གཡུང་དྲུང་བོན་གྱི་དྲྭ་རྒྱ།

མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ཀྱིས་རྒྱལ་སྤྱིའི་སྐད་ཡིག་བགྲོ་གླེང་ཐེངས་དང་པོའི་སྟེང་སྤེལ་བའི་དཔྱད་གཏམ།

img286བོད་ཀྱི་སྐད་ཡིག་ལ་དེང་དུས་དང་མཐུན་པའི་ཉམས་ཞིབ་བྱ་ཚུལ། འཛམ་གླིང་འདིར་ཡར་རྒྱས་དང་ལྡན་པའི་སྐད་རིགས་ཁག་གི་ནང་ནས་རང་ཅག་གངས་ཅན་པའི་སྐད་འདི་ནི་ཐུན་མོང་མིན་པའི་སྐད་ཡིག་ཤིན་ཏུ་ཕྱུག་ལ། གཙོ་ཆེ་བ་ཞིག་ཡིན་ལ། སྐད་རིགས་འདིའི་ནང༌། ནང་དོན་རིག་པ་དང༌། གསོ་བ་རིག་པ་དང༌། གཏན་ཚིག་རིག་པ་སོགས་གཞུང་ལུགས་གྲངས་ལས་འདས་པ་བཞུགས་ཡོད་པས་བོད་མི་ཙམ་མ་ཟད། རྒྱ་གར་བྱང་རྒྱུད་ས་ཁུལ་ཕལ་མོ་ཆེ་དང༌། ཕྱི་རྒྱལ་ཡུལ་གྲུ་དུ་མར་ཁྱབ་བརྡལ་ཆེན་པོ་ཡོད་པ་རེད། སྔོན་དུས་སུ་བོད་སྐད་ལ་ཉམས་ཞིབ་དང༌། གསར་བཅོས་སོགས་ཚུལ་མཐུན་མཛད་འདུག་པ་དེ། སྐད་གསར་བཅད་ཀྱིས་གཏན་ལ་ཕབས་ཞེས་གསུངས་པས་ཤེས་ནུས། བར་སྐབས་དེར་སྐད་ཡིག་འདི་ལ་ཉམས་ཞིབ་དང་གསར་བཅོས་སོགས་མུ་མཐུད་བྱེད་སྲོལ་ཉམས་པ་དང༌། འོན་ཀྱང་ཕྱོགས་གཅིག་ནས་སྤྱི་ཚོགས་ཀྱི་གནས་སྟངས་ཙམ་མ་འགྱུར་བྱུང་བ་སོགས་ཀྱིས་བསྟན་བཅོས་ཀྱི་སྐད་དམ། ཆོས་སྐད་དང༌། སྐྱེ་བོ་ཕལ་མོ་ཆེས་བེད་སྤྱོད་བྱས་པའི་སྐད་གཉིས་པར་ཐག་རིང་པོ་ཞིག་ཡོད་པར་མཐོང་སྣང་འབྱུང་བ་ཆོས་ཉིད་རེད། ལྷག་པར་དུ་འདས་པའི་མི་ལོ་བཅུ་ཕྲག་གསུམ་ཙམ་རིང་ཡུལ་ལུང་གནས་སྐབས་སོགས་ཀྱི་རྐྱེན་དུ་མ་ཞིག་ལས་བོད་སྐད་ལ་འགྱུར་བ་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་རེད། བོད་རིགས་མིན་པའི་མི་རིགས་གཞན་དག་ཚོས་བོད་སྐད་སློབ་སྦྱོང་བྱེད་པར་དཀའ་ངལ་འདྲ་མིན་ཡོང་གི་ཡོད་པ་དང༌། ཉམས་ཞིབ་ཚུལ་མཐུན་ཞིག་མ་བྱུང་བའི་དབང་གིས་དོན་གནད་མང་པོར་ཤེས་རྟོགས་མ་ཐུབ་པའམ། ཡང་ན་ལོག་པར་རྟོགས་པ་སྣ་ཚོགས་བྱུང་བ་དང་འབྱུང་བཞིན་པ། དཔེར་ན། རྒྱ་གར་གྱི་མཁས་པ་མང་པོས་སྐད་ཀྱི་ཚན་རིག་སྐོར་འབྲི་སྐབས་བོད་སྐད་ནི་རྒྱ་ནག་གི་སྐད་ཀྱི་ཁོངས་གཏོགས་ཡིན་ཞིང༌། དེ་ལ་བརྡ་སྤྲོད་ཀྱི་རྣམ་གཞག་སོགས་མེད་ཅེས་སོགས་བྲིས་འདུག

མི་རབས་གསར་པའི་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་ཀྱང་སྐབས་རེར་བོད་སྐད་ལ་དེང་དུས་དང་མཐུན་པའི་ཉམས་ཞིབ་དང༌། གསར་བཅོས་ཚུལ་མཐུན་བྱུང་ན་སྙམ་པའི་བསམ་ཚུལ་ཡོང་གི་ཡོད་ཚོད་ལ། དེ་ནི། དངོས་འབྲེལ་གལ་ཆེ་ཤོས་ཤིག་རེད། དེར་བརྟེན་བོད་སྐད་བརྡ་སྤྲོད་ཀྱི་སྔོན་དུས་ཀྱི་བརྗོད་བྱ་དེ་མ་ཉམས་པར་བཞག་ནས་ཉམས་ཞིབ་ཚུལ་མཐུན་ཐོག དེང་དུས་དང་མཐུན་པའི་བཤད་ཚུལ་བྱེད་ཐུབ་ན་བོད་སྐད་འདི་ཉིད་ཡར་རྒྱས་ཀྱི་ངང་རྒྱ་ཁྱབ་ཏུ་འགྲོ་ཐུབ་པ་དང༌། སྐད་རིགས་གཞན་ལྟར་བོད་སྐད་དུའང་རིག་གསར་དང༌། དེང་དུས་ཀྱི་མིང་ཚིག་གསར་བཟོ་དང༌། སྐད་ཡིག་གཞན་ནས་བོད་སྐད་དུ་སྒྱུར་བ་སོགས་ལས་སླ་པོར་བྱེད་ཐུབ་རྒྱུ་མ་ཟད། བོད་སྐད་ཀྱི་གནས་ཚད་ཀྱང་མཐོན་པོར་གནས་ཐུབ་ཀྱི་རེད།

སྐད་ཀྱི་སྐོར་ཉམས་ཞིབ་གནང་མཁན་མཁས་པ་ཚོའི་དགོངས་འཆར་ལྟར་བརྡ་སྤྲོད་བའི་བསྟན་བཅོས་ཞེས་པ་རྩ་ཁྲིམས་ལྟ་བུ་ཞིག་བཟོས་ཏེ། མིང་ཚིག་གི་སྦྱོར་བ་ཐམས་ཅད་དེའི་རྗེས་སུ་དབང་མེད་དུ་འབྲངས་འཇུག་རྒྱུ་ཡིན་པར་དམངས་ཁྲོད་དུ་ཁྱབ་བཞིན་པའི་སྐད་དང་མིང་ཚིག་སྦྱོར་བ་རྣམས་ཀྱི་ཚུལ་ཇི་ལྟར་ཡིན་མིན་གཏན་ལ་འབེབས་པ་ཡིན་ཞིང༌། དམངས་ཁྲོད་ལ་འགྱུར་བ་ཆེན་པོ་བྱུང་རྗེས་བརྡ་སྤྲོད་ལ་ཡང་གསར་བཅོས་བྱེད་དགོས། དེ་ལྟར་མ་བྱས་ན་ལེགས་སྦྱར་གྱི་སྐད་ནང་བཞིན་སྤྱིར་སྐད་ཤིན་ཏུ་ཡག་པོ་ཡིན་བཞིན་དུ་མི་རབས་རྗེས་མ་ཚོས་རྟོགས་དཀའ་ཞིང༌། དམངས་ཁྲོད་དུ་ཁྱབ་རྒྱ་ཤིན་ཏུ་ཆུང་བ་ཞིག་ཡོང་ངེས། གལ་སྲིད་དམངས་ཁྲོད་ཀྱི་སྐད་ཀྱི་འགྱུར་བ་འབའ་ཞིག་གི་རྗེས་སུ་འབྲངས་ནས་གསར་བཅོས་ཐལ་ཆེ་ན་རྩ་ཆེའི་སྔོན་དུས་ཀྱི་གསུང་རབ་ཁག་སྐད་གང་གི་ཐོག་ཏུ་འཁོད་པའི་སྐད་རིགས་དེ་སུས་ཀྱང་མི་ཤེས་པ་ཞིག་ཏུ་འགྱུར་ཉེ་ཡོད་པས་མཐའ་དེ་གཉིས་ཀར་མི་ལྷུང་བ་ཞིག་གི་ལམ་དུ་འགྲོ་དགོས་གལ་ཆེ་བར་མངོན། དེར་བརྟེན་བོད་ཀྱི་སྔོན་དུས་ཀྱི་བརྡ་སྤྲོད་ཀྱི་བརྗོད་དོན་འཇུག་ཚུལ་གཞིར་བཞག་གིས་དེང་དུས་ཀྱི་བཤད་ཚུལ་དང༌། ཉམས་ཞིབ་བྱེད་པ་དེ་གལ་ཆེ་བར་སེམས།

རང་རེའི་བོད་ཀྱི་སྐད་དུ་ཡི་གེ་ཕན་ཚུན་གྱི་འཕྲད་སྟངས་དང༌། མིང་དང་ཁྱད་ཆོས་བྱ་ཚིག་སོགས་ཀྱི་གྲུབ་སྟངས། མིང་ཚིག་དེ་རྣམས་བརྗོད་པའི་ནང་དུ་སྦྱོར་ཚུལ་སོགས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་ག་རང་སོར་བཞག་ནས་གཏན་འབེབས་བྱེད་པ་ལས། སྐད་རིགས་གཞན་གྱི་ཤན་ཞུགས་ནས་གཡས་མཐེན་གཡོན་འདུད་གྱེད་པ་ནི་བོད་སྐད་ཉམས་ཆག་འགྲོ་བའི་གཞི་ཡིན་པ་མ་གཏོགས་ཡར་རྒྱས་འགྲོ་བའི་ཐབས་ཤེས་མིན་པས་རང་རེ་གངས་ཅན་པ་དཔྱོད་ལྡན་རང་སྐད་ལ་གཅེས་སྤྲས་གནང་མཁན་ཚང་མས་དོ་སྣང་ཆེནོ་པོ་གནང་གལ་ཆེ།

༡  མིང་གི་ངོ་བོ།

བོད་སྐད་ཀྱི་མིང་ཚིག་སྐོར་ཇི་ཡིན་གོ་རྟོགས་ཡོང་བ་དང༌། བོད་སྐད་ནང་སྔར་མེད་པའི་མིང་ཚིག་གསར་བཟོ་བྱེད་པ་ལ་ཐོག་མར་བོད་སྐད་ཀྱི་མིང་ཚིག་གི་གྲུབ་སྟངས་དེ་ཤེས་གལ་ཆེ་ཞིང༌། སྐད་རིགས་ཕལ་མོ་ཆེར། མིང་ལ་འདོད་རྒྱལ་གྱི་མིང་དང༌། རྗེས་གྲུབ་ཀྱི་མིང་གཉིས་ཡོད་པ། དཔེར་ན། ཀ་བ། བུམ་པ། མེ་ཏོག ས། ཆུ། མེ། རླུང་སོགས་མཐའ་ཡས་པ་རྣམས་ནི་འདོད་རྒྱལ་གྱི་མིང་ཡིན་པས་དེ་རྣམས་ལ་སྒྲ་བཤད་དུ་མེད། སངས་རྒྱས་དང༌། མི་དབང༌། དྲི་འཛིན། རོ་འཛིན། ཆུ་འཛིན། རི་བོང་ཅན་སོགས་ནི་རྗེས་གྲུབ་ཀྱི་མིང་ཡིན་ཞིང༌། དེ་རྣམས་ལ་སྒྲ་བཤད་དུ་ཡོད། དེང་དུས་གསར་བཟོ་བྱས་པའམ་བྱ་བར་འགྱུར་བའི་མིང་ཚིག་རྣམས་ཕལ་ཆེར་འདོད་རྒྱལ་གྱི་མིང་མིན་པར་སྒྲ་བཤད་དུ་ཡོད་པ་འབའ་ཞིག་ལས་ཡོང་མི་ཐུབ་པ་ལྟ་བུར་མངོན།

༢  བྱ་ཚིག་ལས་མིང་ངམ་ཐ་སྙད་གྲུབ་ཚུལ།

མིང་ངམ་ཐ་སྙད་གསར་བཟོ་བྱེད་པར་འཁྲུལ་གཞི་ཆེ་ཤོས་ནི་བྱ་ཚིག་ལས། མིང་རྐྱང་»Noun« དང༌། ཁྱད་ཆོས། »Adjective« སོགས་བཟོ་ཚུལ་དེ་ཡིན་ཞིང༌། འདི་ལ་ནོར་འཁྲུལ་ཤོར་བའི་དབང་གིས། རང་རེའི་ཁྲོད་དུ་མིང་ཚིག་ཁུངས་ལྡན་གཅིག་གྱུར་མི་འབྱུང་བར་དག་ཆ་འདྲ་མིན་ཡ་མ་ཟུང་ཡོང་གི་ཡོད་པ་རེད། བྱ་ཚིག་ལས་ཐ་སྙད་གསར་བཟོ་སྐབས་བྱིངས་»Verbroot« ནས་ཐད་ཀར་མིང་རྐྱང་བཟོ་པའམ། ཡང་ན་བདག་གཞན་དུས་གསུམ་གྱི་གཟུགས་གང་འོས་ཤིག་ལས་མིང་བཟོ་དགོས་མིན་དཔྱོད་པ་གལ་ཆེ་ཞིང༌། དེར་མ་ཟད། མིང་རྐྱང་གཞན་དང་མཉམ་དུ་བྱ་ཚིག་སྦྱར་ནས་བཟོ་པའམ། བྱ་ཚིག་དུ་མ་སྦྱར་ནས་མིང་རྐྱང་བཟོས་པའམ་བཟོ་དགོས་མིན་ལེགས་པར་བརྟག་དགོས།

བྱ་ཚིག་ལས་མིང་རྐྱང་བཟོས་པ་ལ་རྣམ་པ་གསུམ་ཙམ་ཡོད་པར་གསལ་ཏེ། དང་པོ་ནི། མིང་རྐྱང་སྔོན་མ་དང༌། བྱ་ཚིག་མཐའ་ཅན་གྱི་ཐ་སྙད་མང་པོ་བོད་སྐད་དུ་ཡོད་པ་དཔེར་ན། སྔོན་འཇུག རྗེས་འཇུག རྗེས་དབོག གཟུགས་འཛིན། ཆུ་འཛིན། ཆུ་སྐྱེས་སོགས་སུ་སྔོན་དང༌། རྗེས་དང༌། གཟུགས་དང༌། ཆུ་སོགས་མིང་རྐྱང་གི་རྗེས་སུ་འཇུག་པ་དང༌། དབོག་པ་དང༌། འཛིན་པ་དང༌། སྐྱེས་པ་སོགས་བྱ་ཚིག་སྦྱར་ནས་བཟོས་པ་ཡིན། གོང་གསལ་མིང་དེ་རྣམས་ལས། ཆུ་སྐྱེས་མ་གཏོགས་གཞན་ཚང་མར་བྱ་བའི་གཟུགས་དེ་ད་ལྟ་བའམ། བྱིངས་གཟུགས་བེད་སྤྱོད་བྱས་འདུག་པ་དང༌། ཆུ་སྐྱེས་ནི། ཆུའི་རྗེས་སུ། སྐྱེས་པ། ཞེས་འདས་པའི་གཟུགས་བཀོད་འདུག་པའང་རྒྱུ་མཚན་དང་ལྡན། གཉིས་པ་ནི། བྱ་ཚིག་སྔོན་དང༌། མིང་རྐྱང་རྗེས་ལ་ཡོད་པའི་ཐ་སྙད་མང་པོ་ཡོད་དེ། དཔེར་ན། འགྲོ་ལམ། ཡང་ན་བགྲོད་ལམ། འབྱོར་ཆོས། ཉལ་ཁང༌། ཟ་ཁང༌། ཚོགས་ཁང༌། སྐྱེ་སྐར། འཁྲུངས་ཁང༌། འཁྲུངས་ཡུལ་སོགས་སུ་ནི། བྱ་ཚིག་སྔོན་ལ་བཀོད་ནས་འདིའི་རྗེས་སུ་མིང་རྐྱང་བཀོད་འདུག གསུམ་པ་ནི། སྔ་ཕྱི་གཉིས་ཀ་བྱ་ཚིག་ཡིན་པ། དཔེར་ན། གོ་རྟོགས། སློབ་སྟོན། སྲུང་སྐྱོབ། འདུ་བྱེད། འཁྲབ་སྟོན། རྩི་བཀུར། འཐབ་རྩོད། འགྲོ་སྐྱོད། བགྲོ་གླེང༌། འགྲོ་སྡོད། སློབ་སྦྱོང༌། གསོད་རྡུང༌། ལྟ་སྐོར། འཛིན་སྐྱོང༌། འབོད་སྐུལ། ཟ་འཐུང་སོགས་མཐའ་ཡས་པ་ཡོད། འདི་ལྟ་བུའི་བྱ་ཚིག་ཕན་ཚུན་སྦྱར་ནས་མིང་བཟོ་པ་ལ་བྱ་ཚིག་སྔ་ཕྱི་གཉིས་ཀ་བྱིངས་གཟུགས་སམ། ད་ལྟ་བའི་གཟུགས་བྲིས་ན། གཞི་བརྟན་ལ། སྟབས་བདེ་ཞིང་རྒྱ་མཚན་དང་ལྡན་པ་དེ་ལྟ་ན་ཡང༌། དེང་དུས་ཐ་སྙད་འགའ་ཤས་ལ། བྱ་ཚིག་སྔ་ཕྱི་གཉིས་དུས་མི་འདྲ་བའི་གཟུགས་སུ་བཀོད་པ། དཔེར་ན། འཛིན་བཟུང༌། བཅིངས་བཀྲོལ། བཅོས་སྒྱུར། སོགས་མང་པོ་འདུག་པ། འཛིན་བཟུང་ལྟ་བུ་ལ། བྱ་ཚིག་སྔ་མ་འཛིན། ད་ལྟ་བའི་གཟུགས་དང༌། བཟུང་འདས་པའི་གཟུགས་བཀོད་འདུག་པའི་རྒྱུ་མཚན་གོ་དཀའ་བར་སྣང་ལ་འཛིན་པ་པོས་བཟུང་བ་ཞེས་པ་ཙམ་ཞིག་གོ་རྒྱུ་འདུག་ཀྱང་འཛིན་བཟུང་བྱེད་པ་ཞེས་དེའི་རྗེས་བྱ་ཚིག་ཐུན་མོང་བ་སྦྱར་བས་སྟབས་བདེ་པོ་རང་མེད་པ་ཞིག་འདུག དེ་བཞིན་བཅིངས་བཀྲོལ་སོགས་ལའང་དཔྱད་དགོས་པར་སྣང༌།

བྱ་ཚིག་སྔ་ཕྱི་གཉིས་ཀྱི་དུས་རིམ་དང༌། བདག་གཞན་གཉིས་དང༌། དུས་གསུམ་གང་ལ་སྦྱར་དགོས་པ་བཅས་རྒྱུ་མཚན་ཟད་ལྡན་ཞིག་ནི་ངེས་པར་དུ་བཤད་རྒྱུ་དགོས་བར་སེམས། དེ་བཞིན་མིང་དང་བྱ་ཚིག་སྦྱར་བ་ལ་ཡང༌། དཔེར་ན། དྲིལ་བསྒྲགས་ལྷན་ཁང་ལྟ་བུ་ལ། བསྒྲགས་ཞེས་འདས་པའི་གཟུགས་སྦྱར་བ་འདིའི་རྒྱུ་མཚན་ཤིན་ཏུ་གོ་དཀའ། སྤྱིར་བཏང་དྲིལ་བསྒྲགས་ཟིན་པའི་འདས་པ་ལ་དྲིལ་བསྒྲགས་དང༌། མ་འོངས་པའམ། གཞན་ལ་དྲིལ་བསྒྲག་བྱེད་པོའམ་བདག་དང༌། ད་ལྟ་བ་སྟོན་བྱེད་ཡིན་ན། དྲིལ་སྒྲོག་འབྲི་པ་རིགས་པ་སྨྲ་བའི་ལུགས་ཡིན་མོད། དེང་དུས་འདི་ལྟ་བུའི་མིང་འབྲི་སྲོལ་འདུག་པར་རྒྱུ་མཚན་ཡང་དག་འཚོལ་དགོས།

༣  ཚིག་སྡུད།

བོད་སྐད་ནང་ཚིག་སྡུད་»Compound word« ཤིན་ཏུ་མང་པོ་ཡོད་པར་མ་ཟད་འདི་ནི་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཡིན་པར་ཤེས་ཐུབ། ལེགས་སྦྱར་ནང་ཡོད་པའི་ཚིག་སྡུད་ཚང་མ་བོད་སྐད་ནང་ཡོད་པར་དཀའ་ཞིང༌། མཐའ་གཅིག་ཏུ་ཡོད་དགོས་པའང་མིན་ལ། དེའི་སྐྱེས་བུ་དང༌། ཟླ་སྡུད་སོགས་ཚིག་སྡུད་མང་པོ་བོད་སྐད་ནང་རྣམ་ཀུན་བེད་སྤྱོད་བྱེད་བཞིན་པ་རེད། ཚིག་སྡུད་ནང་མིང་སོ་སོའི་ཆ་ཤས་ཕྱེད་ཀ་ཙམ་ཕྱིས་པའམ་དོར་ཏེ་སྦྱར་བས་མིང་ཐུང་ཐུང་སྟབས་བདེ་པོ་བཟོ་ཐུབ་ཀྱི་ཡོད་པ་རེད། གཙོ་བོར་རྣམ་དབྱེའི་ཕྲད་ཕྱིས་ནས་བསྡུས་པ་ལ་དེའི་སྐྱེས་བུ་དང༌། མིང་འགལ་བའམ། མི་མཐུན་པ་གཉིས་སམ་དེ་ལས་མང་བ་བསྡུས་པ་ལ་ཟླ་སྡུད་དང༌། དོན་མཚུངས་པའམ་འདྲ་བའི་མིང་ཕན་ཚུན་བསྡུས་པ་ལ་རྣམ་གྲངས་སྡུད་པ་ཞེས་ཟེར་ཆོག དེའི་སྐྱེས་བུ་ནི་དཔེར་ན། མི་ཡི་དབང་པོ་ལ། མི་དབང༌། རྒྱལ་པོའི་སྲས་ལ། རྒྱལ་སྲས། ཁང་པའི་བདག་པོ་ལ། ཁང་བདག གངས་ཀྱི་རི་ལ། གངས་རི། གནམ་ལ་འགྲོ་བའི་གྲུ་ལ། གནམ་གྲུ། མེ་ཤུགས་ཀྱིས་འཕུར་བའི་མདེལ་ལ། མེ་ཤུགས་འཕུར་མདེལ། ས་ནས་ཐོན་པའི་སྣུམ་ལ། ས་སྣུམ། རླུང་གི་བརྒྱུད་ནས་འོང་བའི་འཕྲིན་ལ། རླུང་འཕྲིན་སོགས་ཡིན་ནོ། ཟླ་སྡུད་ནི། ཕ་དང་མ་ལ། ཕ་མ། ཞི་བ་དང་དྲག་པོ་ལ། ཞེ་དྲག ཉི་མ་དང་ཟླ་བ་ལ། ཉི་ཟླ། ཞིང་པ་དང་འབྲོག་པ་ལ། ཞིང་འབྲོག སེར་མོ་བ་དང་སྐྱ་བོ་ལ། སེར་སྐྱ་སོགས་དང༌།

རྣམ་གྲངས་སྡུད་པ་ནི། དགའ་བ་དང་བདེ་བ་ལ། དགའ་བདེ། ཞི་བ་དང་བདེ་བ་ལ། ཞི་བདེ། ཤེས་པ་དང་རྟོགས་པ་ལ། ཤེས་རྟོགས། འགྲོ་བ་དང་སྐྱོད་པ་ལ། འགྲོ་སྐྱོད། འབད་པ་དང་རྩོལ་བ་ལ། འབད་རྩོལ་སོགས་ནི་ཤིན་ཏུ་མང༌། གོང་གསལ་ཚིག་སྡུད་ཁག་ནང་ཕལ་ཆེར་ཚིག་དབར་»Syllable«    གཉིས་རེ་བོད་པའི་མིང་སྔ་ཕྱི་གཉིས་གའི་ཚིག་དབར་ཕྱི་མ་ཚང་མ་ཕྱིས་འདུག་ལ། འོན་ཀྱང༌། མེ་ཤུགས་འཕུར་མདེལ་ཞེས་པའི་ཚིག་དབར་»Syllable«མང་པོ་ཡོད་པའི་མིང་མང་པོར་དེ་ལྟར་བྱས་མི་འདུག་ཅིང༌། སྐབས་འགའ་ཤས་སུ་རྗེས་འཇུག་ལ་ཡང་དོ་ཕོགས་འབྱུང་གི་ཡོད་པ། དཔེར་ན། ཆེན་པོ་དང་ཆུང་ཆུང་ལ། ཆེ་ཆུང་དང༌། མཐོན་པོ་དང་དམའ་པོ་ལ། མཐོ་དམན་ཞེས་འཇུག་ན། བྱིས་པའི་འགྱུར་བ་སྣ་ཚོགས་འདུག དེར་བརྟེན་ཚིག་སྡུད་འདི་ཤིན་ཏུ་གལ་ཆེ་ཞིང༌། བོད་སྐད་མིང་ཚིག་གསར་བཟོ་བྱེད་པར། འདི་ལ་མ་བརྟེན་པར་ཐབས་ལམ་མེད་པས། ཚིག་སྡུད་སྐབས་མིང་ཚིག་སྔ་ཕྱིའི་ཆ་ཤས་ག་རེ་དོར་དགོས་མིན་སོགས་ཚུལ་ངེས་ཅན་ཞིག་དགོས་པར་སེམས།

དེང་དུས་གཞིས་བྱེས་གང་སར་བོད་ཀྱི་ཐ་སྙད་གསར་བཟོས་བྱས་པ་རྣམས་ཕལ་ཆེར་སྐད་རིགས་གཞན་ཞིག་ལ་གཞི་བཅོལ་ནས་བཟོས་པར་སྣང་ལ། དེ་ལྟར་བྱེད་པར་འགལ་བ་མེད་ཀྱང༌། མིང་ཚིག་དེ་དག་བཟོ་སྟངས་བརྡ་སྤྲོད་དང་མཐུན་པ་དང༌། གྲུབ་པའི་མཐའ་འདི་ལྟ་བུ་ཞིག་ལ་གཞི་བྱས་པ་ཡིན་ཞེས་བཤད་རྒྱུ་ཡིན་ན། བོད་ཀྱི་སྐད་ཡིག་གིས་ཁྱབ་པའི་ཡུལ་ལུང་ཡོངས་དང༌། བོད་སྐད་བེད་སྤྱོད་བྱེད་མཁན་ཚང་མའི་ཆེད་དུ་གཅིག་གྱུར་ཡོང་བ་ཁག་པོ་རེད། གོང་ཞུས་ལྟར། བོད་སྐད་ཀྱི་ཐ་སྙད་ཕལ་མོ་ཆེ་བྱ་ཚིག་ལ་གཞི་བྱེད་དགོས་ཤིང༌། དེ་ཡང༌། བྱ་ཚིག་དེའི་དུས་གསུམ་དང༌། བདག་གཞན་གྱི་གཟུགས་གང་ལ་གཞི་བྱེད་དགོས་མིན་གྱི་གནད་དོན་ལེགས་པར་ཤེས་རྒྱུ་དེ་གལ་ཆེ་ཤོས་སུ་སྣང༌། དེར་མ་ཟད་བྱ་བྱེད་ངོ་བོ་ཐ་དད་པ་དང༌། མི་དད་པ་དང༌། བྱེད་པ་པོ་ལ་ཡོད་པའི་བྱ་བ་དང༌། བྱ་བའི་ཡུལ་ལ་གནས་པའི་བྱ་བ་རྣམས་ཀྱི་ངོས་འཛིན་དང༌། སྦྱོར་ཚུལ་རྣམས་བཏང་སྙོམས་སུ་བཞག་ནས་ཚིག་སྦྱོར་ཡ་མ་ཟུང་སྣ་ཚོགས་ཤིག་ཡོང་གི་འདུག་ལ་དཔེར་ན། དེས་ཕྱིན། ཁོས་བྲོས། བཀྲ་ཤིས་ཀྱིས་ཉལ། སོགས་བྱ་བྱེད་ངོ་བོ་ཐ་མི་དད་པ་རྣམས་ལ་བྱེད་སྒྲ་བཀོད་པ་མང་པོར་སྣང༌། ཞིབ་ཏུ་དཔྱད་ན། བྱེད་སྒྲ་འཇུག་ཚུལ་འདི་ལ། བྱ་བྱེད་ངོ་བོ་ཐ་དད་པ་དང༌། མི་དད་པ་དང༌། དུས་གསུམ་སོགས་ཀྱི་ཁྱད་པར་བྱེད་དགོས་པར་སྣང༌། སྔོན་གྱི་ཡིག་རྙིང་ཁུངས་ལྡན་ཁག་ཏུའང་ཁྱད་པར་ཕྱེས་འདུག

ཡར་ཐོན་ཅན་གྱི་སྐད་རིག་གཞན་གྱི་སྐོར་ལ། སྐད་དེ་དང་དེ་ལ་སྒྲ་གདངས་མི་འདྲ་བ་རྣམ་པ་ག་ཚོད་ཡོད་མིན་དང༌། མིང་ཚིག་གཅིག་ལ་དག་ཆ་འབྲི་སྟངས་མི་འདྲ་བ་བྱས་པ་ག་ཚོད་ཡོད་མིན་བཤད་ཆོག་ཡོད་ཀྱང༌། རང་རེའི་བོད་སྐད་སྨྲ་བ་རྣམས་ལ། བོད་སྐད་ནང་སྤྱིར་སྒྲ་གདངས་མི་འདྲ་བ་ག་ཚོད་ཡོད་མིན་དང༌། དག་ཆ་མི་འདྲ་ཡང་སྒྲ་གདངས་གཅིག་པ་ག་ཚོད་ཡོད་མིན་ཙམ་ཡང་བཤད་ཆོག་ངེས་མེད་རེད། དེ་ནི་རང་སྐད་ལ་ཉམས་ཞིབ་ཞན་པའི་དབང་གིས་རེད།

སློབ་དེབ་ཁག་ཏུ་བོད་སྐད་ཐོག་མར་ངོ་སྤྲོད་སྐབས། ཡི་གེ་དུ་མ་འདུས་པ་ལས་མིང་དང༌། མིང་དུ་མ་འདུས་པ་ལས་ཚིག་འབྱུང་ཚུལ་རིམ་བཞིན་གོ་བདེ་ཞིང་རྒྱུ་མཚན་ལྡན་པ་དགོས་པ་དང༌། མིང་རྐྱང་དང༌། ཁྱད་ཆོས། བྱ་ཚིག བྱ་བའི་ཁྱད་ཆོས། གཅིག་ཚིག་དང༌། མང་ཚིག བརྗོད་པ། »Sentences«    བཟོ་སྟངས་སོགས་གསལ་ཞིང་ཁུངས་དང་ལྡན་པ་དགོས་ཤིང༌། སློབ་གྲྭའི་འཛིན་རིམ་མཐོ་དམན་ལ་གཞིགས་པས་ཕལ་སྐད་ཀྱི་གནས་ཚད་ཀྱང་ཇི་ཟབ་ཏུ་གཏོང་ན་ལེགས། དེ་ལྟར་སློབ་དེབ་ཚད་ལྡན་ཁག་གྲ་སྒྲིག་བྱེད་པ་དང༌། བོད་སྐད་ནང་སྔར་མེད་རིག་གསར་གྱི་མིང་ཚིག་གསར་བཟོ་བྱེད་པ་ལ། བོད་སྐད་ལ་དེང་དུས་དང་མཐུན་པའི་ཉམས་ཞིབ་མུ་མཐུད་བྱ་རྒྱུ་ནི་རྩ་བའི་རྨང་གཞི་ཞིག་ཡིན་ཞིང༌། ཉམས་ཞིབ་ཀྱིས་གཏན་འབེབས་མེད་ན་ཚང་མས་ཐུན་མོང་སྤྱོད་ཆོག་གི་སློབ་དེབ་དང་མིང་ཚིག་བཟོ་སྐྲུན་སོགས་མི་ཐུབ་པས་ཚང་མས་དོ་སྣང་དགོས་པར་ཞུ།

ཕྱི་མི་བོད་སྐད་སྔར་མི་ཤེས་པ་རྣམས་ལ་བོད་སྐད་གསར་དུ་སློབ་པ་དང༌། བོད་སྐད་ཤེས་པའི་རང་རིགས་ཚོས་བོད་སྐད་ཀྱི་སྐོར་གོ་རྟོགས་ལེགས་པོ་ཡོང་བ་དང༌། དེང་དུས་དང་མཐུན་པའི་གནས་སྟངས་ཇི་བཞིན་ངོ་སྤྲོད་བྱེད་རྒྱུ་ནི་རང་རེའི་དམིགས་ཡུལ་ཡིན།

སྤྱིར་བཏང་བོད་སྐད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཆེས་མང་བ་ལས་ཉུང་སྐྱོན་མེད་ཀྱང༌། འགོ་བརྗོད་དང༌། མིང་ཤིན་ཏུ་རྫིག་པོ་དང་རིང་པོ་འཁོད་པ་མ་གཏོགས། རྩ་དོན་བོད་སྐད་ཀྱི་ཚིག་སྦྱོར་སྟངས་ཆ་ཚང་བ་མ་མཐོང་བ་བློ་ཕམ་གྱི་གནས་སུ་གྱུར། ལོ་མང་བསགས་པའི་ཉམས་མྱོང་གིས་ཉམས་ཞིབ་ཚུལ་མཐུན་བྱས་ཏེ་ཕྲན་གྱིས། །།བོད་ཀྱི་བརྡ་སྤྲོད་པའི་སྐོར་ལ་དཔྱོད་པ།། ཞེས་བྱ་བ་ཞིག་ཧིན་སྐད་དུ་བྲིས་ཡོད་པའི་ནང༌། བོད་ཀྱི་ཡི་གེ་ནས་བཟུང་ཚིག་བརྗོད་བར་ཆ་ཐམས་ཅད་ནས་དཔྱད་པ་བྱས་ཁུལ་ཡིན་ཞིང༌། བོད་སྐད་ལ་ཉམས་ཞིབ་གནང་མཁན་ཚོར་དཔྱོད་པའི་སྒོ་ལྟ་བུ་ཞིག་ཏུ་འགྱུར་རེ་ཡོད། རིང་མིན་དཔེ་དེབ་འདི་དཔར་སྐྲུན་ཡོང་རྒྱུ་དང༌། བོད་སྐད་དུ་ཡང་འགོད་རྩིས་ཡོད།། །།

རྒན་རྡོ་རྗེ་དབང་ཕྱུག་ནས་མཐུན་འགྱུར་གནང་།