སྒོ་སྟོན་གཡུང་དྲུང་ཉི་རྒྱལ་གྱི་རང་སྐྱོན་འདོན་ཐབས་དང་ཉམས་རྟོགས་ཀྱི་མགུར་མ།

2012030511404499དེ་ཡང་མཁན་ཆེན་བསོད་ནམས་བློ་གྲོས་ཀྱི་བཀའ་བབས་ཐུགས་སྲས་མཆོག་དམ་པ་གཡུང་དྲུང་ཉི་རྒྱལ་དེ་ཉིད་ཡིན་ཅིང༌། ཉིད་ཀྱིས་གསུངས་པའི་རང་སྐྱོན་འདོན་ཐབས་དང་ཉམས་རྟོགས་ཀྱི་མགུར་འདི་སྐད་དོ། རྗེ་དྲིན་ཆེན་མཉམ་མེད་ཆེན་པོ་དང༌། དབྱེ་རུ་མེད་པའི་བཀའ་དྲིན་ཅན། ཚེ་དབང་དངོས་བྱོན་གཡུང་ཚུལ་དང༌། སྟོང་རྒྱུང་མངོན་བྱོན་བསོད་བློ་དང༌། པད་འབྱུང་མངོན་སྣང་བསོད་ཡེ་གསུམ། དུས་ཀུན་སྤྱི་བོར་རྟག་ཏུ་བཞུགས། མཁྱེན་པའི་སྤྱན་གྱིས་ངང་ལ་གཟིགས། ངའི་བདེན་གཏམ་དགོངས་ནས་རྒྱབ་བརྟེན་མཛོད། རྫུན་སྨྲ་རེད་ན་མཐོལ་བཤགས་འབུལ། དཔང་པོ་བླ་མ་ཁྱེད་ཀྱིས་མཛོད། ང་ངེས་མེད་སྤྲང་འཁྱམས་མགོ་དཀར་བས། མགོ་དཀར་དུས་སྨྲ་བ་འཕྱིས་སོང་ཡང༌། དུས་མ་རན་གོང་གི་རྫུན་གཏམ་དེ། གཞན་དག་མགོ་སྐོར་བྱས་པ་ལ། ཉེས་མིག་ཡོད་དོ་ཆེ་མནོས་དོར། སྨྲ་བསམ་སེམས་ལ་ཤར་དུས་སྨྲ། ང་སྔོན་ཚེ་རྟག་གཟིགས་འོལ་གླིང་དུ། ལྷོ་ཤར་བདུད་འདུལ་སྔགས་གླིང་དེར། ཁྲོ་བོ་ཁྲག་འཐུང་རོལ་པ་ཡི། མངའ་བདག་དེ་ནས་ད་ལྟའི་བར། མངོན་གྱུར་སྐྱེ་བ་དགུ་ཙམ་ཤེས། རབ་རིབ་ཀྱི་འཁྲུལ་སྣང་མང་དུ་ཡོད། ཡོད་དེ་མགོ་དཀར་བས་མི་བཤད། དུས་ཀྱི་སྐབས་མཚམས་འདི་ཙམ་ལ། ཕར་བལྟས་ཚེ་ཀུན་ལ་ཡིད་རེ་ཆད། ཁྱཻད་བླ་མ་རྣམས་ལ་ཡིད་རེ་ཆད། བླ་མ་ལ་ཡིད་རེ་མི་ཆད་རྒྱུའི། ཕ་མེས་ཀྱི་རུས་གོག་དྲིན་རེ་ཙམ། བསླབ་གསུམ་གྱི་སྡོམ་པ་ངོ་སྲུང་ཙམ། རྒྱུད་གསུམ་གྱི་ཡོན་ཏན་ཟད་ཤེས་ཙམ། མི་མཁྱེན་པ་ལ་མཁྱེན་ལོ་བྱེད། བློ་ཕུག་ནོམ་པ་ཅན་ལ་གཏད། ཚེ་ཕྱི་མའི་འཁུར་པོ་ཡ་རེ་ང༌། སྡིག་འདྲེས་ཀྱི་མགོ་སྐོར་སྙིང་རེ་འདར། རང་གཞན་གྱི་གོ་ན་ཁ་ར་བརྡཡིན། ཁྱེད་སྒོམ་ཆེན་རྣམས་ཀྱང་ཡིད་རེ་ཆད། སྒོམ་ཆེན་ལ་ཡིད་རེ་མི་ཆད་རྒྱུའི། ཐེག་ཆེན་གྱི་བཀའ་རྒྱ་མང་པོ་བཤིགས། རང་སེམས་ཀྱི་རྩ་བ་མ་ཆོད་ཀྱང༌། ཟོག་ཟོལ་གྱི་རི་ཁྲོད་དབེན་གནས་བརྟེན། གཡེང་བས་མི་ཚེ་ནི་འགྲོ་བྱེད། རྒྱུན་ཁྱེར་གྱི་ཤུགས་འབྱུང་མི་རྟོགས་པར། ཐུན་སྒོམ་གྱི་སྡུག་བརྩིར་བཙོན་རྭ་འཛིན། གཉུག་མའི་རང་ས་མ་ཟིན་པར། ཞི་གནས་ཀྱི་རྩི་ལ་ཆགས་ཞན་བྱེད། རང་ཉིད་གར་འགྲོ་མི་ཤེས་པར། གཞན་ལ་ཟབ་ཁྲིད་འཆད་ལོ་བྱེད། ཤི་བའི་ད྄ུས་ལ་ཡ་རེ་ང༌། རང་གཞན་ཀུན་ལ་གོ་ན་ཁ་ད་ཡིན། ཁྱེད་མཁས་པ་རྣམས་ལ་ཡིད་རེ་ཆད། མཁས་པ་ལ་ཡིད་རེ་མི་ཆད་རྒྱུའི། རྒྱ་ཆེན་གྱི་ཐོས་བསམ་མི་སྦྱོང་པར། སྣ་རེ་ཤེས་དུས་མཁས་གཏམ་བྱེད། གཞུང་ལུགས་ཀྱི་དགོངས་པར་མི་བསྟན་པར། རང་འདོད་ཀྱི་སྣང་བ་ཅི་དགར་བྱེད། སྔོན་བྱོན་གྱི་ལུང་མཐུན་མི་བྱེད་པར། རྗེས་འཇུག་ལ་མགོ་སྐོར་ཅི་ཐུབ་བྱེད། བླུན་པོའི་གསེབ་ཏུ་མཁས་གཏམ་བྱེད། མཁས་མང་གི་ནང་དུ་ཡ་རེ་ང༌། སྨྲ་ལྕེ་ཐུང་བ་སྙིང་རེ་འདར། རང་གཞན་ཀུན་གོ་ན་ཁ་ད་ཡིན། ཁྱེད་དྲང་བཙུན་རྣམས་ལ་ཡིད་རེ་ཆད། བཙུན་པ་ལ་ཡིད་རེ་མི་ཆད་རྒྱུའི། རྩ་སྡོམ་ལ་གར་སོང་མི་རིག་པར། ཡན་ལག་སྣ་རེའི་མི་ངོ་སྲུང༌། སྡིག་བཅུ་བྲལ་མེད་མི་ཚོར་བར། གོས་དམར་གྱི་དཀོར་ཟས་ཅི་རག་བྱེད། རང་སེམས་དཔང་པོར་མི་བཞག་པར། གོ་མཐོང་གི་མི་ཁ་ཕོག་དོན་བྱེད། རྒྱུ་ནོར་གྱི་སྟེང་དུ་ཕྱིན་པའི་དུས། གྲི་མཚོན་གཉིས་ལ་ཉམས་མི་ང༌། མཛེས་མ་ཡི་རྩ་རུ་ཕྱིན་པའི་དུས། འཁོར་བའི་འདམ་རྫབ་ཡིད་མི་དྲན། གོས་དྲུག་གི་ཁ་དོག་ཡ་རེ་ང༌། ཁས་བླང་དྲན་ཚེ་སྙིང་རེ་འདར། རང་གཞན་ཀུན་གོ་ན་ཁ་ད་ཡིན། ཁྱོད་དཔོན་པོ་རྣམས་ལ་ཡིད་རེ་ཆད། དཔོན་པོ་ལ་ཡིད་རེ་མི་ཆད་རྒྱུའི། ཡེ་སྲིད་རྒྱལ་པོའི་བསྐོས་པ་ཡི། ཁྲིམས་གཉིས་གསེར་གྱི་གཉའ་ཤིང་འདི། སླང་འཇོག་འགལ་མེད་མི་བྱེད་པར། དབང་ཆེན་དེ་ལ་བརྟེན་བརྟེན་ལ། ཕྱོགས་རིས་དེ་ལ་སོང་སོང་ནས། རྒྱུ་ནོར་དེ་ལ་ཉག་ཉག་ནས། སྡིག་ལས་དེ་ལ་འབག་འབག་ནས། ཉམས་ཆུང་དེ་ལ་མནར་མནར་ནས། ཐར་དུ་རེ་བ་ག་ལ་མཆིས། ཞུ་ཕོད་དེ་འདྲ་ད་མི་བྱེད། ཁྱོད་གྲོང་མི་ཀུན་ལ་ད་ཡིད་ཆད། ཕོ་རྣམས་སྡིག་ལས་ཅི་ཐུབ་བྱེད། མོ་རྣམས་བསླུ་བྲིད་ཅི་ཐུབ་བྱེད། སྡིག་ཕྲུག་མང་པོའི་སྡིག་སྣོན་དང༌། བསད་བཅད་མང་པོའི་ལེ་ལན་བསད། དེ་ཚེ་རྒྱུ་ཟས་མང་པོ་དེ། མགོ་དཀར་ང་ཡིས་ཟོས་ནས་ཡོད། རྒྱུ་ནོར་གྱི་ལན་ཆགས་ཅི་བྱེད་བསམ། ཡིད་འབྲལ་མེད་མན་རེ་བླ་མ་མཁྱེན། ངས་རྒྱུ་ནོར་བཏང་ས་ནོར་བ་མེད། སྡིག་ཅན་ངས་འདྲེན་ཟེར་བ་ཡི། ཁ་ཆད་ལག་འཐེན་ངས་མ་མྱོང༌། ང་དང་འདྲ་བའི་མགོ་སྐོར་མཁན། གལ་ཏེ་ཡོད་ན་འགྱོད་པར་མཛོད། ཧ་ཧ། ཁྱོད་སྙིང་འདྲ་རྣམས་ལ་སྙིང་གཏམ་ཞུ། སྙིང་གཏམ་དགོངས་པས་མ་ཁྲེལ་ཅིག ང་སྐམ་རིགས་ཀྱི་ཐོས་ཆུང་ཙ་ཝེར་བདག ནད་ཀྱི་གདུང་བ་མང་པོ་ཡོད། ལུས་དབང་པོ་འདི་ཆད་ལྷག་མེད་མོད་ཀྱང༌། རྒས་གུད་གཉིས་ཀྱི་ནད་ཀྱིས་གདུང༌། སེམས་རྣམ་དཀར་འདི་གཡོ་རྒྱུ་མེད་མོད་ཀྱང༌། ཁ་མང་སེམས་ཆུང་ནད་ཀྱིས་གདུང༌། བསམ་བཟང་འདི་ཕྱི་ནང་མེད་མོད་ཀྱང༌། མི་ཁ་མ་ཆོད་ནད་ཀྱིས་གདུང༌། འདུལ་ཁྲིམས་འདི་འགལ་བ་མེད་མོད་ཀྱང༌། ཤ་ཆང་མ་སྤང་ནད་ཀྱིས་གདུང༌། གསང་སྔགས་འདི་རྟགས་ལྡན་སྒྲུབས་མོད་ཀྱང༌། སྡིག་ལ་སྐྲག་པའི་ནད་ཀྱིས་གདུང༌། རྟོགས་པ་རང་ས་ཟིན་མོད་ཀྱང༌། ཙོག་ཙོག་མ་བསྡད་ནད་ཀྱིས་གདུང༌། ཡོན་ཏན་འདི་ཁུང་ཐུབ་ཡིན་མོད་ཀྱང༌། བཀུར་བཀྱག་མེད་པའི་ནད་ཀྱིས་གདུང༌། རང་ཤེས་འདི་ཐ་མ་ཞིག་ཡིན་མོད་ཀྱང༌། མི་ངོ་མ་ཆོག་ནད་ཀྱིས་གདུང༌། ཐམས་ཅད་ང་ལ་ཚངས་གྱུར་ཀྱང༌། རྗེས་འཇུག་མེད་པའི་ནད་ཀྱིས་གདུང༌། གདུང་བ་དེ་ལ་ཡིད་ཆད་མེད། སྨྱོ་གཏམ་དེ་འདྲ་ད་མི་བྱེད། ངས་གསོལ་བ་བླ་མ་དེ་ལ་འདེབས། སྙན་སྒྲུབ་ཡི་དམ་དེ་ལ་བྱ། ཉམས་ལེན་རང་སེམས་དེ་ལ་བྱ། ངོ་སྲུང་སྡིག་ལས་དེ་ལ་བྱ། དོན་དག་ཕྱི་མ་དེ་ལ་འབད། རང་ལ་ཅི་དགོས་རང་གིས་ཤེས། ཅི་དགོས་རང་གིས་མ་ཤེས་ཤིང༌། གཏམ་དང་མི་ཁ་རྣ་སྙན་དང༌། འཇིག་རྟེན་གྲགས་པས་ཚེ་ཟད་ན། བུ་དེ་ལ་མདོ་མེད་ཡིན་འདུག་བསམ། དལ་འབྱོར་ཐོབ་ཀྱང་དབང་མེད་འདྲ། དེ་རྣམས་ཐམས་ཅད་ང་ཡི་སྐྱོན། ང་ཡི་སྐྱོན་དང་འདྲ་བ་ཡི། གང་ཟག་ཡོད་ན་བསམ་ཞིག་མཛོད། ཧ་ཧ།། རྗེ་བླ་མ་གཡུང་དྲུང་ཚུལ་ཁྲིམས་དེ། སྙིང་རྩེ་ཏའི་དཀྱིལ་དུ་བཞུགས་པ་ལ། ཞུ་ས་བླ་མ་ཁྱོད་ལ་ཞུ། ངས་དང་པོ་ཉམས་སུ་ལེན་པའི་དུས༌། ལུས་གནད་བསྲང་ནས་རང་སེམས་དེ། ལུས་སྦྲིད་ཅིང་འདར་བའི་ཐ་ལེ་བ། སེམས་ཀྱང་དེ་ཡི་ནང་དུ་འཐམ། ཅི་ཚོར་འདི་ཚོར་མེད་པ་ཡི། དབང་མེད་ངལ་དུབ་བཏང་བ་འདྲ། དེ་བཞིན་གྱི་ཞི་གནས་ཨེ་ཡིན་བསམ། དེ་ལ་ཡུན་རིང་སྦྱོང་བའི་ཚེ། ལུས་སེམས་གཉིས་ཀ་འདྲེས་པ་འདྲ། ལུས་ཀྱང་བདེ་དང་ལྷན་ནེ་བ། སེམས་ཀྱང་བན་ནེ་བུན་ནེ་བ། རི་བོ་ན་བུན་གྱིས་གཏུམ་པ་འདྲ། དེ་ཁོར་ཡུག་གི་ཞི་གནས་ཨེ་ཡིན་བསམ། དེ་ལ་ཡང་ཡང་བསྡད་པའི་ཚེ། སེམས་ཅི་དྲན་འདི་དྲན་མེད་པ་ཡི། ཡུན་ཅི་ལྟར་སོང་སྡོད་པ་ཡི། ཡུར་ཆུ་ཆད་པའི་རང་ཐག་འདྲ། དེ་མཐར་ཐུག་གི་ཞི་གནས་ཨེ་ཡིན་བསམ། བླ་བའི་ངོ་སྤྲོད་གོ་བ་བསྐྱེད། ཡང་ནས་ཡང་དུ་རྩ་བཅད་དུས། རང་སེམས་གསེར་མིག་གི་ཉ་མོ་དེ། ཀུན་གཞི་མཚོ་ལ་ཀྱུར་ཀྱུར་འགྱུ། བཀག་པའི་མི་ཁོག་ཀུན་ཏུ་རྒྱུག བཟུང་བས་མི་ཟིན་ཆུ་ཟླ་འདྲ། བཞག་སར་མི་འདུག་རླུང་པོ་འདྲ། བཏང་སར་མི་འགྲོ་རང་གྲིབ་འདྲ། རྒྱང་ནས་སྲུང་ན་དལ་ལེ་བ། དྲུང་དུ་འདུག་ན་བྲེལ་ལེ་བ། ཡང་ཡང་བསྟས་ན་སལེ་བ། དེ་ལྷག་མཐོང་ངོ་འཕྲོད་ཨེ་ཡིན་བསམ། དེ་ལ་ཡང་ཡང་སྐྱོང་བའི་ཚེ། དྲན་པ་རི་གཟར་གྱི་ཆུ་འབབ་འདི། ཆུ་བོ་ཀླུང་དུ་དལ་བ་འདྲ། དགའ་བདེའི་སྣང་བ་སྔར་མེད་ཤར། གནས་པའི་གཞི་དེ་འགྱུ་བས་ཟིན། འགྱུ་བའི་སེམས་དེ་རིག་པར་ཤར། རིག་པ་གཉིས་མེད་ཐིག་ལཻ་གཅིག དེ་མཉམ་བཞག་སྒོམ་པའི་འབྲས་བུར་བཟུང༌། གསལ་ཞིང་དངས་བའི་ཀུན་གཞི་ལ། ཕྲ་ཞིང་ཞིབ་པའི་འགྱུ་བ་ཟིན། སྒོམ་དུས་གསལ་ཞིང་སྐབས་རེར་སྒྲིབ། ཐུན་སྒོམ་དང་པོ་ཨེ་ཡིན་བསམ། རྒྱ་མཚོ་ལྟ་བུའི་ཀུན་གཞི་ལ།  ཞིང་རློབ་པའི་འགྱུ་བ་དེ། སྔར་བས་ཅུང་ཟད་དལ་དུ་སོང༌། སྒོམ་པའི་དུས་སུ་ནམ་ཡང་གསལ། དེ་ཐུན་སྒོམ་འབྲིང་པོ་ཨེ་ཡིན་བསམ། བདེ་སྡུག་གི་རྟོག་པ་ཅི་ཤར་ཡང༌། དེ་ཡི་ངོ་བོར་ཀུན་གཞིར་གྲོལ། སྣང་བ་ཐམས་ཅད་སྒྱུ་མར་རིགས། ཆགས་ཞན་གྱི་མདུད་པ་གྲོལ་ཉམས་ཤར། མ་སྒོམ་ན་ཡང་དུར་དུར་འོང༌། དེ་ཐུན་སྒོམ་ཆེན་པོ་ཨེ་ཡིན་བསམ། ཐུན་སྒོམ་རབ་འབྲིང་ཐ་གསུམ་དེ། སེམས་རྩེ་གཅིག་ཡེངས་མེད་སྐྱོང་དགོས་པ། རྩེ་གཅིག་ཟེར་བ་ཨེ་ཡིན་བསམ། དེ་དང་ཡུན་རིང་འགྲོགས་ཙམ་ན། འཁྲུངས་བའི་འཁྲུལ་པའི་ནང་ནས་སྒོམ་པ་ཤར། རྒྱུག་མཆོང་འགྲོ་འདུག་ཟ་ཉལ་དང༌། གཏམ་གླིང་བཟས་བརྗོད་ཚིག་རྩུབ་དང༌། མནོ་བསམ་དུག་ལྔ་གང་ཤར་ལ། རྩོལ་བས་བསེ་དུས་འདྲེས་པ་དེ། ངང་སྒོམ་དང་པོ་ཨེ་ཡིན་བསམ། གྲོགས་སུ་ཤར་ཞིང་ལྷག་གི་ཟིན། གཉུག་མའི་ངང་ལ་འདུ་བྲལ་གནས། རྩུབ་མོའི་རྨི་ལམ་རང་ངོ་ཟིན། ངང་སྒོམ་ཆེན་པོ་ཨེ་ཡིན་བསམ། ཡང་ནས་ཡང་དུ་སྐྱོང་བའི་ཚེ། ཀུན་གཞི་བར་སྣང་ལྟ་བུ་ལ། འགྱུ་བ་གཞའ་སྤྲིན་དངས་བ་འདྲ། རི་རྒྱལ་རྩེ་མོའི་ལྟད་མོ་འདྲ། རིག་པ་རང་གྲོལ་ཕྱོགས་རིས་མེད། དེ་ལ་སྤྲོས་བྲལ་ཨེ་ཡིན་བསམ། དེ་ཡུན་རིང་གོམས་ཤིང་འདྲིས་པའི་ཚེ། ཉིན་སྣང་སྣ་ཚོགས་ལམ་དུ་ཁྱེར། མཚན་སྣང་སུམ་ཆ་ཙམ་ལ་འདྲེས། ངོ་བོ་རང་གི་རང་འཚོ་བྱེད། བདེ་སྟོང་གསལ་བའི་ཉམས་ཐམས་ཅད། སྔར་ལྟར་མ་ཡིན་ཁྱད་པར་ཆེ། བསྟས་པས་མཐོང་ལ་དགོས་དུས་སླེབས། བཏར་སར་འགྲོ་ལ་བཞག་སར་འདུག རིག་པ་རང་དབང་རང་ལ་འཆར། སངས་རྒྱས་ཀྱི་དགོངས་པ་སྐྱེས་འདུག་བསམ། དེ་ཀློང་སྒོམ་ཆུང་ངུ་ཨེ་ཡིན་བསམ། དེ་ལ་སོ་བས་བྱ་ར་སྒྲིམ། ཡང་ནས་ཡང་དུ་ག་དར་བྱས། མ་ཡེངས་རིག་པ་རྩིས་ཀྱིས་བཟུང༌། སྐབས་རེ་འབོལ་ལེ་ཤིག་གེ་ལྷོད། དེ་དུས་བསམ་དྲན་སྣ་ཚོགས་འདི། སེམས་ཉིད་རྒྱ་མཚོའི་ཀློང་དུ་ཐིམ། ཆུ་བྲན་དང་རྒྱ་མཚོ་རོ་གཅིག་ལྟར། ཕྱི་ཡི་འཇིག་རྟེན་སྣང་བ་ཀུན། རང་སེམས་འཁྲུལ་པའི་རང་སྣང་དང༌། ནང་གི་སངས་རྒྱས་སྐུ་གསུམ་ཡང༌། རང་སེམས་རྟོགས་པའི་ངོ་བོ་འདྲ། ཡིན་པར་ཤེས་ཏེ་རྒྱུད་ལུང་ལ། དྲང་དོན་གྱིས་བཤད་བྱ་ཐམས་ཅད་དུ། རིགས་དྲུག་རང་གནས་སོ་སོ་ལ། དེ་ལ་སྦྱོང་ཚད་སོ་སོར་སྣང༌། རྒྱུ་འབྲས་ཀྱི་སྤང་བླང་འདི་གཅེས་པར་འདུག ངེས་དོན་གྱི་ངོ་སྤྲོད་ཐམས་ཅད་དུ། རིས་དྲུག་བར་དོའི་སྡུག་བསྔལ་ཀུན། རང་སེམས་འཁྲུལ་པའི་སྣང་བར་འདུག རང་སེམས་ཀ་དག་ཀུན་ཏུ་བཟང༌། སངས་རྒྱས་རང་ཉིད་དམར་ཐག་བཅད། ངང་དང་རང་བཞིན་བདག་ཉིད་གསུམ། ཀ་དག་ལྷུན་གྲུབ་གཉུག་མ་ཡི། གནས་ལུགས་དེ་ཡིན་གཞན་མ་མེད། དྲང་ངེས་ཀྱི་དགོངས་པ་ཐམས་ཅད་ལ། བོན་སྐུ་གསུང་ན་གཟུགས་སྐུ་རྫུན། གཟུགས་སྐུས་གསུངས་ན་བོན་སྐུ་རྫུན། བྱིས་པའི་ཡུང་ནང་འདམ་ཁ་ལྟར། ཐོས་ཆུང་མགོ་སྐོར་གཏན་དུ་སྤང༌། དང་པོ་རྒྱུ་འབྲས་སྤང་བླང་མཛོད། དེ་ནས་ཐོས་བསམ་ཡོན་ཏན་སྦྱངས། དེ་ནས་བསྙན་སྒྲུབ་ཀྱི་རྟགས་ཚད་ཐོན། བཞག་པར་རང་སེམས་ཀྱིས་འཚོ་སྐྱོང་མཛོད། ལས་དེ་ལ་མཐར་ཕྱིན་བྱུང་ཙམ་ནས། བསླུ་བ་མེད་དོ་ཕྱི་རབས་རྣམས། ང་ཐོས་ཆུང་དྲུང་མུ་ཙ་ཝེར་གྱིས། འདི་འདྲ་ཡིག་རིས་བྲིས་པ་འདི། རྒྱུད་ལུང་མང་པོའི་དཔེ་མཐུན་མིན། གཞན་གྱི་ཁ་ཟེར་བསྒྲུག་པ་མིན། རང་གི་དཀའ་ལས་བྱས་ཚུལ་ཡིན། རང་སེམས་འདི་ལ་ཤར་ཚུལ་ཡིན། བདེན་ནམ་དགོངས་ན་གཟིགས་རྟོགས་མཛོད། མི་བདེན་དགོངས་ན་རས་སུ་བོར། ཡང་ནས་ཡང་དུ་ཉམས་ལོངས་དང༌། རང་སེམས་དེ་དང་མཐུན་པ་ཡོད། ཡུན་རིང་རྒྱུན་སྐྱོང་བྱེད་མི་ཡི། རྟོགས་པ་དེ་དང་མཚུངས་པ་ཡོད། ཐོས་ཆུང་རང་གི་བསམ་པ་ལ། དུས་ད་རེས་འཁོར་ནས་འཁོར་ཅིག་རེད། དུས་ད་རེས་ཐར་ན་ཐར་ཅིག་རེད། དུས་ད་རེས་ཕམ་ན་ཕམ་ཅིག་རཻད། དུས་ད་རེས་རྒྱལ་ན་རྒྱལ་ཅིག་རེད། དུས་ད་རཻས་འབྲས་བུ་མ་འགྲུབ་ན། དལ་འབྱོར་ཚངས་པའི་སྐལ་ལྡན་ཞིག་ཡང་ཡང་འཐོབ་ཏུ་རེ་བ་དེ། བྱིས་སྦས་འཇའ་ཚོན་དད་པ་འདྲ། རང་ཉིད་མ་གཏོགས་སངས་རྒྱས་ཞིག གཞན་ནས་མི་འདུག་སྙམས་པར་གདའ། བསམ་པ་དེ་ལ་ཁ་གཏིང་མེད། ཁ་གཏིང་མེད་པའི་དྲང་གཏམ་ཡིན། དྲང་གཏམ་དེ་ལ་བཀའ་མ་བཀྱོན། དེ་ཡན་ཆོད་ཀྱི་ཉམས་སྣང་ལ་ཡོད་ཚུལ་དེ། ལན་རེ་བག་རེ་གསར་སྙམས་འདུག ལན་རེ་སྐབས་རེ་འགྲིབ་སྙམས་འདུག ཉམས་ལེན་གཏན་འཁེར་མ་བྱུང་བར། ཁ་ནས་ཐོན་ཐོན་ངས་མ་བྲིས། སྐྲག་པ་གསུམ་ལ་དོགས་ནས་བཞག དབྱིངས་ན་བཞུགས་པའི་གོང་མ་དང༌། དུག་ཧྲུལ་གྱོན་པའི་སྒོམ་ཆེན་དང༌། ཕྱོགས་མེད་འགྲིམས་པའི་རྣལ་འབྱོར་གསུམ། དགོངས་པའི་དབྱིངས་སུ་མ་ཁྲེལ་ཞུ། མཛེས་སྡུག་ཅན་གྱི་ཟོབ་རྫུ་དང༌། མི་ཆོས་ཅན་གྱི་དགེ་བཤེས་དང༌། གཡོ་སྐོར་ཅན་གྱི་དཀོར་ཟན་གསུམ། མགོ་དཀར་ང་ལ་གསོལ་བ་ཐོབ། རང་སེམས་དེ་ལ་བསམ་ཞིག་ཐོས། རྒྱུ་འབྲས་དེ་ལ་ཡིད་ཆེས་མཛོད། ཧ་ཧ།། ཞེས་གསུངས་སོ།
མགུར་མ་འདི་ནི་སྨན་རིའི་མཁན་པོ་ཉེར་གསུམ་པ་སྒོ་སྟོན་ཉི་མ་བསྟན་འཛིན་གྱི་རང་རྣམ་ལས་དྲངས་པ་དགེ་གྱུར་ཅིག

3,224 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།