གཡུང་དྲུང་བོན་གྱི་དྲྭ་རྒྱ།

བྲུ་ཡི་བདག་ཉིད་རྗེ་བཙུན་ཆེན་པོ་རྒྱལ་བ་གཡུང་དྲུང་ལ་བསྟོད་པ་ཡིད་བཞིན་ནོར་བུའི་ཕྲེང་བ་བཞུགས་སོ།

IMG_2341ཨེ་མ་ཧོ། རྒྱལ་བའི་རྒྱལ་ཐེབ་ཇི་སྙེད་འགྲོ་བའི་མགོན། ཇི་མཛད་ཐབས་ལ་མཁས་པའི་གཙུག་གི་རྒྱན། བསླབ་གསུམ་དབང་ཕྱུག་མཉམ་མེད་རིན་པོ་ཆེ། བསྟན་པའི་བདག་ཉིད་རྗེ་བཙུན་མོས་པས་བསྟོད། རྣམ་དག་ཐུགས་ཉིད་ཇི་སྙེད་མངོན་དུ་མཁྱེན། བརྩེ་བས་སྤྱན་གྱིས་འགྲོ་ཀུན་རྒྱུན་དུ་གཟིགས། ཚངས་པའི་དབྱངས་ཀྱིས་བོན་སྒོ་མཐའ་དག་སྟོན། ཐུགས་རྗེའི་བདག་ཉིད་རྗེ་བཙུན་ཞབས་ལ་འདུད། གཡུང་དྲུང་བོན་བསྟན་དར་རྒྱས་མཛད་པའི་ཕྱིར། བྲུ་ཡི་གདུང་ལས་དལ་འབྱོར་སྐུ་འཁྲུངས་ཤིང༌། བཀའ་བ་དུ་མས་ལྷ་མིར་བསྟན་པ་སྤེལ། བསྟན་པའི་སྲོག་ཤིང་མཛད་ལ་གུས་ཕྱག་འཚལ། མཁས་བཙུན་དོན་ལྡན་ཚུལ་ཁྲིམས་ཡེ་ཤེས་སོགས། དུ་མི་ཞལ་འདྲེམ་ཐུགས་ཟིན་ཐུགས་བཅུད་ལེན། ཤེས་པའི་རྒྱུད་སྦྱང་ཤེས་རབ་སྤྱན་དང་ལྡན། མཁས་པ་ཕུལ་དུ་ཕྱིན་ལ་གུས་ཕྱག་འཚལ། འཁོར་བའི་ཉེས་སྐྱོན་མ་དག་སྤངས་ཕྱིར་དུ། བསྟན་པའི་སྲོག་ཤིང་སོ་ཐར་སྒོར་ཞུགས་ནས། ཉིས་བརྒྱ་ལྔ་བཅུ་ཚུལ་ཁྲིམས་རྫོགས་པར་བསྲུང༌། བཙུན་པའི་མཆོག་དུ་གྱུར་ལ་གུས་ཕྱག་འཚལ། གསུང་རབ་རྒྱ་མཚོར་ཐོས་པའི་རྦ་རླབས་ཀྱིས། བསམ་བྱུང་རིན་ཆེན་གླིང་ལ་ངེས་བགྲོད་ནས། བསྒོམ་བྱུང་སྙིང་པོ་ནོར་བུ་གཙུག་ཏུ་ལོན། རབ་སྒྲོལ་ཐར་པའི་གཟེངས་ལ་གུས་ཕྱག་འཚལ། གཞན་དོན་ཕྱིར་དུ་འཕྲུལ་ངག་བདེན་པའི་བོན། ཉིན་མཚན་ཀུན་ཏུ་འཆད་རྩོད་རྩོམ་ལ་སོགས། བཀའ་ཡི་འཁོར་ལོ་གདུལ་བྱ་འདུལ་བར་མཛད། གཞན་དོན་ཐུགས་བརྩེ་ལྡན་ལ་གུས་ཕྱག་འཚལ། ལྷག་པའི་དོན་དམ་ལྷག་པའི་ཀུན་རྫོབ་ཀྱི། ཉེ་ལམ་རྨད་འབྱུང་བསྐྱེད་རྫོགས་ཟུང་འབྲེལ་ལ། འདུ་འབྲལ་མེད་པར་འགྲོ་བའི་དོན་ལ་བརྩོན། ཟབ་མོའི་གསང་སྔགས་འཛིན་ལ་གུས་ཕྱག་འཚལ། ཐམས་ཅད་མ་ལུས་ཉག་གཅིག་དོན་ལ་འདུས། ལྟ་བ་མཐའ་བྲལ་སྤྱོད་པ་བླང་དོར་བྲལ། བསྒོམ་པར་དྲི་བྲལ་འབྲས་བུ་རང་ལ་སྙེད། སེམས་ཉིད་མངོན་དུ་སྟོན་ལ་གུས་ཕྱག་འཚལ། འཕྲིན་ལས་མི་ཟད་རྒྱ་མཚོའི་ཀློང་ཡངས་ནས། ཡོན་ཏན་མི་ཟད་ནོར་བུའི་མཛོད་འཛིན་ཅིང༌། ལུང་རིག་མི་ཟད་བསྟན་པའི་འབྲུག་སྒྲ་སྒྲགས། བདེ་ལེགས་ཀུན་འབྱུང་ཁྱེད་ལ་གུས་ཕྱག་འཚལ། དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་མོས་པའི་འབུལ། ངན་སོང་འཁོར་བའི་རྒྱུ་གྱུར་གནོང་བས་བཤགས། རྨད་བྱུང་མཛད་སྤྱོད་དགེ་ལ་བདག་ཡི་རངས། འགྲོ་རྣམས་ཐུགས་རྗེའི་བཟུངས་ལ་གསོལ་བ་འདེབས། འདི་བསྟོད་བསོད་ནམས་འགྲོ་ཀུན་སྒྲོལ་ཕྱིར་བསྔོ། ཕྱོགས་བཅུ་ཀུན་ཏུ་བདེ་ལེགས་རྒྱས་པར་ཤོག །

བྲུ་བདག་ཉིད་རྗེ་བཙུན་གྱི་བསྟོད་པ་བདུད་རྩི་ཆུ་རྒྱུན་ཞེས་བྱ་བ་འདི་ནི་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་གྱིས་དཔལ་ལྡན་མཁར་སྣའི་དགོན་དུ་སྦྱར་བ་དགེ།