་ཕྲ་སོགས་འགལ་རྐྱེན་དུ་མར་རྟེན་ནས་དུས་རབས་བདུན་པའི་མཇུག་ནས་དུས་རབས་ཉི་ཤུ་བར་ལོ་རབས་དུ་མའི་ནང་དུ་གཡུང་དྲུང་བོན་གྱི་བསྟན་པ་ལ་དར་ནུབ་ཀྱི་འཕེལ་གྲིབ་དང་གྱོང་གུད་ཀྱི་གནོད་འཚེ་མང་པོར་བརྒྱུད་ནས་དབུགས་རྒྱུན་མ་ཆད་ཙམ་དུ་གནས། ཕྱི་ལོའི་དུས་རབས་ཉི་ཤུ་པའི་དཀྱིལ་སྨད་ནས་བཟུང་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་དབུས་པའི་བྱེས་བཞུགས་ཀྱི་བླ་སྤྲུལ་སྐྱེས་ཆེན་རྣམས་ཀྱིས་གཡུང་དྲུང་བོན་གྱི་གསུང་རབ་ཕྱག་དཔེ་གྲངས་འབོར་ཤིན་ཏུ་མང་པོ་ཞིག་འཕྲུལ་དཔར་དུ་བཏབ་ཅིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་སར་འགྲེམས་སྤེལ་གནང་ནས་ཡ་ཐོག་ཞང་བོད་ཀྱི་ཆོས་དང་རིག་གཞུང་ལ་མྱུར་སྐྱོབས་ཀྱི་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པ་རེད། ཡིན་ན་ཡང་དེ་དག་ཕལ་ཆེ་བ་གནའ་བོའི་དཔེ་གཟུགས་རང་ལས་སྟབས་བདེའི་དེབ་གཟུགས་སུ་བསྐྲུན་པ་ཆེས་ཉུང་རྐྱེན། རིམ་པས་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པས་བཀའ་སློབ་ལམ་སྟོན་དང་ཐུགས་རྗེའི་བཀའ་དྲིན་གྱི་སྐྱབས་འོག་ཏུ་འདིར་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་བབས་ཀྱི་རྒྱུན་ལས་རྣམས་ཀྱིས་ལོ་རེ་བཞིན་བོན་གྱི་དཔེ་དཀོན་གླེགས་བམ་ཇི་སྙེད་ཅིག་དུས་རབས་དང་འཚམས་ཤིང་གཟིགས་ཀློག་བདེ་བའི་དེབ་གཟུགས་སུ་དཔར་བསྐྲུན་གནང་དང་གནང་བཞིན་པ་ལྟར།

img194img195img193ད་ལམ་ཡང་༧སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གི་བཀའ་དགོངས་ལྟར་སྐབས་སོ་ལྔ་པའི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཐུན་མོང་ནས་<<སྤྱི་རྒྱུད་ཆེན་མོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་>>དང་<<ཁྲོ་བོ་དབང་ཆེན་གྱི་རྣམ་བཤད་གསལ་བའི་སྒྲོན་མེ་ཞེས་བྱ་བ་>>འདི་གཉིས་དཔར་དུ་བསྐྲུན་བྱ་བའི་འཆར་གཞིའི་གྲོས་བཀོད་ལྟར། རྣམ་དཀར་དད་སྦྱིན་མདོ་སྨད་ཟིང་ཆུ་སྐྱང་ཚང་དགོན་གྱི་དབུ་བླ་སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་དང་ཁོང་གི་སློབ་མ་(CHARLENE ENGELHARD)གཉིས་ནས་ཕྱག་དེབ་འདི་ཉིད་ཚར་གྲངས་གཅིག་སྟོང་ཐམ་པའི་སྦྱིན་བདག་ཆ་ཚང་གནང་བ་དང་། <<གསང་སྔགས་རྫོང་འཕྲང་དང་མན་ངག་རྫོང་འཕྲང་ཞེས་བྱ་བ་>>འདི་ཉིད་གཏོང་ཕོད་ལྡན་པ་རྣམ་དཀར་དད་སྦྱིན་ཧོར་སྦྲ་ཆེན་རྫོང་གི་དྲུག་ཅུ་ཤོག་ག་ནས་ཡིན་པའི་ནོར་བུ་དགྲ་འདུལ་ནང་མི་ཐུན་མོང་ནས་ཕྱག་དེབ་འདི་ཉིད་ཚར་གྲངས་གཅིག་སྟོང་ཐམ་པའི་སྦྱིན་བདག་ཆ་ཚང་གནང་བ་དང་།

དེ་ལ་སློབ་གཉེར་བ་ཁྲི་གཡུང་དྲུང་རིན་ཆེན་དང་ཨ་ཀྲོང་རིན་ཆེན་རྒྱལ་མཚན་གཉིས་ནས་མ་དཔེ་དང་གཤིབ་བསྡུར་གྱིས་དག་བཤེར་ཞུས་པ་དང་། དེ་མིན་དེབ་གཟུགས་ཀྱི་ཇུས་འགོད་གནང་བ་དང་། དེ་བཞིན་འགོ་བ་གཡུང་དྲུང་ཡོན་ཏན་གྱིས་དཀར་ཆག་རྒྱས་བཟོ་མཛད་པ་བཅས་མདོར་ན་གཡུང་དྲུང་སྤུན་གྲོགས་རྣམས་ཀྱིས་ཕྱག་གྲུ་མཉམ་འདེགས་གནང་བ་བཅས་ཀྱི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ལས་ང་ཚོའི་བསྟན་པ་ལ་ཞབས་ཞུའི་དམིགས་ཡུལ་འདི་དངོས་སུ་གྲུབ་པ་བྱུང་བས་ཁྱེད་རྣམས་ལ་ངེད་རྒྱུན་ལས་ཐུན་མོང་གིས་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་།
གཞན་ཡང་གསུང་རབ་འདི་ཉིད་དཔར་བསྐྲུན་ཞུས་པའི་རྣམ་དཀར་དགེ་བའི་ལེགས་ཕྱོགས་གང་མཆིས་རྣམས། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཞབས་རིམ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་རྒྱུ་རུ་འགྱུར་ཞིང་དེ་དག་གི་མཛད་འཕྲིན་ལ་བརྟེན་ནས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་ཡངས་པའི་འཇིག་རྟེན་ཁམས་འདིར་ནད་མུག་འཁྲུག་རྩོད་གྱི་འཇིག་པ་སེལ་ཞིང་སྦྱིན་པའི་བདག་པོ་གཙོས་འགྲོ་ཀུན་ཐར་པའི་གོ་འཕང་མྱུར་དུ་འཐོབ་པའི་སྨོན་འདུན་དག་བཅས།

༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་ལྔ་པའི་རྒྱུན་ལས་ཡིག་ཚང་ནས།
ཕྱི་ལོ་༢༠༡༥ཟླ་བ་བཞི་པའི་ཚེས་གཉིས་ཉིན།