མདོ་སྔགས་སེམས་གསུམ་གྱི་ལྟ་བའི་བསྡུས་དོན་དཔོན་གསས་བླ་མའི་ཞལ་ལུང་།

IMG_7057གཙང་ཚ་དགེ་བཤེས་གཡུང་དྲུང་གཙུག་ཕུད།

ཡིན་ལུགས་མ་བཅོས་སྤྲོས་བྲལ་བོན་གྱི་སྐུ། །སྣང་བ་མ་འགག་ཕུན་ཚོགས་རྫོགས་པའི་སྐུ། །ཤར་ཚུལ་མ་འདྲེས་སྣ་ཚོགས་སྤྲུལ་པའི་སྐུ། །སྐུ་གསུམ་བདག་ཉིད་གཤེན་རྒྱལ་ཞབས་ལ་འདུད། །མཐའ་ཡས་མ་རྣམས་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་བའི་གཟིངས་ཆེན་སྤང་སྒྱུར་གྲོལ་གསུ་སྡེ། །འཛིན་སྐྱོང་སྤེལ་མཛད་མཁན་སློབ་ཉི་ཟླ་ཟུང་། །མགོན་ཁྱེད་སྲིད་མཐའི་བར་དུ་བཞུགས་པར་གསོལ། །མདོ་སྔགས་སེམས་གསུམ་གདམས་པའི་མཚོ་ཆེན་ལ། །བདག་བློ་ཙ་མོས་གཏིང་ཚད་མི་དཔོག་ཀྱང་། །ཐོས་བསམ་ཡུན་དུ་བྱས་པའི་འདབ་ཟུང་གིས། །ཅི་དགར་འཁྱུག་པའི་ཉམས་འགྱུར་ཅུང་ཞིག་སྟོན། །

དེ་ཡང་མདོ་གཟི་མིག་ལས། སྤྱིར་ན་སེམས་ཅན་གྱི་ལས་ཀྱང་བསམ་གྱིས་མི་ཁྱབ་སྟེ་གྲངས་མང་ངོ་། །འཇིག་རྟེན་གྱི་ཁམས་ཀྱང་བསམ་གྱི་མི་ཁྱབ་སྟེ་གྲང་མང་ངོ་། །སྟོན་པའི་བཀའ་ཡང་གྲངས་མང་སྟེ་བསམ་གྱིས་མི་ཁྱབ་བོ། །ཞེས་གསུངས་པ་ལྟར། གདུལ་བྱ་སེམས་ཅན་གྱི་ཁམས་དང་དབང་པོ་མི་འདྲ་བ་བསམ་གྱིས་མི་ཁྱབ་ཅིང་གྲངས་མང་ བས་འདུལ་བྱེད་སངས་རྒྱས་ཀྱི་བཀའ་ཡང་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་པས་འདི་ཞེས་ ཚད་དང་ངེས་བཟུང་མེད་ཀྱང་། བྱེ་བྲག་དུ་བཤད་པར་བྱ་བ་ནི། བསྐལ་པ་ལ་བརྗོད་བྲལ་གྲངས་སུ་མི་བཟུང་བ་དང་བཟུང་བགཉིས་ལས་བཟུང་ལའང་སངས་རྒྱས་ བྱོན་པ་སྣང་བ་དང་མ་བྱོན་མུན་པ་ཞེས་སྣངམུན་ཆ་ཕྱེ་བའི་ཆེན་པོ་བཞི་བཅུ་ལ་སྡོམ་ རྩིས་བྱས་པའི་སྣང་མུན་བརྒྱད་ཅུའི་ནང་ནས་འདི་ཡན་མུན་སྣང་བསྐལ་པ་ཉི་ཤུ་འདས་ ནས་ད་ལྟ་ངོ་ཐོག་ཉེར་གཅིག་པ་སྒྲོན་བསྐལ་ཁྱད་འཕགས་ཁུག་ཆེན་དོན་བཟང་ཞེས་པ་ སྒྲོན་བསྐལ་བཅུ་བདུན་ནང་ནས་སྔར་འདས་བཅུ་དྲུག་སངས་རྒྱས་ཁྲི་དང་དྲུག་སྟོང་ བྱོན་ཟིན་ནས། ད་ལྟ་མུ་རྒྱུང་གི་བསྐལ་པ་འདི་ལ་སངས་རྒྱས་སྟོང་བྱོན་པའི་སྐབས་ཐོག་མར་སྟོན་པ་ རབ་དགུའི་ནང་ཚན་རྣམས་འདྲེན་བརྒྱད་པ་གཤེན་རབ་མི་བོཀུན་ལས་རྣམས་པར་རྒྱལ་བ་ མཆོག་ཚེ་ལོ་བརྒྱ་པའི་སྟོན་པར་བྱོན་ནས་མཛད་ཆེན་བཅུ་གཉིས་སྒོ་ནས་ཉོན་མོངས་ བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་པོན་སྒོ་བརྒྱད་ཁྲི་བཞི་སྟོང་། དུག་ལྔའི་གཉེན་པོ་སྒོ་བཞི་མཛོད་ལྔ་དུག་གསུམ་ལ་ཕྱི་ནང་གསང་གསུམ། རིག་པ་དང་མ་རིག་གཉིས་ལ་དྲང་དོན་དང་ངེས་དོན། འཁྲུལ་བློ་དགུ་ལ་ལྟོས་ཏེ་ཐེག་པ་རིམ་དགུ་སོགས་བཀའ་འཁོར་གྱི་མཛད་པ་ལྷག་མེད་ མཛད་ནས་རྗེས་བཞག་པ་ལ། མདོར་ན་སྤང་སྒྱུར་གྲོལ་བའི་ལམ་གསུམ་ལ་ལྟོས་ནས་མདོ་སྔགས་སེམས་གསུམ་དུ་འདུས་ པ་ཡིན།

དང་པོ་སྤང་ལམ་མདོ་ཡི་ཐེག་པ།

    རྩ་བའི་གཞུང་ཁམས་ཆེན་དང་བྱམས་འབུམ་ཆ་ལག་མེ་ལོང་དགུ་སྐོར་སོགས་ཀྱི་དགོངས་ དོན་ཐུན་མོང་མ་ཡིན་པ་བཤད་དགོས་པ་ཡིན། དེ་ཡང་ཁམས་ཆེན་དང་འབུམ་ལྔ་ནང་ཚན་ཁམས་བརྒྱད་པ་དང་། མེ་ལོང་དགུ་སྐོར་གྱི་མཚན་མ་ཀུན་བྲལ་བ་རྣམས་ཀྱི་བདེན་གཉིས་འཇོག་ཚུལ་ནི། བོན་ཐམ་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་ཁས་མི་ལེན་ཞིང་ལས་འབྲས་ཀྱི་རྣམ་ བཞག་ཐ་སྙད་ཕྲ་མོ་ཙམ་གྱི་སྟེང་ན་འཇོག་ཅིང་། ཐ་སྙད་དེ་ཡང་གདག་གཞིའི་རྟེན་འབྲེལ་རུང་མི་རུང་བལྟ་བ་དང་བདག་གཞི་དེ་ཡང་རང་ ངོས་ནས་མ་ཡིན་པར་ཀུན་རྫོབ་གཞན་ངོར་གྲགས་ཚོད་ཙམ་དུ་འཇོག་ཤེས་པ་དགོས། ཡང་རིག་ཁམས་ནས། རང་རིག་པའི་ཡེ་ཤེས་དེ་ཕྱི་ནས་ཀྱང་ཤར་བ་མ་ཡིན། ནང་ནས་ཀྱང་ཤར་བ་མ་ཡིན། རང་ལས་རང་ཤར་བའོ། །ཐེག་འགྲེལ་ལས། དེ་ལ་ཟབ་མོ་གཏམ་གྱི་དོན་དམ་ནི། གང་ཞེ་ན། སྤྲོས་པའི་མཚན་མ་ཐམས་ཅད་ཡོངས་སུ་ཆད་པས། སྐྱེ་འགག་དང་བྲལ་ཏེ་ནམ་མཁའ་ལྟར་གནས་པ། ཅི་ལྟར་ཡང་མ་གྲུབ་པ། དངོས་པོ་ཐམས་ཅདཉེ་བར་ཞི་བ། ཡང་ཞི་བ་ཙམ་ལ་མི་གནས་པའི་ཡེ་ཤེས་སོ། །ཞེས་དང་། མཁས་པ་དཔལ་ཆེན་གྱིས། ལྟ་བ་ནི་གབ་པ་དང་མཉམ་ཞེས་དང་། འགྲོ་མགོན་གྱིས་། དོན་དམ་བློ་ཡི་དཔྱོད་ཡུལ་མིན། ཞེས་དང་། རྗེ་ཡིས་རང་བཞིན་བདེན་པ་ནི་བདེན་གཉིས་ཟུང་འབྲེལ་ལོ། ཞེས་སོགས་ཀྱི་དགོང་དོན་ལ། སྣང་མེད་དུ་བཏང་ནས་ལུང་ནི་གར་དྲངས་དྲངས་ཡིན་བསམ་པ་མ་བྱས་པར་ཐུན་མིན་རང་ ལུགས་ལ་དགོངས་པ་དང་དགོང་གཞི་གང་ཡོད་པ་ཤེས་པར་བྱེད་རྒྱུ་ཤིན་ཏུ་གལ་ཆེན་དུ་མཐོང་།
ཡེ་གཤེན་བཀོད་པ་དོན་འབུམ་གྱི་དབུ་མ་ནི། དགག་བྱ་ཁེགས་ཚུལ་དང་ཐ་སྙད་འཇོག་ཚུལ་གོང་དང་མཚུངས་ཀྱང་། ཐ་སྙད་དེ་ཉིད་སེམས་དང་བདག་ཉིད་གཅིག་ཏུ་འཇོག་ཅིང་བོན་ཐམས་ཅད་སེམས་ཀྱི་བདག་ ཉིད་འདོད་པ་ཡིན། དེ་ལྟར་ཡིན་པའི་ཚུལ་ནི། བྱམས་འབུམ་རང་ལས། ཤེས་བྱ་རྣམ་པར་དབྱད་དཔྱད་ན། ཤེས་པ་ལས་ནི་གཞན་ཡོད་མིན། གཞན་མེད་ཕྱིར་ན་ཉག་གཅིག་སྟེ། དེ་ནི་རིག་པའི་ཡེ་ཤེས་སོ། །ཞེས་དང་། ཤེར་ཕྱིན་སྐབས་དང་པོའི་རྣམ་བཤད་ལས། བོན་ཐམས་ཅད་སེམས་ཙམ་དུ་སྟོན་མདོ་དེ་སམས་ཙམ་པ་དང་། ཡེ་ཤེས་པ་ལ་ངེས་དོན་དང་གཞན་རྣམས་ལ་དྲང་དོན་ཡིན་པ་ལྟ་བུའོ། །ཞེས་དང་། ཡོང་འཛིན་རིན་པོ་ཆེའི་དཀའ་ཐུབ་ཀྱི་རྣམས་བཤད་ལས་རྒྱས་པར་གསུང་ཡོད་པས། ཐུན་མིན་རང་ལུགས་ལ་ཁས་བླང་ན་ཤིན་དུ་ལེགས་པར་སེམས། ཆ་ལག་ལས་གསུངས་པའི་རོལ་པ་སྐྱེ་མཆེད་བ་ཇི་ལྟར་ཞེ་ན། དེ་ནི་མཚན་ཀུནབྲལ་དང་རིག་ཤེས་ཚད་མས་བདེན་གཉིས་དངོས་ཤུགས་ཀྱི་གཞལ་བྱ་རུང་ཙམ་ ལས་ཁྱད་པར་མ་མཐོང་བས། ཡེ་ཤེས་པ་དང་མཐུན་པར་སྨྲས་ན་འཐད་མིན་དང་། རང་ལུགས་ལ་རང་རྒྱུད་པ་ཞེས་པའི་གྲུབ་མཐའ་ཞིག་གཞུང་གང་ནས་གསལ་ཡོད་མེད་དང་ ཕྱིས་འབྱུང་མཁས་པ་རྣམས་ཀྱིས་དབུ་མ་རང་རྒྱུད་པའི་རྣམས་བཞག་བྱས་པ་དེ་དག་གཞན་ སྟེ་དང་སྒོ་བསྟུན་ཏེ་བཤད་པ་མ་གཏོགས་རང་ལུགས་ལ་བཞག་དགོས་པའི་དོན་ཡིན་མིན་ དཔྱད་པ་མཛོད།

གཉིས་པ་བསྒྱུར་ལམ་གསང་སྔགས་པ་ལ།

   སྔགས་ནང་མ་ཤིན་ཏུ་དོན་ལྡན་ནམ་ཡེ་ཤེས་ཆེན་པོའི་གཞུང་ནི། ཐེག་འགྲེལ་དང་གཟི་བརྗིད་ཡེ་ཤེས་ཐེག་པའི་གཞུང་། རིག་འཛན་དང་མཁའ་འགྲོའི་པོན་བསྐོར་རྣམས་ཡིན་ལ། ལྟ་བ་ནི་སེམས་ཉིད་མ་བཅོས་པའི་རང་བཞིན་གནས་ལུགས་རང་འབྱུང་ཡེ་ཤེས་ཞེས། ཤེས་པའི་ཡུལ་ལས་འདས་པ་སྟོང་པ་རང་གསལ་གྱི་སྙིང་པོ་ཅན་དེ་ཉིད་ལས་འབྲས་བུ་ཡེ་ ཤེས་ཀྱི་དཀྱིལ་འཁོར་དེ་དག་གཞི་ལམ་མ་འགག་བྱུང་རུང་གི་ཐ་སྙད་བྱེད་པའི་སྒོ་ནས། གྲོགས་རིམ་གཉིས་ཀྱི་འབད་རྩོལ་རྒྱུ་རྐྱེན་གྱི་རྩོལ་བ་རགས་པར་ལྟོས་ནས་གྲུབ་ མི་དགོས་པར། ཡིན་པ་ལ་ཡིན་པ་ངོ་ཤེས་པའི་ཚུལ་གྱིས་འབྲས་བུ་སྐུ་གསུམ་སྒྲུབ་པར་བྱེད་པ་ཡིན། དེ་ཡང་འབད་རྩོལ་རྒྱུ་རྐྱེན་སོགས་ལ་རགས་མ་ལས་པར། ཡིན་ལ་ཡིན་པར་ངོ་ཤེས་ན། ཞེས་པའི་དོན་ནི། གང་ཟག་ཐ་མལ་བའི་གཞི་ལ་ལྷ་སྐུ་གྲུབ་ཟིན་པའི་དོན་མིན་ཀྱང་། གཞི་ལ་ལྷུན་གྲུབ་ཀྱི་དོན་དེ་ཉིད་རྫོགས་ཆེན་དང་ཧ་ཀྱང་ཉེ་བའི་རྒྱུ་མཚན་གྱིས་ ལྷ་སྐུ་འགྲུབ་བྱེད་གཙོ་བོ་ལམ་དུ་བྱེད་མི་དགོས་པར་དངོས་སྐྱེད་པ་ལས་ཁྱད་པར་ འཕགས་པར་བསྟན། གྲོགས་རིམ་གཉིས་མ་བསྟན་ན་གཟུགས་འགྲུབ་མི་ནུས་པར་འདོད་པ་ནི་གཞི་ལ་རྫོགས་ཆེན་ ཞེས་པའི་རྫོགས་ཚུལ་མ་ཤེས་པའིདོན་ནོ། །

གསུམ་པ་གྲོལ་ལམ་རྫོགས་ཆེན་པ།

   རྫོགས་པ་ཆེན་པོའི་རྩ་བའི་གཞུང་རྒྱུད་བཀའ་རྒྱུད་སྐོར་བཞི། བྱང་སེམས་གབ་པ། བསྒྲགས་པ་སྐོར་གསུམ། ཡེ་ཁྲི་མཐའ་སེལ་བཅས་སོ། །གཞུང་གི་བསྟན་ཚུལ་ལ་གབ་འབྲེལ་ལྟ་བུ་མཁས་པཎྟི་ཏའི་ལུགས་དང་། མཉམ་བཞག་སྒོམ་པའི་ལག་ལེན་ལྟ་བུ་རི་ཁྲོད་པའམ་ཀུ་སུ་ལུ་པའི་ལུགས་གཉིས་ཡོད། རྒྱུ་སྡེ་སོ་སོའི་གཞི་ལ་ཐ་སྙད་བྱེད་ཚུལ་ཅུང་མི་དྲ་བ་སྙན་རྒྱུད་ལས་ཀུན་གཞི་ དང་། ག་པ་ལས་བྱང་ཆུབ་སེམས། ཡེ་ཁྲི་ལས་ཐིག་ལེ་ཉག་གཅིག། བསྒྲགས་གསུམ་ལས། ཐིག་ལེ་ཉག་གཅིག་དང་ཀུན་གཞི་ཅི་རིགས་སུ་བཤད་ཀྱང་དོན་ལ་གཅིག་སྟེ། སྟོང་སངས་ཁྱབ་བདལ་ནམ་མཁའ་ལྟ་བུ་གསལ་སྟོང་ཐིག་ལེ་ཉག་གཅིག་དེ་ལ་འཁོར་འདས་ཤེས་ བྱ་ཐམས་ཅད་རྫོགས་ཤིང་ལམ་ལྔ་དང་ས་བཅུའི་ཡོན་ཏན་ཀུན་རྫོགས་པས་རྫོགས་པ་ཆེན་ པོའོ། །དེ་ཡང་རྫོགས་པ་ཆེན་པོ་ལ་ཡུལ་དང་ཡུལ་ཅན་དུ་ཕྱེ་སྟེ་རང་འབྱུང་ཡེ་ཤེས་ཞེས་ ཡུལ་གྱི་གནས་ལུགས་རྟག་པའི་པོན་དང་རང་རིག་ཡེ་ཤེས་ཞེས་རྟོགས་བྱེད་ཤེས་པ་མི་ རྟག་པའི་པོན་དུ་འདོད་པ་དེ་དག་རྫོགས་ཆེན་ལ་ཕྱོགས་ཙམ་ཡང་ཉེ་མ་ནུས་པར། གྲུབ་མཐའ་འོག་མ་མ་གཏོགས་བློར་མ་ཤོང་བའི་སྐྱོན་ནོ། །མདོར་ན་གསལ་བ་གང་ཡིན་པ་དེ་སྟོང་པ་ཡིན། སྟོང་པ་གང་ཡིན་པ་དེ་གསལ་བ་ཡིན། ཞེས་གསུང་པ་ལྟར་ལྡོག་ཆ་ནས་གསལ་བ་དང་སྟོང་པ་རང་འབྱུང་རང་རིག་སོགས་དུ་མ་གསུང་ ཀྱང་རྫོགས་པ་ཆེན་པོ་དེ་ཉིད་གསལ་བ་ཡང་མ་ཡིན་ལ། སྟོང་པ་ཡང་མ་ཡིན། རང་འབྱུང་ཡང་ཡིན་ལ། རང་རིག་ཡང་ཡིན་པས་མཚན་གཞི་ཐ་དད་དུ་འཇོག་པ་ནི་ཤིན་དུ་ནོར་བར་སེམས་སོ། །འདི་ཡི་སྐོར་དྭོགས་དཔྱོད་དང་དྭོགས་སླང་མང་པོ་འདུག་ཀྱང་མདོར་ན་གཤེན་རབ་ ཐུགས་ཀྱི་གཉེར་དཔོན་བླ་ཆེན་དྲན་པ་དེ་ཉིད་དབུ་སྐྲ་ལྕང་ལོ་རེ་ཞིག་བསྐྱུར་ཏེ་ རབ་བྱུང་གི་རྣམས་པར་བརྙན་པ། དཔོན་གསས་བླ་མའི་བཀའ་དྲིན་ལ་བརྟེན་ནས་ཐུན་མིན་རྫོགས་པ་ཆེན་པོའི་དོན་ལ་གཞན་ ཟེར་གྱི་དྲི་མས་མ་གོས་པར་རང་ལུགས་ཐུན་མིན་དུ་ཧ་གོ་བར་བྱེད་རྒྱུ་ཤིན་ཏུ་གལ་ ཆེན་པོ་མཐོང་བས་རང་འདྲའི་བློ་མན་རྣམས་ཀྱིས་ཡིད་ལ་སོམས་ཤིག །

སྨྲས་པ་། དེང་དུས་རིགས་སྨྲ་ཕལ་ཆེར་གཡེམ་ལ་དགའ། །
གདམས་གནད་སློབ་དཔོན་མི་བསྟེན་རང་ཆེ་སྒྲུབ། །
ཐུན་མིན་ཟབ་དོན་དྲང་དོན་དགོངས་པས་ཁྱབ། །
དེའི་ཕྱིར་བསྟན་ལ་ཕན་བློས་བསྐུལ་ཏེ་བྲིས། །
འོན་ཀྱང་བསྟན་ལ་ལྷག་བསམ་གངས་དཀར་རི། །
ཕྲག་དོག་མཁྲིས་ནད་ཅན་ལ་སེར་པོའི་མདངས། །
འཆར་ཡང་ཚུལ་གནས་མིག་ལྡན་བརྒྱ་ཕྲག་ལ། །
དབང་པོའི་དགའ་བ་སྦྱིན་ལ་སུ་ཡིས་འགོག །

༼བགྲེས་པོའི་འབེལ་གཏམ་༽འདོན་ཐེངས་དང་པོ་ལས་དྲངས།

1,264 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།