གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྟོན་པ་གཤེན་རབ་དང་ཞང་བོད་རིགས་རྒྱུད་སྐོར་གྱི་གྲོས་མོལ།

20215612031རྩོམ་པ་པོ་རྒྱ་ཕྱུག་བསོད་ནམས་ཚེ་བརྟན།

ཉེ་ཆར་ཁོ་བོར་མཁས་དབང་རྒྱ་གྲོལ་གྱི༼སྐྱབས་འགྲོ་བྲན་གཡོག་གི་འདུ་ཤེས་ཡིན་ནམ༽ཞེས་པའི་དྲི་བ་དང་དྲིས་ལན་ཉིས་ཆར་དུ་བཀོད་པའི་གསུང་རྩོམ་དེ་ཐེངས་གཅིག་ཀློག་པའི་སྐལ་བ་དང་ལྡན་པར།སྔར་མཐོང་ཐོས་སུ་མ་གྱུར་བའི་གསུང་དུ་མ་དང་ཕྲད་པས།དངོས་གནས་ཤིང་ཁ་ཤོག་ལྕེ་ཅན་དེ་དག་དང་མཁས་པའི་རྣམ་དཔྱོད་ཀྱི་བར་ཐག་འདི་ཨང་སྙམ་པའི་སྨོན་སེམས་ཤིག་ཚོད་མེད་དུ་ཤོར་སོང་།
ཡིན་ནའང་།ཕྱོགས་འགའ་ན་དམ་པ་ཁོང་གི་གསུང་ལ་མ་རྟོག་འུད་ཤོབ་ཀྱི་ཕུར་བུ་བརྡབས་པ་ཡིན་དུ་སྲིད་ཀྱང་།ཁོང་ནས་གཡུང་དྲུང་བོན་ནི་བོད་རང་གི་ས་གནས་སུ་བྱུང་བ་མ་ཡིན་པའི་སྒྲུབ་བྱེད་དུ་གསུང་འབུམ་ཁ་གྲངས་བྲལ་བ་མང་བོའི་ཁྲོད་དུ༼ཞང་ཞུང་གི་སྐད་དུ༽ཞེས་འབྱུང་བ་དེ་བཞག་འདུག་པར།བོད་ཀྱི་གཏིང་ཟབ་རིག་གནས་ཀྱི་རྒྱ་མཚོའི་མཇིང་ལས་ཤེས་བྱ་སྐྲ་རྩེའི་ཐིགས་པ་ཙམ་ཡང་ལོན་མེད་པའི་ཕྲན་ལ་མཚོན་ན།ངེས་པར་བུམ་ནང་མར་མེའི་དཔེ་རུ་འགྲོ་ཡང་།བསམ་པའི་གཟོང་ཁ་བསྐོར་ཉེས་ཤིག་གམ།ཐོས་པའི་བུ་ག་དོག་ཉེས་ཤིག་གིས་ཁོང་གི་ལྟ་ཚུལ་འགའ་དང་ཅུང་ཟད་མི་མཐུན་པའི་སྐད་ཆ་འགའ་ཐལ་དགོས་བྱུང་།ཡར་སྔོན་ཁོ་བོས་སྟག་གཟིག་འོལ་མོ་ལུང་རིང་སོགས་ས་ཁམས་ངོས་འཛིན་ཐད་ཀྱི་འགལ་བས་རྐྱེན་བྱས་པ་དང་། ཆོས་འཁོར་རྒྱལ་ཚང་ལྟ་བུའི་གནའ་བོའི་རུས་མཛོད་ལ་ཞིབ་འཇུག་གིས་སྟོན་པ་གཤེན་རབ་བོད་མིན་ཟེར་མཁན་དང་།གཡུང་དྲུང་བོན་ནི་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཤིག་མིན་ཚུལ་སོགས་ཀྱི་རིག་གཞུང་དཔྱད་རྩོམ་བྲིས་ཡོད་པ་འགའ་ཞིག་མཐོང་ཡང་།དཔེ་རྙིང་དག་ན༼ཞང་ཞུང་སྐད༽ཅེས་བྲིས་ཡོད་པ་སྒྲུབ་བྱེད་དུ་བཀོད་དེ་ལྟ་ཚུལ་འདིའི་རྒྱུན་བསྐྱངས་ཡོད་པ་དམ་པ་ཁོང་ལས་མང་ཙམ་མ་མཐོང་།ཐོག་མར་ཁོང་ལ་ཞུ་རྒྱུ་ནི་ཞང་ཞུང་སྐད་ལ་རྐང་བཙུགས་ཏེ་གཡུང་དྲུང་བོན་དེ་བོད་དང་ལོགས་སུ་དགར་རྒྱུ་ཡིན་ན།དཔེ་རྙིང་དག་ན༼སུམ་པའི་སྐད་དུ༽ཞེས་ཀྱང་འབྱུང་བས།ནམ་ཞིག་སུམ་པའི་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཡོ་ལང་ཞིག་རྒྱས་ཚེ།དེ་ཡང་བོད་དང་ལོགས་སུ་དགར་རྒྱུ་ཡིན་ནམ་ཞེས་པ་ཡིན།དེ་མིན་སྔོན་གྱི་ཡིག་ཚང་ན་མི་གསལ་བ་མ་གཏོགས།བླ་དྭགས་དང་འ་ཞ།མདོ་དབུས་མཐོ་སྒང་གི་ལྷོ་ནུབ་སོགས་ན་གནས་པའི་མི་དག་ཀྱང་།ཡར་སྔོན་སྐད་ལ་དབྱེ་བ་ངེས་པར་ཡོད་སྲིད་པས།དེ་དག་ཀྱང་བོད་དང་ལོགས་སུ་དགར་རྒྱུ་ཡིནནམ།གལ་སྲིད་དེ་ལྟར་ཡིན་ན།ཁྱེད་རང་ནས་གསུངས་པའི་བོད་ཅེས་པ་ཡང་མཐའ་མཇུག་ཡར་ཀླུང་གི་ཚོ་བ་འགའ་ལས་དབབ་ས་ཅི་ཡང་མེད་སྙམ།ཡང་གཅིག་བཤད་ན།དམ་པ་ཁོང་གི་ཐུགས་དགོངས་འདི་ནི་ཅུང་ཁ་ཚོན་གཅོད་སྔ་བ་ཞིག་ཏུའང་འཁུམ་སྟེ།རང་རེའི་ཞིབ་འཇུག་པས་བསྐྱུར་དྲག་པའི་སྐད་བརྡ་རིག་པའི་ལམ་ནས་བཤད་ན།ལྷག་ཏུ་མཉམ་འཇོག་ས་ཞིག་ཏུ་སྣང་སྟེ། ས་ཁོངས་ཀྱི་ཁྱད་པར་དང་རང་བྱུང་ཁོར་ཡུག་གི་རྒྱུ་རྐྱེན་ལས་གླིང་ཆེན་སོ་སོ་དང་རྒྱལ་ཁབ་སོ་སོའི་བར་དུ་སྐད་རིགས་མི་འདྲ་བ་འབྱུང་བ་བཞིན་ཡོད་པ་དང་།དེ་མིན།ད་ལྟ་ང་ཚོས་གསན་ཐུབ་པའི་ཆོལ་གསུམ་སྐད་ལའང་འདི་འདྲའི་བར་ཁྱད་ཅིག་ཡོད་ན།ལོ་ངོ་སྟོང་ཕྲག་ཡར་སྔོན་དུ་ལུང་པ་སོ་སོར་འབྲེལ་འདྲིས་སྟབས་བདེ་མིན་རྐྱེན།ཞང་ཞུང་དང་ཡར་ཀླུང་ཕར་ཞོག ཡར་ཀླུང་མཐའ་འཁོར་གྱི་ཚོ་བ་དག་གི་སྐད་ཆའི་བརྗོད་སྟངས་ཀྱང་གཅིག་ཡིན་པའི་གདེང་ཚོད་ང་ཚོ་སུ་ལའང་མེད་པའི་ཕྱིར།དེས་ན།༼ཞང་ཞུང་གི་སྐད་དུ༽ཞེས་པའི་ཚིག་སྒྲོས་ཙམ་ལ་བལྟོས་ཏེ་བོད་དང་ལོགས་སུ་དགར་རྒྱུ་ཡིན་ན།ང་ཚོས་ད་ལྟའི་བར་དུ་བོད་རིགས་སུ་འདོད་པའི་རྒྱལ་རོང་དང་ལྷོ་མོན་སོགས་ཀྱང་བོད་ཁོངས་སུ་བསྡུ་ཐབས་བྲལ།

ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་སྔོན༼དེབ་དཀར༽སོགས་སུ་བོད་ཀྱི་མིང་ཐོགས་ཚུལ་གསུངས་དུས།བོན་གྱི་ཡུལ་ནས་བོད་ཀྱི་ཡུལ་ལ་འགྱུར་བ་མིན་ནམ་སྙམ་པའི་སྐད་བརྡ་རིག་པའི་རིགས་ལམ་གྱིས་ད་ལྟ་རྒྱུན་འཇགས་སུ་གྱུར་བའི༼ བོད༽ཅེས་པ་འདིར་ཁུངས་འདེད་ཞིབ་མཛད་གནང་ཡང་།༼གཏམ་རྒྱུད་གསེར་ཐང༽དུ་ཇོ་བོ་ལས་འཕྲོས་སྟེ།གླང་ཆེན་དང་འབྲུགརླུང་རྟ་སྡེ་བཞི་སོགས་ཀྱི་བྲིས་ལུགས་བརྗོད་དུས། རྒྱ་གར་དང་རྒྱ་ནག བོད་དང་བོན་གྱི་ལུགས་ཞེས་གསུངས་འདུག་པ་འདིས། རང་ཉིད་ནས་བཞག་པའི་ཁུངས་འདེད་དེ་མ་ཐག་ཏུ་བོར་བ་དང་།དེ་མིན་གསུང་གསར་བ་ཞིག་སྟེ།བོད་དང་བོན་གྱི་ལུགས་ཞེས་སོ་སོར་དགར་འདུག་པ་འདི་ཡང་མཚར་བའི་གནས་སྟེ།དེས་ན་བོད་བོན་གཉིས་ནི་ཆོས་ལུགས་ལ་བརྟེན་ནས་བཞག་པ་མིན་ན་སྒྲུབ་བྱེད་གཞན་ཞིག་འཚོལ་རྒྱུ་མེད་ཅིང་།དེ་ལྟར་བྱས་ནའང་།ཆོས་ལུགས་གཉིས་ལ་བརྟེན་ནས་བོད་བོན་ཞེས་པའི་བརྡ་ཆད་ཅིག་བཞག་པ་ཡིན་ན་ཡ་ཆ།རང་རེའི་ཡིག་ཚང་དུ་དེ་འདྲའི་མིང་གདགས་སྲོལ་ཞིག་མི་སྣང་བའི་ཕྱིར།ཡང་ས་ཁོངས་ཀྱི་ཆ་ནས་བཞག་པ་ཡིན་ཟེར་ན།༼བཀའ་ཐང་སྡེ་ལྔ༽ལས་གྲི་གུམ་བཙན་པོའི་སྐུ་རིང་དུ་ཏ་ཟིག་དང་འ་ཞའི་བོན་པོ་གདན་དྲངས་ནས་ཕུང་བོ་འདྲལ་བཤུའི་ཆོ་ག་ཡ་མཚན་པ་ཞིག་སྤེལ་འདུག་པ་དེར་ཡང་འབྱུང་བས།ཞང་ཞུང་གཅིག་པུར་འཇོག་པའི་ཨུ་ཚུགས་དེ་ཡང་རལ་ལྷམ་བཞིན་འདོར་དགོས་པ་འདྲ།ཡང་གཅིག་བཤད་ན་བོད་ཀྱི་ས་ཁུལ་དུ་དར་ཁྱབ་ཆེ་བའི་ཆོ་ག་དེ་དག་ནི་སྟོན་པ་གཤེན་རབ་མི་བོ་ཆེས་བཅས་པ་མཛད་མ་མཛད་ཅི་རིགས་སུ་སྣང་བ་དང་།ཆོ་ག་དེ་དག་ཀྱང་སངས་ཆོས་དང་གཡུང་དྲུང་བོན་གཉིས་གང་རུང་དང་ལེན་བྱས་པའི་རྒྱལ་བོ་གདོང་དམར་གྱི་རོགས་འདིར་ཡོངས་ཁྱབ་ཏུ་སྣང་བས།འདིར་བོད་བོན་གཉིས་སུ་འབྱེད་རྒྱུའི་ལས་དེ་ད་དུང་རྐྱ་མ་ཁོར་བའི་ཐག་སྐུད་ཅིག་དང་ཡང་འདྲ་སྙམ།

གཡུང་དྲུང་བོན་ནི་བོད་རང་གི་ས་གནས་སུ་བྱུང་བའི་ཆོས་ལུགས་ཤིག་ཡིན་པ་བསྙོན་མེད་ཡིན་ཏེ།༼མདོ་འདུས༽ལས་འོལ་མོ་ལུང་རིང་གི་ངོས་འཛིན་ཐད་འཛམ་བུ་གླིང་གི་ནུབ་བྱང་དང་།གངས་ཏི་སེའི་དྲུང་།ཆུ་བོ་ཆེན་པོ་བཞི་འདུས་ཀྱི་མགོ མཚོ་མ་ཕམ་གྱི་འགྲམ་ཞེས་འབྱུང་བ་ནི་གནད་དམ་པ་ཡིན།འཛམ་བུ་གླིང་གི་ནུབ་བྱང་ན་ཞེས་པ།༼གཏམ་རྒྱུད་གསེར་ཐང༽དུ་རྒྱལ་བོ་མྱ་ངན་མེད་ཙམ་གྱི་དུས་ན་ད་ལྟའི་རྒྱ་གར་ཡོངས་སུ་རྫོགས་པ་བྱང་གི་ཕྱོགས་ཆ་དང་བཅས་པར་འདི་ལ་ཛམྦུ་དི་ཞེས་དང་། ཡང་སིང་ག་ལ་པའི་ཡུལ་མི་བྱིངས་རྣམས་ད་དུང་ཡང་རྒྱ་གར་ལ་འཛམ་བུ་གླིང་དུ་འབོད་ཅིང་།བོད་དང་རྒྱ་སོགས་དེའི་ཁོངས་མིན་པར་བྱེད་ཅེས་པས།འོལ་མོང་ལུང་རིང་དེ་དེང་གི་རྒྱ་གར་ནུབ་བྱང་གི་མངའ་རིས་ས་ཁུལ་དུ་ཁེལ་འདུག་པ་དང་།མཚོ་མ་ཕམ་དང་ཆུ་བཞི།གངས་ཏི་སེ་སོགས་ལ་བློ་གཟུ་བོས་དཔྱད་ན་ནི་འོལ་མོ་ལུང་རིང་དེ་མི་མངོན་དབྱིངས་ཤིག་ཏུ་མི་འདུག་སྙམ།

ང་རང་གི་བསམ་པར་བོད་ཅེས་པ་ཡང་ད་ལྟ་ང་ཚོས་ཧིན་རྡུ༼India༽རྒྱལ་ཁབ་འདིའི་ཐད་ནས་ཀྱང་།རྒྱ་གར་གྱི་སྐད་དོད་བིཧིར༼Bihar༽ཞེས་པའི་མངའ་སྡེ་ཆུང་ངུ་འདི་ཧིན་རྡུ་ཡོངས་ལ་སྦྱར་བ་དེ་དང་གཅིག་མཚུངས་སུ་འདོད་བཞིན་ཡོད།རྒྱུ་མཚན་ཡང་ང་ཚོར་ཏུན་ཧོང་ཡིག་རྙིངP.༡༢༨༦དངP.༡༠༣༨ཁྲོད་ཡར་ཀླུང་ས་ཆར༼བོད་ཀ་གཡག་དྲུག༽དང༼གདུང་སྤུ་བོད༽ལས་སྔ་བ་སྟོན་རྒྱུ་མེད་ལ།ཏུན་ཧོང་ཡིག་རྙིང་ཨངP.༡༠༦༠པར་ཡང་ཞང་ཞུང་དང་ཡར་ཀླུང་གི་ས་ཁུལ་སོ་སོར་རྒྱལ་ཕྲན་རྒྱལ་བོ་རེ་བཞུགས་པའི་ཟིན་ཐོ་ལས།བོད་ཡུལ་ན་ཞང་ཞུང་དང་མྱང་རོ་ཤམ་པོ་ཞེས་མི་འབྱུང་ལ།ཞང་ཞུང་དང་བོད་ཀྱི་རྒྱལ་ཕྲན་མྱང་རོ་ཤམ་པོ་དང་དབྱེ་མོ་ཡུལ་བཞི་སོགས་ཀྱང་མི་འབྱུང་བ་ནི་ངེས་པར་ཞིབ་འཇུག་བྱེད་དགོས་པ་ཞིག་རེད།དེ་ན་བོད་ཅེས་པ་ཡང་གོང་གི༼བོད་ཀ་གཡག་དྲུག༽དང༼གདུང་སྤུ་བོད༽ལས་བྱུང་བའི་གདེང་ཚོད་ཆེས་ཆེ་སྟེ།རྒྱ་གར༼Bihar༽དང་ཨ་ལེགས་སན་སྒྲུར་གོང་མའི་རྒྱལ་ཁབ༼AlexanderEmpire༽ཀྱང་མངའ་སྡེ་ཆུང་ངུ་ཞིག་གི་མིང་དང་གོང་མའི་རུས་གཉིས་རྒྱལ་ཁབ་ལ་བཏགས་པ་མ་ཡིན་ནམ།

མཐར་ང་རང་ནས་འདི་འདྲའི་མགོ་རྡུམ་མཇུག་ཆད་ཀྱི་གྲོས་འདེབས་ཤིག་ཕུལ་བ་འདི་སྤྱིར་ན་རྐ་མགོ་སྨད་པའི་ལས་ལ་འབད་དགོས་ཀྱང་།རང་རེའི་འཐུས་སྒོ་ཚང་བའི་རིག་གཞུང་རི་བོས་གཏོས་དང་མཉམ་པ་དག་བན་བོན་ཁ་འཛིན་གྱི་སྒྱོགས་མདས་ཡར་སྔོན་ཡང་ཚལ་བར་གཏོར་མྱོང་བར་དཔག་པ་སོགས་ཀྱིས་བསྐུལ་ཏེ།མ་རྟོག་པའི་སྐད་ཆ་ཅུང་ཟད་ཐལ་བ་ཡང་འདི་ཕྱིས་དམ་པ་ཁོང་ནས་བཟོད་གསོལ་ཡོང་བ་ཞུ།