གཡུང་དྲུང་བོན་གྱི་དྲྭ་རྒྱ།

སའི་གོ་ལ་འདྲ་བོ་གསར་པ་ཞིག་རྙེད་འདུག

mail.google.comཁ་སང་ཨ་རིའི་མཁའ་སྐྱོད་བཟོ་སྐྲུན་རིག་རྩལ་དང་མཁའ་དབྱིངས་རྟོག་ཞིབ་ཚན་པས་སའི་གོ་ལ་དང་ཤིན་ཏུ་མཚུངས་པའི་གོ་ལ་གཞན་ཞིག་རྙེད་སོན་བྱུང་ཡོད་པ་བསྒྲགས་འདུག ཟླ་འདིའི་ཚེས་ ༢༣ ཉིན་ཨ་རིའི་མཁའ་སྐྱོད་བཟོ་སྐྲུན་རིག་རྩལ་དང་མཁའ་དབྱིངས་རྟོག་ཞིབ་ཚན་པ་ (NASA) ཞེས་པས། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་མཁའ་དབྱིངས་སུ་གོ་ལའི་ཚད་ལེན་རྒྱང་ཤེལ་མཁའ་འཕྲུལ་ (Kepler space telescope) ཞེས་པ་ཞིག་བཏང་སྟེ། མཁའ་དབྱིངས་ཀྱི་རྒྱུ་སྐར་ལ་རྟོག་ཞིབ་བྱས་པ་བརྒྱུད། ཉི་མའི་ཁྱིམ་རྒྱུད་ཀྱི་ཕྱི་རོལ་དུ་སའི་གོ་ལ་དང་ཤིན་ཏུ་མཚུངས་པའི་གོ་ལ་གཞན་ཞིག་རྙེད་ཡོད་པ་མ་ཟད།

གོ་ལ་དེའི་མིང་ལ་ཀེབ་ལར་ ༤༥༢ བྷི་ (Kepler-452b) ཞེས་བཏགས་ཡོད་པ་ཕྱིར་བསྒྲགས་བྱས་འདུག རོའུ་ཌར་གསར་ལམ་ཐོག་ཨ་རིའི་མཁའ་སྐྱོད་བཟོ་སྐྲུན་རིག་རྩལ་དང་མཁའ་དབྱིངས་རྟོག་ཞིབ་ཚན་པའི་གནམ་རིག་སྐར་དཔྱད་པ་ཇོན་ཇེན་ཀིང་ (Jon Jenkins) ལགས་ཀྱིས། གསར་རྙེད་བྱུང་བའི་ཀེབ་ལར་༤༥༢ བྷི་ཞེས་པའི་གོ་ལའི་འོད་ལོ་ནི་ ༡༤༠༠ ཡིན་པ་མ་ཟད། སའི་གོ་ལ་དང་བསྡུར་ན་བརྒྱ་ཆ་ ༦༠ ཡི་ཆེ་བ་ཡོད། གོ་ལ་དེ་ནི་སའི་གོ་ལ་ལྟར་ཉི་མ་དང་ཤིན་ཏུ་མཚུངས་པའི་རྒྱུ་སྐར་གྱི་ཁྱིམ་རྒྱུད་ཅིག་སྐོར་ནས་བགྲོད་ཀྱིན་ཡོད་ཅིང་། དེ་གཉིས་ཀྱི་བར་ཐག་ཀྱང་སའི་གོ་ལ་དང་ཉི་མ་གཉིས་ཀྱི་བར་ཐག་དང་ཤིན་ཏུ་འདྲ་བོ་ཡོད་སྟབས། དེ་ནི་ད་སྔ་ཤེས་རྟོགས་བྱུང་བའི་གོ་ལ་ཡོངས་ལས་སའི་གོ་ལ་དང་ཆེས་འདྲ་ཤོས་ཀྱི་གོ་ལ་དེ་ཡིན་པ་མ་ཟད། གོ་ལ་དེར་སའི་གོ་ལ་དང་འདྲ་བར་སྲོག་ཆགས་རིགས་འཚོ་གནས་ཐུབ་པའི་དབུགས་ཁམས་དང་ཆུ་སོགས་ཡོད་སྲིད་པ་ཞིག་རེད་འདུག གོ་ལ་དེའི་འཐེན་ཤུགས་ཀྱང་སའི་གོ་ལ་དང་བསྡུར་ན་ལྡབ་གཉིས་ཀྱི་ཆེ་བ་ཡོད་པ་མ་ཟད།

སའི་གོ་ལ་ཉི་མ་དང་རྒྱང་ཐག་རིང་པོ་ཆོད་ཡོད་པ་ལྟར། གསར་རྙེད་བྱུང་བའི་གོ་ལ་དེ་ཡང་སོ་སོའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་དང་ཐག་རིང་པོར་གནས་ཡོད་སྟབས། ཉི་མས་སའི་གོ་ལར་འོད་ཟེར་འཕྲོ་བ་ལྟར་གོ་ལ་གཞན་དེ་ལའང་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་གྱིས་གཅིག་མཚུངས་འོད་ཟེར་སྦྱིན་གྱི་ཡོད། དེ་བཞིན། གོ་ལ་དེར་ཕལ་ཆེར་རླུང་ཁམས་ཡོད་སྲིད་པ་ཞིག་ཡིན་པ་མ་ཟད། སའི་གོ་ལ་ལས་མཐུག་པའི་རླུང་ཁམས་དང་མེ་རི་མང་བ་ཡོད་སྲིད་པ་ཞིག་རེད། སའི་གོ་ལས་ཉི་མའི་ཁྱིམ་རྒྱུད་ལ་བསྐོར་བ་རྒྱག་པར་ཉིན་གྲངས་ ༣༦༥ འགོར་གྱི་ཡོད་པ་ལྟར། གོ་ལ་དེས་སོ་སོའི་ཁྱིམ་རྒྱུད་ཀྱི་གཟའ་སྐར་རྒྱུ་ལམ་ལ་བསྐོར་བ་བྱེད་བར་ཉིན་གྲངས་ ༣༨༥ འགོར་གྱི་ཡོད་སྟབས། གོ་ལ་དེར་སྲོག་ཆགས་རིགས་འཚོ་གནས་ཐུབ་རྒྱུའི་དགོས་ངེས་ཆ་རྐྱེན་ཁག་ཚང་འདུག ཅེས་བརྗོད་འདུག ཀེབ་ལར་༤༥༢ བྷི་(Kepler-452b) ཞེས་པའི་གོ་ལ་དེ་གསར་རྙེད་མ་བྱུང་གོང་། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་ཨ་རིའི་མཁའ་སྐྱོད་བཟོ་སྐྲུན་རིག་རྩལ་དང་མཁའ་དབྱིངས་རྟོག་ཞིབ་ཚན་པས་ཨ་སྒོར་ས་ཡ་ ༨༠༠ ལྷག་གི་འགྲོ་སོང་བཏང་སྟེ། ཀེབ་ལར་ལས་འཆར་ (Kepler mission) ཞེས་པའི་མིང་བྱང་འོག དགུ་ཚིགས་སྐྱ་མོའི་ (Milky Way) ཁྱིམ་རྒྱུད་རྒྱུ་སྐར་ལ་རྟོག་ཞིབ་བྱེད་མཁན་གྱི་མཁའ་འཕྲུལ་ཞིག་བཏང་སྟེ། མཁའ་འཕྲུལ་དེ་སའི་གོ་ལ་ནས་རྒྱང་ཐག་ལེ་དབར་ས་ཡ་ ༦༤ ཙམ་ལ་འབྱོར་སྐབས། ལེ་བར་ཁྲག་ཁྲིག་དུ་མ་ཆོད་པའི་མཁའ་དབྱིངས་ཀྱི་རྒྱུ་སྐར་ཁག་ལ་ཞིབ་བརྟག་བྱས་ཏེ། ད་བར་སའི་གོ་ལ་ལས་འོད་ལོ་ ༥༠༠ ལྷག་གི་མང་བ་ཡོད་པ་མ་ཟད། རྒྱ་ཁྱོན་ལྡབ་ ༡༠ ཡི་ཆེ་བ་ཡོད་པའི་གོ་ལ་ (Kepler-186f) དང་།

སའི་གོ་ལ་ལས་ལྡབ་གཉིས་ཀྱི་ཆུང་བ་ཡོད་པའི་གོ་ལ་ (Kepler-425b) ཞེས་པ་སོགས་ད་བར་རྒྱུ་སྐར་དང་གོ་ལ་ ༡༠༣༠ དང་། རྒྱུ་སྐར་དང་གོ་ལའི་འོས་གཞི་ ༤༧༠༠ གསར་རྙེད་བྱུང་ཡོད་འདུག ༢༠༡༧ ལོར་ཨ་རིའི་མཁའ་སྐྱོད་བཟོ་སྐྲུན་རིག་རྩལ་དང་མཁའ་དབྱིངས་རྟོག་ཞིབ་ཚན་པའི་གནམ་རིག་སྐར་དཔྱད་པས་གོ་ལ་དང་རྒྱུ་སྐར་གཞན་འཚོལ་ཞིབ་བྱེད་མཁན་གྱི་མི་བཟོས་སྲུང་སྐར་ (TESS) ཞེས་པ་ཞིག་མཁའ་དབྱིངས་ལ་གཏང་སྟེ། ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་དུ་ཡོད་པའི་གོ་ལ་གཞན་གྱི་ཆེ་ཆུང་དང་བོངས་ཚད། རླུང་ཁམས་སོགས་ལ་རྟོག་ཞིབ་བྱ་རྒྱུ་ཡིན་འདུག དེ་རིང་ཨེ་ཕེ་སི་གསར་ལམ་སྟེང་ཨ་རིའི་མཁའ་སྐྱོད་བཟོ་སྐྲུན་རིག་རྩལ་དང་མཁའ་དབྱིངས་རྟོག་ཞིབ་ཚན་པས། “ང་ཚོས་གོ་ལ་དང་རྒྱུ་སྐར་སྟོང་ཕྲག་མང་པོ་གསར་རྙེད་བྱུང་རྗེས། ད་ལྟ་གནམ་རིག་སྐར་དཔྱད་པས་སའི་གོ་ལ་དང་འདྲ་བའི་གོ་ལ་གཞན་ཞིག་རྙེད་སོན་བྱུང་སྟེ། མི་མང་གིས་ལོ་ངོ་སྟོང་ཕྲག་མང་པོར་རེ་སྒུག་བྱས་པའི་ཕུགས་བསམ་མངོན་འགྱུར་ཐུབ་པ་བྱུང་ཡོད།”ཅེས་དང་། གནམ་རིག་སྐར་དཔྱད་པ་ཇེ་ཧྥར་རེ་ (Jeffrey Coughlin) ལགས་ཀྱིས། “ད་ལྟ་ཁྱེད་དང་ངས་གསར་རྙེད་བྱུང་བའི་གོ་ལ་དེ་ཚོའི་ནང་འགྲོ་མི་སྲིད་པ་ཞིག་ཡིན་ཡང་། མ་འོངས་པར་ང་ཚོའི་བུ་རབས་ཚ་རྒྱུད་ཚོ་འགྲོ་སྲིད་པ་ཞིག་ཡིན་སྟབས། ད་ཆ་ཀེབ་ལར་ནི་སའི་གོ་ལ་དང་ཤིན་ཏུ་འདྲ་བའི་གོ་ལ་གཅིག་པོ་དེ་ཆགས་ཡོད།”ཅེས་བརྗོད་འདུག

བོད་ཀྱི་དུས་བབ་དྲ་ཚིགས་ལས་དྲངས།