གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོད་ཀྱི་གསོ་རིག་ལོ་རྒྱུས་གནད་བསྡུས།

640གྲུབ་མཐའི་ཆེད་དུ་མེས་པོའི་མཛད་རྗེས་དོར། །སྲིད་དོན་ཆེད་དུ་རང་རིགས་ལོ་རྒྱུས་བསྒྱུར། །ལ་རྒྱ་ཁར་ཆེར་རང་འདོད་ཅོད་པན་བཅིངས། །གཅམ་བུའི་རྒྱལ་མཚན་སྒྲེང་མཁས་གངས་ཅན་པ། །རང་སྐྱོན་མཐོང་ན་བོད་ཀྱི་ལ་རྒྱ་ཡིན། །རང་འདོད་སྤང་ན་ཆོས་པ་ཡང་དག་ཡིན། །རང་རིགས་གཅེས་ན་བྱུང་ཆུབ་སེམས་དཔའ་ཡིན། །རང་གི་ལོ་རྒྱུས་ཤེས་ན་མཁས་པ་ཡིན། །གསོ་རིག་བསྟན་པ་ཏི་སེའི་གངས་ནས་དར། །འབྱུང་བཞིའི་རྣམ་བཤད་གངས་ཅན་ལྗོངས་སུ་ཁྱབ། །ཚན་རིག་ཤེས་བྱས་ཞང་བོད་རྒྱལ་ཁམས་བསྐྱངས། །གཞན་ལུགས་མ་འདྲེས་བོད་ཀྱི་སྨན་རྩིས་མཆོག །གསོ་རིག་བྱུང་ཁུངས་བོད་ཀྱི་ཡིག་ཚང་ཁག །བདེན་པའི་དཔང་པོ་གྷི་རིག་ལོ་རྒྱུས་བཞག །གྲུབ་མཐའི་ཞེན་གཏམ་དབྱིངས་སུ་སྐྱེལ་བ་ལ། །དགག་སྒྲུབ་ལུང་རིག་ཆར་ལྟར་དབབ་ཏུ་གསོལ། །ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་ངོ་བཞི་སྟོང་ལྷག་ཙམ་གྱི་གོང་གི་བོད་ཀྱི་སྨན་རྩིས།

བོད་འདིར་འགྲོ་བ་མིའི་རིགས་ཐོག་མར་བྱུང་བ་ནས་བཟུང་ལུས་ལ་ཕན་བྱེད་ཀྱི་ཐབས་ཤེས་བཙལ་བའི་འགོ་ཚུགས་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། བོད་ཀྱི་གཏམ་དཔེ་ལ། ནད་ལ་སྔ་བ་མ་ཞུ་པ། སྨན་ལ་སྔ་བ་ཆུ་འཁོལ་མ་ཟེར་བ་ལྟར། བསྐལ་པ་ཡ་ཐོག་གི་དུས་ཙམ་ན་རྨ་ཁར་མར་ཁུ་བླུགས་ནས་ཁྲག་གཅོད་པ་དང་། ཁ་ཟས་མ་ཞུ་བ་ལ་ཆུ་འཁོལ་ཚ་པོ་མང་པོ་འཐུང་ནས་ནད་བཅོས་ཤེས་པའི་རིག་པ་བྱུང་བ་དང་། ཆེས་གནའ་བོའི་དུས་སེམས་ཅན་རིགས་མི་འདྲ་བ་སྣ་ཚོགས་ཀྱིས་རྩྭ་སྨན་བེད་སྤྱོད་ཚུལ་མཐོང་ནས་སྨན་ངོ་ཟིན་ཚུལ་བཤད་སྲོལ་ཡོད་པ་དཔེར་ན། སྦྲུལ་ནག་བཅད་འབྱོར་སྲད་སེར་བ། །གླ་བ་བཅད་འབྱོར་རྒུམ་དྲུས་པ། ལ་སོགས་པའི་རྩྭ་སྨན་མང་པོ་ཞིག་སྦྲུལ་དང་། གླ་བ་དང་། འུག་པ་དང་། ཕག་པ་སོགས་ཀྱིས་སྤྱོད་ཚུལ་མཐོང་ནས་དེའི་རྗེས་སུ་མི་ཡིས་རྩྭ་སྨན་ངོས་ཟིན་ཚུལ་གྱི་སྒྲུང་དང་བཅས་པ་བྲང་ཏིའི་《གསེར་བྲེ་》སོགས་གནའ་བོའི་སྨན་ཡིག་རྙིང་པ་རྣམས་ཀྱི་ནང་དུ་འཁོད་ཡོད་པ་འདི་རེད། བོད་ཀྱི་རྩྭ་སྨན་བེད་སྤྱོད་གཏོང་སྲོལ་དུད་འགྲོའི་ཤེས་པ་དང་འབྲེལ་བ་ཡོད་པའི་བཤད་སྲོལ་འདི་ཡིས་བོད་ཀྱི་གསོ་བ་རིག་པ་དེ་ཆེས་གནའ་བོའི་དུས་ནས་བོད་རིགས་རང་གི་མེས་པོ་རྣམས་ཀྱིས་ནད་རིགས་སྣ་ཚོགས་དང་འཐབ་རྩོད་བྱས་པའི་ཉམ་མྱོང་རྣམས་ཕྱོགས་བསྡུས་བྱས་ནས་གསོ་བ་རིག་པ་སྲོལ་གཏོད་བྱས་པ་ཞིག་ཡིན་པ་གསལ་བཤད་བྱེད་ཐུབ། །

སྣང་མཐོང་རྩིས་ཀྱི་རིག་པ།

བོད་ཀྱི་རིག་གནས་ནང་དུ་སྨན་རྩིས་གཉིས་ནི་ནམ་ཡང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ཞིང་། སྨན་ནི་མིའི་ལུས་ཁམས་འདི་འབྱུང་བ་བཞིའི་རྫས་རྣམས་སྙོམས་བྱེད་ཀྱི་ཐབས་དང་། རྩིས་ནི་ཕྱི་རོལ་ཡུལ་གྱི་འབྱུང་བཞིའི་ཁམས་སྙོམས་བྱེད་ཀྱི་ཐབས་དང་། དུས་བཞིའི་འགྱུར་བའི་ཆོས་ཉིད་བརྟག་ཅིང་། ལོ་ཟླ་ཞག་དུས་ཀྱི་རྣམ་བཞག་ཕྲ་མར་བཀོད་པའི་ལོ་ཐོ་བཟོ་ཚུལ་ཏེ་གནའ་བོའི་དམངས་ཁྲོད་ཀྱི་ཚན་རིག་ཅིག་རེད། དུས་བཞིའི་འགྱུར་བ་བརྟག་ཚུལ་ནི་ཆེས་སྔ་མོ་ཞིག་ནས་བྱུང་ཡོད་ཚུལ་གསལ་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཙོ་བསྒྲིགས་གནང་བའི་བཻ་དཀར་ལས། འབྱུང་བ་སྤར་སྨེ་རྣམས་ཐོག་མར་གསུང་མཁན་དྲང་སྲོང་ཡོད་པོ་ཞེས་པ་བྱུང་ཡོད་པ་དང་། དེ་རྗེས་ས་བདག་ནག་པོ་ཞེས་པས་འགྲེལ་བཤད་གནང་བ། དེ་ནས་སྤྱི་ལོའི་སྔོན་གྱི་༢༣༡༧པ་ཤིང་སྤྲེལ་ལོར་རྩིས་ཀྱི་སློབ་དཔོན་ས་བདག་རླུང་རྒྱལ་འཁྲུངས་པ་དང་། དེས་ལོ་སྐོར་བཅུ་གཉིས་དང༌། འབྱུང་བ་ལྔ་སྦྱར་ནས་ལོ་རྒན་དྲུག་ཅུའི་རྩིས་ཁྲ་བཀོད། མི་རྣམས་ཀྱིས་བདེ་སྡུག་ལེགས་ཉེས་བརྟགས་ཤིང་། ཉི་ཟླ་གཟའ་སྐར་སོགས་རང་བྱུང་ཁམས་ཀྱི་ལྷ་རྣམས་ལ་འཕྲིན་བཅོལ་དང་བདེན་བདར་བྱེད་ཅིང༌། གབ་ཙེ་གསུམ་བརྒྱ་དྲུག་ཅུའི་རྩིས་ཁྲ་བཀོད་པའི་སྲོལ་བཏོད། འབྱུང་ཁམས་མ་བུ་དགྲ་གྲོགས་ཀྱི་འབྲེལ་བ་ལ་བརྟག་ནས་ཕྱི་སྣོད་ནང་བཅུད་ཀྱི་འབྱུང་ཁམས་རྣམས་འགལ་འབྲེལ་གྱི་རྣམ་བཞག་གཏན་ལ་ཕབས། དུས་དེར་ཡི་གེ་མེད་སྟབས་རྩིས་འབྲས་བཟང་ངན་རྡེའུ་དཀར་ནག་འགོད་སྲོལ་ཡོད་པ་སོགས་གསལ་པོར་གསུངས་ཡོད། སྐབས་དེར་འགྲོ་བ་མིའི་ལུས་འདི་འགྲུབ་བྱེད་ཀྱི་རྒྱུ་འབྱུང་བ་བཞི་ཡིན་པ་ཤེས་པ་དང་། ཕྱི་རོལ་ཡུལ་གྱི་འབྱུང་བ་བཞིའི་རྡུལ་རྫས་རྣམས་ཀྱིས་ལུས་ཁམས་བདེ་ཐང་ཡོང་པའི་ཐབས་ཤེས་མང་པོ་ཞིག་བཙལ་ཡོད་པ་ལས་གལ་ཆེ་ཤོས་གཅིག་ནི་གསོ་བ་རིག་པའི་གཞུང་གི་ཡན་ལག འབྱུང་རྩིས་ཀྱི་རིག་པ་འདི་བྱུང་བ་རེད།འབྱུང་རྩིས་རིག་པ་ལ་བརྟེན་ནས་མིའི་ལུས་ཁམས་ཀྱི་འབྱུང་བའི་རྫས་རྣམས་ཆ་སྙོམ་པོ་དང་བརྟན་པ་ཡོང་བའི་ཐབས་ལ། ཁོར་ཡུག་གི་འབྱུང་བ་དང་། མཁའ་དབུགས་ཀྱི་འབྱུང་བ་སོགས་ཆ་སྙོམ་བྱེད་པའི་གཏོ་དང་། མདོས། ཡས། གླུད་བཅས་ཀྱི་ཆོ་མང་པོ་གསར་གཏོད་གནང་ཡོད་པ་རེད།

ཞང་ཞུང་སྐབས་ཀྱི་སྨན་རྩིས་ཡར་རྒྱས།

བན་བོན་གཉིས་ཀའི་ཡིག་ཚང་དུ་འཁོད་པ་ལྟར་ན། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐོག་མ་ནི་གནའ་བོའི་ཞང་ཞུང་ཡུལ་དུ། བོན་གྱི་སྟོན་པ་གཤེན་རབ་དང་། གདུང་སྲས་དཔྱད་བུ་ཁྲི་ཤེས་ཡབ་སྲས་ཀྱི་སྐུ་དུས་སུ་བྱུང་ཡོད་པ་གསལ། གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་《རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་》ལས། འབྱུང་ལྡན་ཉེར་བཞི་པའི་ཤིང་བྱི་ལོར་བོད་རྗེ་དང་པོ་གཉའ་ཁྲི་བཙན་པོ་འཁྲུངས་པ་དང་། དེ་ནས་ཡར་བརྩིས་པའི་འབྱུང་ལྡན་དང་པོའི་ཤིང་བྱི་ལོར་སྟོན་པ་གཤེན་རབ་མི་བོ་ཆེ་ཞང་ཞུང་དུ་སྐུ་བལྟམས། གསོ་དཔྱད་ཀྱི་བསྟན་པ་འདི་ནས་དབུ་བརྙེས། ཞེས་གསུངས།

བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་མ།

ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་《ཤེས་བྱ་སྤྱིའི་ཁོག་དབུགས་》ལས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཡོད་ལ། བོན་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཞེས་བྱ་བ་པུ་རངས་སུ་བྱོན་པར་བཤད་པའི་ཕྱིར། ཞེས་སོ། ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་《གསོ་རིག་གི་བྱུང་བ་བརྗོད་པ་དྲང་པོར་བརྗོད་པའི་གཏམ་དྲང་སྲོང་སྲིད་སྒྲུབ་ཀྱི་མདའ་》 ཞེས་པ་ལས། གངས་ཅན་བོད་ཀྱི་གསོ་དཔྱད་ནི། །གཉའ་ཁྲི་བོད་རྗེར་མ་བྱོན་གོང་། །སྟོན་པ་གཤེན་རབ་མི་བོ་ཆེ། །ཞང་ཞུང་འོལ་མོ་ལུང་རིང་བལྟམས། །དཔྱད་སྡེ་ཉི་ཁྲི་ཆིག་སྟོང་མཛད། །དཔྱད་བུ་ཁྲི་ཤེས་ལ་སོགས་པའི། །རྗེས་འཇུག་མཁས་པ་མང་བསྐྱངས་ནས། །བོད་ཡུལ་གསོ་དཔྱད་བསྟན་སྤེལ་ཞེས། །གཡུང་དྲུང་བོན་ལ་རླུང་ལྟར་གྲགས། །དེས་ན་བོད་ཀྱི་གསོ་དཔྱད་དབུ། །གཡུང་དྲུང་བོན་གྱི་དུས་ནས་བརྙེས། ཞེས་སོགས་བོད་ཀྱི་གསོ་རིག་གི་གཞུང་ལུགས་ཐོག་མ་ནི་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་དུས་སུ་བྱུང་ཡོད་པ་གནའ་བོའི་བན་བོན་གཉིས་ཀྱི་ཡིག་ཆ་དག་ལས་གསལ་པོར་གསུངས་འདུག །

ཞང་ཞུང་གི་རྩིས་རིག

ཀོང་རྩེ་འཕྲུལ་རྒྱལ། སྤྱི་ལོའི་སྔོན་གྱི་༡༥༥༧པའི་ཤིང་བྱི་ལོར་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་པ། གངས་ཏི་སེའི་ནུབ་ཕྱོགས་སུ་རྒོད་རྗེ་ཀོང་རྩེ་རྒྱ་ཡི་ཡུལ་དུ་འཁྲུངས་ཞེས་པ་དེང་དུས་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་འཁྲུངས་ཡོད་པར་ངེས། ཁོང་གིས་འབྱུང་རྩིས་ལ་བརྟེན་ནས་གཏོ། མདོས། ཡས། གླུད་བཅས་ཀྱི་ཆོ་ག་མང་པོ་བཟོས་པ་དེང་དུས་ཡང་བོད་མིའི་ཆོས་ཀྱི་འཚོ་བའི་ནང་དུ་དར་སྲོལ་ཆེ། སྐབས་དེར་བོད་ཡུལ་འདིར་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་ཡིན་ཞིང་། རྒྱ་ཀོང་རྩེ་འཕྲུལ་རྒྱལ་ནི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཡིན། ། བོད་ཀྱི་གསོ་བ་རིག་པའི་རྩ་བའི་གཞུང་ལུགས་ནི་འབྱུང་བ་བཞི་དང་། ཉེས་པ་གསུམ། གདགས་སྲིབ་གཉིས། ཕོ་མོ་མ་ནིང་གསུམ་བཅས་ཀྱི་ཐ་སྙད་འདི་དག་གོ་བར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད། དེའང་འབྱུང་བ་ཞེས་པ་གང་ལ་ཟེར་ཞེ་ན། དེ་ནི་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་སྐྱེ་འཇིག་བྱེད་པའི་རྒྱུའི་གཙོ་བོ་གཟུགས་ཀྱི་ཆུང་མཐའ་ཕྲ་རབ་ཀྱི་རྡུལ་ལ་ཟེར། དེས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བསྐྱེད་པར་བྱེད་ཅིང་། དེ་དག་ཐམས་ཅད་ལའང་ཁྱབ་ཡོད་པ་ཞིག་ཡིན་ཏེ། རྡུལ་རིགས་ཆུང་ཐ་ལའང་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཞེས་འབྱུང་བ་བཞིའི་རྡུལ་དེ་དག་ཚང་ཡོད་པར་ངོས་འཛིན་བྱེད་ཅིང་ཡོད་པ་རེད། ནུས་པ་མི་འདྲ་བའི་རྩ་བའི་རྡུལ་རིགས་བཞི་པོ་དེ་དག་སོ་སོ་མཚོན་བྱེད་ཀྱི་མིང་ལ། ས་རྡུལ་དང་། ཆུ་རྡུལ། མེ་རྡུལ། རླུང་རྡུལ་ཞེས་མིང་བཏགས་དང་། ནང་གསེས་ཀྱི་དབྱེ་བ་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཡོད་འདུག ། གནའ་བོའི་བོད་ཀྱི་གསོ་བ་རིག་པ་ནི་ལུས་ཀྱི་གནས་ལུགས་ལ་ཕྲ་ཞིབ་ཀྱི་སྒོ་ནས་བརྟག་དཔྱད་བྱས་ཤིང་། མའི་མངལ་དུ་ཕྲུ་གུ་ཆགས་ནས་འཕེལ་ཚུལ་དང་། འདྲ་དཔེ་སོགས་གྲུབ་པ་ལུས་ཀྱི་གནས་ལུགས་བསྟན་པའི་ལེའུ་དྲུག་ཡོད་པ་དེས་ལུས་ཕྱི་ནང་གི་ཆ་ཐམས་ཅད་ཀྱི་བྱེད་ལས་དང་ནུས་པ་གསལ་པོར་རྟོགས་པ་མ་ཟད། དུས་གདོན་ཟས་སྤྱོད་ཀྱིས་རྐྱེན་པའི་ལུས་ལ་ལྷན་སྐྱེས་ཀྱི་རྨ་དང་། གློ་བུར་བའི་རྨ་སྟེ་རིགས་གཉིས་སུ་ཕྱེས་ཤིང་། དེ་དག་བརྟག་ཐབས། བཅོས་ཚུལ། ཡོ་བྱད་སོགས་མན་ངག་རྒྱུད་དུ་རྨའི་ལེའུ་ལྔ་བསྟན་ཡོད་པ་རེད། དེས་ནི་བོད་ཀྱི་གསོ་བ་རིག་པ་འདི་ལོ་ངོ་སྟོང་ཕྲག་དུ་མའི་གོང་ནས་སྨན་རྫས་ལ་བརྟག་ཞིབ་ཙམ་མ་ཟད། མིའི་ལུས་ཀྱི་ཆགས་ཚུལ་དང་། གནས་ལུགས་ལ་ཤེས་རྟོགས་གཏིང་ཟབ་ཡོད་པའི་རིག་གཞུང་ཞིག་ཡིན་པ་ཤེས་ཐུབ། ། དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རང་རང་གི་བསྐྱེད་བྱེད་འབྱུང་བ་བཞི་ལས་བྱུང་བ་ཞིག་ཡིན་སྟབས། ཕྱི་ནང་གཉིས་ཀྱི་དངོས་པོ་རྣམས་ཀྱི་ཁམས་ཐམས་ཅད་ཕན་ཚུན་ངོ་བོ་བདག་གཅིག་གི་འབྲེལ་བ་གྲུབ་ཡོད་པ་སྟེ། ཕྱི་མ་རྒྱུད་ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། གསོ་བྱའི་སྨན་ཡང་འབྱུང་བ་བཞི་ཡིས་བསྐྱེད། གཉེན་པོའི་སྨན་ཡང་འབྱུང་བ་བཞིའི་ངོ་བོ་ཉིད། ལུས་ནད་གཉེན་པོ་བདག་ཉིད་གཅིག་ཏུ་འབྲེལ། ཞེས་གསུངས་པ་ལྟར་རོ། མིའི་ལུས་རྟེན་འགྲུབ་བྱེད་ཀྱི་ཕ་མའི་ས་བོན་གཉིས་པོ་དེའང་ངོ་བོ་འབྱུང་བ་བཞི་ལས་མ་འདས་པ་ཞིག་ཡིན་ཞིང་། དེས་བསྐྱེད་པའི་ལུས་འདིའང་རང་གི་ངོ་བོ་འབྱུང་བ་བཞི་ལས་མ་འདས་པ་ཞིག་ཡིན་པ་བཤད་མ་དགོས་པ་ཞིག་རེད། རིག་པའི་གཞུང་འདི་ནི་གནའ་བོའི་གྷི་རིག་གི་གསོ་རིག་རྙིང་པ་ལས། གཞན་རྒྱ་གར་དང་། རྒྱ་ནག་སོགས་ཨེ་ཤའི་ཡའི་ཡུལ་གྲུ་གཞན་དག་གི་གསོ་བ་རིག་པའི་གཞུང་ལ་འདི་ལྟ་བུའི་གཞུང་ལུགས་མ་ལག་ཆ་ཚང་བ་ཅན་བྱུང་མི་འདུག །

སྤུ་རྒྱལ་བཙན་པོའི་སྐབས་ཀྱི་སྨན་རྩིས།

གཉའ་ཁྲི་བཙན་པོ་སྐབས་ཀྱི་བོད་ཀྱི་གསོ་རིག སྤྱི་ལོའི་སྔོན་གྱི་༤༡༧པའི་ཤིང་བྱི་ལོར་འཁྲུངས་པའི་སྤུ་རྒྱལ་གཉའ་ཁྲི་བཙན་པོ་འཁྲུངས། ཕལ་ཆེར་སྤྱི་ལོའི་སྔོན་གྱི་༣༦༠ལོ་ཙམ་ན་གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོ་ཐོག་མར་གྱུར། སྐབས་དེར་ཞང་ཞུང་ཡུལ་ནས་སྐུ་གཤེན་གདན་དྲངས་ནས་རྒྱལ་པོའི་སྐུ་ཁམས་བདེ་ཐང་ལ་སྲུང་སྐྱོབ་ཞུ་སྲོལ་ཆགས། དུས་དེར་བོན་གྱི་ཤེས་པ་ཅན་བཅུ་གཉིས་ཞེས་པ་ཤེས་རིག་གི་ལས་ཀ་བྱེད་མཁན་སྡེ་ཚན་བཅུ་གཉིས་བྱུང་ཡོད་པ་དེ་དག་ལས་ཕན་ཤེས་སྨན་དཔྱད་ཅེས་པའི་སྡེ་ཚན་དེ་ནི་ནད་པ་ལ་སྨན་བཅོས་བྱེད་མཁན་གྱི་སྡེ་ཚན་ཞིག་ཡིན་པ་མ་ཟད། དེ་ནས་བཟུང་སྤུ་རྒྱལ་རིམ་བྱོན་ལ་སྐུ་གཤེན་ཏེ། དེང་དུས་ཁ་སྐད་ལྟར་ན་བླ་སྨན་པ་རེ་འཇོག་སྲོལ་ཡོད་འདུག ། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ། གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་《རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་》་ལས། དེ་ལྟའི་མན་ངག་སྨན་མཆོག་རྣམས། །དྲང་སྲོང་མཁས་པ་མང་བརྒྱུད་ནས། །རྒྱལ་སྲས་ཨེ་ཤོ་ལེགས་ཀྱི་དུས། །ལྷ་བུ་མགོ་དཀར་ཕྱག་ཏུ་བབས། །དེ་དུས་དྲང་སྲོང་ཆེ་རྣམས་ཀྱིས། །རྨ་སྐྱོན་འདྲལ་ཞིང་རུས་སྐྱོན་བཅད། །རལ་པ་དྲུབས་ཤིང་ཆག་པ་བཅིངས། །བཅད་འབྱོར་སྨན་རྣམས་རྨ་ཁར་བཏབ། མྱུར་དུ་ཆག་འབྱོར་བཅད་པས་སོ། །སྐྲངས་གཞིལ་རྣག་ཁྲག་ཆུ་སེར་སྐེམ། །གཙིགས་ཆེར་མན་ངག་སྨན་མཆོག་མཛད། །གུད་དུ་སྦས་ཤིང་རྒྱ་ཡིས་གདབ། ཅེས་སྤྱི་ལོའི་དུས་རབས་དང་པོའི་སྔོན་རྗེས་ཙམ་གྱི་སྐབས་སུ་ལུས་ཕྱིའི་ཤ་ལྤགས་རུས་གསུམ་ལ་རྨས་སྐྱོན་བཅོས་པའི་གཞུང་དང་ལག་ལེན་བྱུང་ཡོད། ། བོད་ཀྱི་ལོ་རྒྱུས་ཐོག་བན་བོན་གཉིས་ཀའི་ཡིག་ཚང་དག་ན་བོད་ཀྱི་རྒྱལ་པོ་ཆུ་ལ་ལྡེའུ་བརྒྱད་དང་། ཚིགས་ལ་བཙན་ལྔ་སོགས་ཀྱི་དུས་སྐབས་ཀྱི་ལོ་རྒྱུས་གསལ་པོར་མེད་པ་འདི་ནི་ཕལ་ཆེར་དུས་རབས་དེར། ཡོ་རོབ་དང་། ཨ་རབ་ཀྱི་ཡུལ་དུ་ནད་ཡམས་མང་པོ་ཞིག་ཁྱབ་ནས། ལོ་ངོ་བརྒྱ་ཕྲག་མང་པོར་རྒྱལ་ཁམས་ཉམས་གུད་ཕྱིན། སྤྱི་ལོའི་དུས་རབས་ལྔ་པ་དང་དྲུག་པ་ཙམ་ན་གཞི་ནས་བསྐྱར་གསོ་བྱུང་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཉམས་གུད་དང་སླར་གསོ་བྱུང་བའི་དུས་སྐབས་ཀྱང་དེ་དག་དང་གཅིག་མཚུངས་བྱུང་འདུག་པས་ཕལ་ཆེར་ནད་ཡམས་དང་། དམག་འཁྲུག་གིས་བོད་ཁམས་ཉམས་རྒུད་ཕྱིན་ཡོད་པར་ངེས། ། དཔེར་ན། གནའ་བོའི་ཡོ་རོབ་གསོ་རིག་ཉམས་རྒུད་ཀྱི་རྒྱུ་རྐྱེན་གཙོ་བོར། རོ་མ་བཙན་རྒྱལ་ལ་ཕྱི་དགྲས་བཙན་འཛུལ་བྱས་པ་དང་། ཁུ་སི་ཐིན་ནེ་ཐིའི་ཆོས་ལུགས་ཀྱི་(Christianity)ཤུགས་རྐྱེན། ཡ་བྱི་དུག་གི་རིམས་ནད་ཁྱབ་པ།

སྤུ་རྒྱལ་སུམ་ཅུ་པ་འབྲོང་གཉན་ལྡེའུ་སྐབས་ཀྱི་བོད་ཀྱི་གསོ་རིག

སྤྱི་ལོ་༥༡༦པ་མེ་སྤྲེལ་ལོར་བོད་ཀྱི་རྒྱལ་པོར་གྱུར། སྐུ་གཞོན་པའི་དུས་སུ་སུམ་པའི་ཡུལ་དུ་བྱོན་སྐབས་བོན་པོ་ཞིག་གི་ཆུང་མ་རྒྱ་མོ་ཆ་ལྕམ་བྱ་བ་དང་འབྲེལ་བ་བྱུང་ནས་སྲས་སུམ་རི་རིང་པོ་ཞེས་པ་ཞིག་འཁྲུངས་ཀྱང་ངོས་མ་བླངས། རྗེས་སུ་རྒྱལ་པོར་མཛེ་ནད་ཕོག་པ་དང༌། བཙུན་མོར་ཡང་སྲས་དམུས་ལོང་ཞིག་འཁྲུངས། དེ་ཅུང་ཟད་ཆེར་ལོངས་པ་ན་ཡབ་ཀྱིས། “ཁྱོད་ཀྱིས་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་ཕྱེས་ལ་རྒྱལ་ས་ཟུངས། གལ་ཏེ་མིག་འབྱེད་མ་ཐུབ་ན་སུམ་པའི་ཡུལ་དུ་བོན་པོའི་ཆུང་མ་རྒྱ་མོ་ཆ་ལྕམ་བྱ་བ་ལ་ངའི་བུ་སུམ་རི་རིང་པོ་ཞེས་པ་ཡོད་པ་དེ་བོས་ནས་ཁྱོད་རང་གཤེགས་རྫུ་གྱིས་ལ་ཁོ་རྒྱལ་སར་ཆུག”ཅེས་དང་། ཡབ་ཡུམ་གཉིས་བློན་པོ་སྙགས་ཐང་པ་ཡར་རྗེ་དང་བཅས་པ་གདུང་རྒྱུད་ལ་འགོས་ནད་མི་ཕོག་པའི་ཆེད་དུ་ཡར་ཀླུང་ཞང་མདར་བང་སོ་བརྩིགས་ནས་གསོན་པོར་དུར་དུ་བཞུགས་པར་གྲགས་ཤིང་། བང་སོའི་མིང་ལ་ཡང་གསོན་མཆད་ཟླུམ་པོ་ཞེས་ཟེར་རོ། དེ་ནས་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་ཕྱེས་པས་སྟག་མོ་རི་ལ་རི་དྭགས་གཉན་འགྲོ་བ་གཟིགས་ཐུབ་པ་བྱུང་བས་མཚན་ལ་སྟག་རི་གཉན་གཟིགས་སུ་གསོལ་བར་གྲགས། སྤྱི་ལོ་༥༥༦པ་ཤིང་ཕག་ལོར་བོད་ཀྱི་རྒྱལ་པོར་གྱུར་པ་《མཁས་པའི་དགའ་སྟོན》 ལས་གསུངས། །

ཐུབ་བསྟན་ཕུན་ཚོགས་ཀྱིས་སྦྱར།