གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་ཐེངས་བཞི་པ་འཇར་མན་རྒྱལ་ཁབ་ཏུ་ཚོགས་པ།

IMG_5015 དེ་ཡང་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་གྲོས་ཚོགས་ཐེངས་དང་པོ་དེ་༢༠༠༧ལོར་དབྱིན་ཇིའི་རྒྱལ་ཁབ་ཏུ་ཚོགས་ཡོད་པ་དང་། ཐེངས་གཉིས་པ་ཕྱི་ལོ་༢༠༠༩ལོར་ཧྥ་རན་སིའི་རྒྱལ་ཁབ་ཏུ་ཚོགས་ཡོད་པ་དང་། ཐེངས་གསུམ་པ་ཉི་ཧོང་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་ས་ཀའི་ཀོ་བེ་མཐོ་སློབ་ཏུ་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་པ་Kazushi IWAO, Ai NISHIDA, Meishi YAMAMOTO and Seiji KUMAGAI བཅས་ཀྱིས་གོ་སྒྲིག་འོག་ཚོགས་ཡོད་པ་བཞིན། རྒྱལ་སྤྱིའི་བོད་རིག་པ་གཞོན་ནུའི་ཚོགས་འདུ་ཐེངས་བཞི་པ་དེ་འཇར་མན་ལབ་ཙེའི་སློབ་ཆེན་དུ་ཕྱི་ལོ་༢༠༡༥ཟླ་༠༩ཚེས་༠༧ཉིན་ནས་༢༠༡༥ཟླ་༠༩ཚེས་༡༢བར་ཏུ་ཚོགས་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་སྟེང་བོད་ཕྱི་ནང་སོགས་རྒྱལ་ཁབ་ཉི་ཤུ་ལྷག་ནས་བོད་རིག་པའི་མཁས་དབང་དང་ཉམས་ཞིབ་པ། དགེ་བཤེས། མཐོ་རིམ་སློབ་གྲྭ་བ་སོགས་མི་གྲངས་བརྒྱད་ཅུ་ལྷག་མཉམ་འཛོམས་བྱུང་ཡོད།

IMG_5401 དེ་ཡང་ཉིན་རེ་བཞིན་བོད་ཀྱི་གནའ་དེང་གི་ཆོས་རིག་ལོ་རྒྱུས་ལ་ཞིབ་འཇུག་དང་སློབ་གཉེར་མཛད་པའི་གཞོན་སྐྱེས་ཤེས་ཡོན་པ་དང་། ཆེད་མཁས་རྣམས་ཀྱིས་བོད་རིག་པའི་གཞོན་ནུའི་འདུ་ཚོགས་ཐེངས་བཞི་པའི་ཚོགས་ཆེན་སྟེང་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་གྲུབ་པའི་ཆོས་ལུགས་རིག་གནས་དང་། རྒྱལ་རབས་ལོ་རྒྱུས། ཡུལ་གོམས་གཤིས་ལུགས་སོགས་བོད་རིག་པ་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་པའི་སྟེང་རང་ཉིད་ཀྱི་བསམ་ཚུལ་མཚོན་པའི་དཔྱད་རྩོམ་སྒྲོག་སྦྱངས་གནང་ཡོད་པ་རེད།

ཕྱི་ཚེས་༡༡ཉིན་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་ཀྱི་ཚོགས་གཙོ་ཨཅརྱ་སྐལ་བཟང་ནོར་བུ་ལགས་དང་སྤྱི་ཁྱབ་དྲུང་ཆེ་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་པ་Seiji KUMAGAIལགས་གཉིས་ཀྱིས་གཙོ་སྐྱོང་འོག་སྐབས་ལྔ་པའི་བོད་རིག་པའི་གཞོན་ནུའི་ཚོགས་འདུ་སྐོང་ཚོགས་སྐོར་དང་། ཚོགས་པའི་སྒྲིག་གཞི་བཟོ་སྐྱོར་དང་། སྤྱི་ཁྱབ་དྲུང་ཆེ་བརྗེ་སྤོར། སློབ་སྟོན་རྒྱུན་ལས་གསུམ་ཁ་བསུབ་བདམས་ཐོན་བྱས་པ་སོགས་ཀྱི་ལས་དོན་གྲོས་ཚོགས་བསྡུས་ཡོད་པ་དང་།

༢༠༡༨ལོའི་སྐབས་ཕྱི་མའི་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་ཐེངས་ལྔ་པ་དེ་ཨུ་རུ་སུ་རྒྱལ་ཁབ་ཏུ་འཚོགས་འཆར་གཏན་འཁེལ་ཡང་གནང་།

སྤྱིར་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་དེ་དག་ཕལ་ཆེར་གྱི་མཇུག་འབྲས་སུ། སྐབས་སོ་སོར་སྒྲོག་སྦྱངས་ཞུས་པའི་དཔྱད་རྩོམ་ལེགས་གྲས་རྣམས་ཕྱོགས་བསྡེབས་ཀྱིས་དེབ་གཟུགས་དཔར་བསྐྲུན་གནང་བཞིན་ཡོད་པ་དང་། ཚོགས་མི་ལའང་སྤྱིར་བཏང་ཚོགས་མི་དང༌། སྤྱི་ཁྱབ་དྲུང་ཆེ། ཚོགས་ཆེན་བསྡུ་སྐོང་གནང་མཁན་གྱི་གོ་སྒྲིག་ཚོགས་གཙོ། ཚོགས་པའི་ཚོགས་གཙོ་བཅས་ཡོད་པ་རེད། ཐུགས་སྣང་ཅན་ཚོས་ཚོགས་པའི་དྲ་ཐོག་ཏུ་བཅའ་ཁྲིམས་ཡིག་ཆ་བཅས་ལ་གཟིགས་གནང་ཞུ།

ཁྲི་གཡུང་དྲུང་བས་རྒྱལ་ས་ལྡི་ལི་ནས་སྤེལ།