གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཁྲི་སྲོང་ལྡེའུ་བཙན་དང་བོན་གྱི་འབྲེལ་བ།

IMG_0031དུས་རབས་བརྒྱད་པའི་སྐབས་ཀྱི་གནས་ཚུལ་འདི་བོད་ཀྱི་ལོ་རྒྱུས་ཁྲོད་རྙོག་འཛིང་ཆེ་ཤོས་ཀྱི་ལེའུ་ཞིག་ཡིན་ཞིང་། རྙོག་འཛིང་ཆེ་བ་དེའི་རྐྱེན་གྱིས་ལོ་རྒྱུས་དངོས་ཀྱི་གཟུགས་རིས་དག་ཤིན་ཏུ་མཐོང་དཀའ་བར་གྱུར་ཡོད། བལྟས་ཚོད་ལ་གནས་ཚུལ་འདི་ཆོས་ལུགས་བར་གྱི་འཐེན་ཁྱེར་གྱིས་བསླང་བ་ཞིག་ཡིན་པ་འདྲ་ནའང་། དོན་དངོས་སུ་གོ་ས་རྩོད་པའི་དབང་ཆའི་འཐབ་རྩོད་དང་དེ་དག་འབྲེལ་བའི་སྒེར་གྱི་ཁེ་ཕན་རྩོད་པའི་གཡུལ་འཐབ་ཞིག་ཡིན་པ་ལས་ཆོས་ལུགས་ཀྱི་འཐབ་རྩོད་ཅིག་མིན་ལ་ཡིན་ཐབས་ཀྱང་མེད་དེ་འཐབ་རྩོད་འདི་ལྟ་བུ་ནི་ཆོས་ལུགས་དེ་དག་གི་སྲོལ་གཏོད་པའི་སྟོན་པ་ཆེན་པོ་དེ་དག་གིས་ཡང་ཡང་བཀག་ཅིང་དོན་དུའང་སྡིག་ཉེས་འབའ་ཞིག་ཡིན་པས་སོ། རང་ཉིད་ཀྱི་ཁེ་ཕན་རྩོད་པའི་འཐབ་རྩོད་འདིའི་ཁྲོད་དུ་བཟང་ངན་གོ་ལྡོག་པའི་གནས་ཚུལ་ཚབ་ཆེན་མང་པོ་བྱུང་ཡོད་ཅིང་། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ལ་མཚོན་ནའང་ཚེ་སྟོད་ལ་དེ་སྔོན་བོད་ཀྱི་བཙན་པོ་སུས་ཀྱང་བྱེད་མྱོང་མེད་པའི་ཆབ་སྲིད་སྲ་བརྟན་དང་མཐའ་མཚམས་རྒྱ་བསྐྱེད་ཀྱི་ཕྱག་ལས་རྒྱ་ཆེན་པོ་མང་པོ་གནང་བ་དང་། ཡང་སྐུ་ཚེའི་སྨད་ལ་འཇིག་རྟེན་ལ་སྙིང་པོ་མེད་པའི་གདམས་པ་མང་པོ་དོན་དུ་གཉེར་ནས་ཆོས་ཕྱོགས་ཀྱི་ཕྱག་ལས་མང་པོ་གནང་བ། དེ་བཞིན་དུ་བློན་པོ་རྣམས་ལའང་གོ་ས་ཆེ་ཆུང་གི་འགྱུར་ལྡོག་མང་པོ་བྱུང་བ་སྟེ། འགའ་ཞིག་གིས་ཚེ་སྟོད་ལ་གཅེས་སྲོག་འབེན་དུ་བཙུག་སྟེ་མཐའ་མཚམས་སུ་དམག་དྲངས་ནས་གདོང་དམར་བོད་ཀྱི་དམག་དཔུང་གི་ཟིལ་ཤུགས་ཁྱིམ་མཚེས་རྒྱལ་ཁབ་སུས་ཀྱང་བཟོད་དཀའ་བའི་ཚད་དུ་བསྐྱལ་བ་དང་། ཚེ་སྨད་ལ་ཉེས་མེད་ཉེས་འགེལ་དང་རང་ཁྱིམ་རང་ལ་མི་དབང་བའི་ཉེས་ཅན་དུ་གྱུར་བ། ཆོས་པ་རྣམས་ཀྱི་ནང་ནས་ཀྱང་འགའ་ཞིག་མཆོད་རྫས་ནས་གདོན་རྫས་སུ་གྱུར་བ་དང་འགའ་ཞིག་མགྲོན་པོ་ནས་ཁྱིམ་བདག་ཏུ་གྱུར་པ་སོགས་འགྱུར་བ་ཤིན་ཏུ་ཆེན་པོ་དང་མང་པོ་མང་པོ་ཞིག་བྱུང་ཡོད་པའི་ནང་ནས་སྐབས་འདིར་རྩལ་དུ་བཏོན་ནས་བཤད་འདོད་པ་ནི་བན་བོན་གྱི་མི་སྣ་འགའ་ཞིག་གནས་སྟངས་ལ་བསམ་གཞིག་གིས་དུས་སྐབས་དེའི་འཐབ་རྩོད་ཀྱི་ངོ་བོ་དངོས་གང་ཡིན་པ་དེ་ཁ་ཇེ་གསལ་དུ་བཏང་སྟེ། ཁྲི་སྲོང་དང་བོན་གཤེན་དང་བོན་གྱི་རྗེས་འཇུག་པ་ཚོའི་བར་གྱི་འབྲེལ་ལམ་དངོས་གང་ཡིན་པ་དེ་གསལ་འདོན་བྱེད་ཨེ་ཐུབ་བལྟ་རྒྱུ་ཡིན།
གཤམ་དུ་དུས་སྐབས་དེའི་མི་སྣ་གཙོ་བོ་དག་གླེང་བ་ལ།
དང་པོ་བན་ཕྱོགས་ཀྱི་མི་སྣ་གཙོ་བོ་འགའ་གླེང་བར་བྱ་སྟེ།
༡ ཁྲི་སྲོང་ལྡེའུ་བཙན་གླེང་བ།
༢པདྨ་འབྱུང་གནས་གླེང་བ།
༣ མཁན་ཆེན་ཞི་འཚོ་གླེང་བ།
༤ བཻ་རོ་ཙཱ་ན་གླེང་བ།

གཉིས་པ་བོན་ཕྱོགས་ཀྱི་མི་སྣ་གཙོ་བོ་འགའ་གླེང་བ་ལ།
༡ དྲན་པ་ནམ་མཁའ་གླེང་བ།
༢ མ་ཞང་ཁྲོམ་པ་སྐྱེས་གླེང་བ།
༣ སྟག་སྒྲ་ཀླུ་གོང་གླེང་བ།
མི་སྣ་དེ་དག་གླེང་བ་ལ་བརྟེན་ནས་དངོས་ཡོད་འཚོ་བ་དང་མཐུན་པའམ་ལོ་རྒྱུས་སུ་བགྲང་རུང་བའི་ཆ་མང་པོ་ཞིག་རྙེད་རྒྱུ་ཡོད་ཅིང་། གང་རྙེད་པ་དེས་བན་བོན་ཕྱོགས་གཉིས་ཆའི་ལོ་རྒྱུས་ཡིག་ཆའི་ཁྲོད་དུ་གང་བྲིས་པ་དག་ལས་གང་ཞིག་འདོར་དགོས་པ་དང་གང་ཞིག་ལེན་དགོས་པའི་ཆ་འགའ་ཞིག་ངོས་འཛིན་ཐུབ། དེ་ལྟ་བུའི་ལོ་རྒྱུས་ཤིག་གླེང་བ་ལ་རྒྱབ་རྟེན་གྱི་ཡིག་ཆ་མང་པོ་ཞིག་དགོས་པ་ནི་སྨྲོས་མེད་ཡིན་ཞིང་། བོད་ལ་ལོ་རྒྱུས་སུ་བགྲང་བའི་ཕྱིས་བྱུང་གི་དཔེ་ཆ་མང་པོ་ཡོད་པ་དེ་དག་གང་སར་དར་ཆེ་བ་དང་། དེ་དག་གི་ནང་དུ་རྩོམ་པ་པོས་སྐབས་རེར་དག་སྣང་གིས་དབང་དུ་ཤོར་བ་དང་ཡང་སྐབས་རེར་ཕྱོགས་ཞེན་གྱི་དབང་དུ་ཤོར་བའི་ཆ་ཤིན་ཏུ་མང་པོ་ཡོད་པ་དེ་དག་དཔེ་ཆ་དེ་དག་དང་མཉམ་དུ་ཁྱབ་སྟེ་མང་པོ་ཞིག་ནི་ཡིག་རྨོངས་པ་ཚོས་ཀྱང་ངག་ནས་ཆུ་རྒྱུག་རྒྱུག་ཏུ་འཆད་ནུས་པའི་ཚད་དུ་ཡོད་པ་དེ་ལྟར་རེད། དེའི་རྐྱེན་གྱིས་ཁོ་བོས་ལོ་རྒྱུས་ཀྱི་ཡིག་ཆ་རྙིང་པ་དག་ལ་ཁུངས་བཅོལ་ཅིང་། དེ་དག་ཀྱང་ཤ་གཟུགས་བཟའ་རྐྱང་ལྟ་བུ་མ་ཡིན་པར་དངོས་ཡོད་དང་མཐུན་པའམ་མིའི་རིགས་ཀྱི་འཚོ་བའི་ནང་འབྱུང་སྲིད་པའམ་འབྱུང་ཆོག་པའི་ཆ་རྣམས་ཁ་ཇེ་གསལ་དུ་གཏོང་ཐབས་དང་། སྐབས་སུ་བབས་པའི་ལོ་རྒྱུས་མཁན་པོའི་ཕྱོགས་ཞེན་དང་དག་སྣང་གི་དབང་དུ་སོང་བའི་སྒྲུང་གི་རྣམ་པ་ཅན་དང་མི་སྣ་ག་གེ་མོའི་གཤིས་སྤྱོད་སོགས་ལ་མི་འཚམས་པའི་རིགས་འདོར་འོས་པ་རྣམས་འདོར་གང་ཐུབ་བྱས་ཡོད། དེ་ལྟར་བྱེད་དགོས་པ་ནི་ལོ་རྒྱུས་ཤིག་འཆད་པའམ་འབྲི་བའི་རྨང་གཞིའི་ཆ་རྐྱེན་ནམ་དམ་ཚིག་ལྟ་བུ་ཡིན་པས་ཤིན་ཏུ་གལ་ཆེ་བ་ཡིན། ལོ་རྒྱུས་འཆད་པའི་ལུགས་འདི་ལྟ་བུར་རང་རེའི་སྤྱི་ཚོགས་ཁྲོད་ཀྱི་མི་དཀྱུས་མ་རྣམས་མ་ཟད་མཁས་པར་སྐད་པ་མང་པོ་ཞིག་གིས་ཀྱང་བློར་མི་ཤོང་བའི་གཏམ་མང་པོ་ཞིག་འཆད་པ་ཡིན་མོད། འོན་ཀྱང་དེ་དག་གི་ངོ་གདོང་གི་དཀར་ནག་ལ་བལྟས་ནས་ལོ་རྒྱུས་ཤིག་བཤད་དགོས་ན་དེ་ནི་ལོ་རྒྱུས་ཤིག་མ་ཡིན་པར་སྒྲུང་གཏམ་འབའ་ཞིག་ལས་ཡོང་མི་ཐུབ། དེར་བརྟེན་ཁོ་བོས་འདི་འདྲ་ཞིག་བཤད་དགོས་པའི་རྒྱུ་མཚན་ཡང་མཐར་གཏུགས་ན་ལོ་རྒྱུས་སྒྲུང་གཏམ་དུ་མི་འགྱུར་བ་དང་མི་སྣ་སྤྲུལ་པ་ཅན་(མི་གཅིག་ལ་ལོ་རྒྱུས་མི་འདྲ་བ་མང་དུ་བྲིས་པ་ལ་ཟེར།)དུ་མི་འགྱུར་བའི་ཆེད་དུའོ། །སྣང་རྒྱལ་དགེ་བཤེས་ཤེས་རབ་དགེ་ལེགས།

ཐ་ཚན་མུ་ཙུག་སྨར་རོ།
9/06/2015