གཡུང་དྲུང་བོན་གྱི་དྲྭ་རྒྱ།

ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་དགུ་པ།

IMG_5979ཕྱི་ལོ་༢༠༡༥ཟླ་བ་༡༠ཚེས་༡༩་ཉིན་ནས་ཚེས་༢༡བར་ཉིན་གྲངས་གསུམ་རིང་ལ་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་དགུ་པ་ ༼ཉམས་རྒུད་དུ་འགྲོ་བཞིན་པའི་གནའ་བོའི་བོད་ཀྱི་དམངས་སྲོལ་རིག་གནས་འཚོལ་བ་༽ ཞེས་པའི་བརྗོད་གཞིའི་ཐོག་མཁས་པ་དང་དགེ་བཤེས་ཞིབ་འཇུག་པ་དང་སློབ་ཆེན་སློབ་མ་བཅས་མི་གྲངས་བརྒྱ་ལྷག་གིས་བགྲོ་གླེང་གནང་ཡོད་པ་རེད།

སྔོན་འགྲོའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། “ཉམས་རྒུད་དུ་འགྲོ་བཞིན་པའི་གནའ་བོའི་བོད་ཀྱི་དམངས་སྲོལ་རིག་གནས་འཚོལ་བ” ཟེར་བའི་བརྗོད་གཞིའི་ནང་ནས་འཚོལ་བ་ཞེས་པའི་ཚིག་འདི། ང་རང་ལ་ཕོག་པོ་ཞེ་པོ་ཞིག་བྱུང་། ཧ་ལམ་འཚོལ་དགོས་པ་ཞིག་ཆགས་ཡོད་པ་རེད། དམངས་ཁྲོད་ཀྱི་རིག་གནས་མང་པོ་ཞིག་ཕྱི་ནང་གི་རྐྱེན་ལ་བརྟེན་ནས་འགའ་ཤས་ད་ལྟ་བཙལ་ནས་རྙེད་རྒྱུ་མེད་པ་ཆགས་ཡོད། ད་ལྟ་ངས་ཧོབ་དེ་བསམ་བློ་བཏང་ནས་དྲན་བསྡད་པ་ཁ་ཤས་ཤིག་གི་ནང་ནས། ད་ལྟ་ང་ཚོས་རིག་གནས་དང་རིག་གཞུང་ག་རེ་ལབ་ཀྱི་ཡོད་ཀྱང་། དེའི་གོ་དོན་ཁོང་དུ་ཆུད་པའི་སྒོ་ནས་འཚོལ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག རིག་གནས་དང་རིག་གཞུང་ཟེར་དུས་རིག་གཞུང་ཟེར་བའི་ཚིག་འདི། གཅིག་བྱས་ན་སྐྱབས་བཅོལ་ལ་བསླེབས་ནས་ཡོང་བ་ཞིག་མིན་འགྲོ་བསམས་པ་འདུག་ཀྱང་། ང་ལ་གསལ་པོ་ཞུ་རྒྱུ་མེད། རིག་པའི་གཞུང་ལུགས་ཟེར་བ་ཞིག་ཡོད་ཀྱང་། (Culture) རིག་གཞུང་ཟེར་བ་བེད་སྤྱོད་གཏོང་བཞིན་པ་དེ་སྐྱབས་བཅོལ་ལ་བསླེབས་ནས་བཟོས་པ་མིན་འགྲོ་བསམ་པའི་དོགས་པ་འདུག གང་ལྟར། ངས་སྙིང་པོ་ག་རེ་ཞུ་ཡི་ཡོད་ཟེར་ན། རིག་གཞུང་དང་རིག་གནས་ག་རེ་བེད་སྤྱོད་གཏོང་གི་ཡོད་པ་དང་། དེ་མིན་དབྱིན་ཡིག་ཚིག་ (Culture) དང་ (Civilization) ཟེར་བ་དེ་གཉིས་ལ་སྐད་ཆ་མང་པོ་ཞིག་ཡོད་པ་རེད། མང་པོ་ཞིག་གིས་དོན་གཅིག་མིང་གི་རྣམ་གྲངས་འདྲ་པོ་ཞིག་ལ་བེད་སྤྱོད་གཏོང་གི་ཡོད་པ་རེད། དབྱིན་ཡིག་གི་ཚིག་ནང་རིག་གཞུང་ལ་ (Culture) དང་ (Civilization) ཟེར་བ་བེད་སྤྱོད་གཏོང་གི་ཡོད་ཀྱང་། གང་ལྟར་ལས་ཀ་བྱེད་ཐུབ་མཁན་དང་ཕན་ཐོགས་སྐྲུན་ཐུབ་མཁན། བདེ་སྐྱིད་སྐྲུན་ཐུབ་མཁན་ཞིག་ལ་རིག་གཞུང་ལབ་ཀྱི་ཡོད་པ་རེད། འཆམ་པོ་མེད་པ་བཟོ་མཁན་དང་གཏོར་བཤིག་གཏོང་མཁན་ལ་རིག་གཞུང་དང་རིག་གནས་ཟེར་གྱི་མེད་སྟབས། བོད་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཤད་ཡོང་སྐབས། གང་ལྟར་སེམས་ཅན་གཞན་ལ་བདེ་སྐྱིད་ཡོང་བ་དང་ཕན་བདེ་སྐྲུན་ཆེད་དམིགས་ནས་བཟོས་པ་ཞིག་ཡིན་པ་ལས་གསར་བཟོ་བྱས་པ་ཞིག་ལ་ཟེར་གྱི་མེད་པ་དེ་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་གི་ཁྱད་ཆོས་ཤིག་རེད་བསམ་གྱི་འདུག ཁྱེད་ཚོ་སློབ་མ་ཚོ་ཆོལ་ཁ་གསུམ་ནས་ཡོང་ཡོད་སྟབས། སོ་སོའི་ལུང་པའི་ནང་རིག་གཞུང་དང་ཡུལ་སྲོལ་ག་རེ་ཡོད་མེད་ཕན་ཚུན་བསམ་ཚུལ་ སྤེལ་རེས་བྱས་ཏེ། སྒེར་སོ་སོས་དོན་གཉེར་བྱས་ནས་སྦྱོང་དགོས་པ་རེད། དཔེར་ན། ཕྱི་རྒྱལ་གྱི་སློབ་མ་དེ་ཚོ་ཡིན་ན། མཚམས་རེ་ཧང་སང་བཅུག་གི་འདུག སྔོན་མ་ཕྱི་རྒྱལ་གྱི་སློབ་ཕྲུག་ཅིག་བསླེབས་སོང་། ཁོས་ཉམས་ཞིབ་བྱེད་ཀྱི་ཡོད་བཅར་འདྲི་བྱེད་དུ་བཅུག་རོགས་ལབ་བྱུང་། ངས་ག་རེའི་སྐོར་ཡིན་སྐད་ཆ་དྲིས་པས་རྡོར་རྗེ་དྲིལ་བུའི་སྐོར་ཡིན་ལབ་བྱུང་། ང་ཚོ་ཡིན་ན་དེ་ཚོའི་ཐོག་ལ་དོ་སྣང་བྱེད་ཀྱི་མ་རེད། དཔེ་ཆ་ལྟ་མཁན་ཞིག་ཡིན་ན་མཚོན་དོན་ཧ་གོ་ཡི་རེད་མ་གཏོགས། རྡོ་རྗེར་རིགས་ག་ཚོད་དང་ཕན་ཡོན་ག་རེ་ཡོད་མེད་ལ་ཉམས་ཞིབ་བྱེད་མཁན་མེད་སྟབས། དེ་ནི་དོ་སྣང་ཆུང་དྲགས་པའི་རྐྱེན་གྱིས་རེད། ཅེས་གསུངས་པ་སོགས་སྔོན་འགྲོའི་མཛད་སྒོ་བསྡུས་ཡོད་པ་དང་།

དེ་ནས་དངོས་གཞིའི་ཉིན་དང་པོའི་བགྲོ་གླེང་སྐབས་བོད་ཀྱི་སྲོལ་རྒྱུན་རིག་པའི་མཁས་པ་རྒན་ཚེ་རིང་ཆོས་འཕེལ་ལགས་ཀྱིས་བོད་བྱང་ཐང་གི་ནོར་ལུག་གསོ་ཚགས་བྱེད་སྟངས་སྐོར་ལ་གཏམ་བཤད་སྤེལ་ཡོད་པ་དང་། སྨན་རིའི་གླིང་གི་ཁྲི་གཡུང་དྲུང་གིས་གནའ་བོའི་བོད་ཀྱི་དུར་འདེབས་བྱེད་ལུགས་དང་དེའི་བྱུང་ཁུངས་སྐོར་དང་། རྒན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་ཀྱི་གཏམ་དཔེ་དང་དེའི་ཁྱད་ཆོས་སྐོར་ལ་གཏམ་བཤད་སྤེལ་ཡོད་པ་རེད། གཏམ་བཤད་སྐར་མ་༣༠་དང་དྲི་བ་དྲིས་ལན་སྐར་མ་༢༠་བཅས་རེད། དགོང་མོར་ཟུར་ཉན་པ་ཚང་མས་རང་མོས་བགྲོ་གླེང་གནང་ཡོད་པ་རེད།

ཉིན་གཉིས་པའི་ཉིན་ཐོག་མར་རྒན་དྭངས་ཤར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་སོ་ནམ་ཞིང་ལས་སྐོར་ལ་གཏམ་བཤད་དང་། རྩིས་རམས་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་གཟའ་སྐར་ཟླ་ཚེས་དང་སྲོལ་རྒྱུན་བོད་ཀྱི་འཛེམ་བྱའི་སྐོར་བྱུང་སྟངས་སྐོར་དང་། རྒན་གཙང་ཕྲུག་སྟོབས་ལགས་ཀྱིས་དབུས་གཙང་གི་ཞིང་ཁུལ་གྱི་ལོ་གཅིག་དུས་བཞིའི་སྲོལ་རྒྱུན་དུས་ཆེན་བཞི་ཞེས་པའི་སྐོར་ལ་གཏམ་བཤད་གནང་། སྨན་རམས་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་གདོད་མའི་བོད་ཀྱི་རྨ་ལས་བྱེད་ཐབས་དང་གསོ་བ་རིག་པའི་སྐོར་དང་། སྐུའི་ན་བཟའ་ཆེན་མོ་བས་བོད་ཀྱི་སྲོལ་རྒྱུན་འཚེམ་བཟོའི་སྐོར་དང་གཞུང་སྲིད་མི་སྣའི་གྱོན་ཆས་སྐོར་དང་། ལོ་རྒྱུས་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་བོད་ཀྱི་གནའ་བོའི་བྱ་གཏོར་རམ་རོ་ལས་བྱེད་སྟངས་ཀྱི་ཁྱད་ཆོས་སྐོར་དང་། རྒན་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་བོད་ཀྱི་གླུ་དང་བྲོ་ཆེན་སྐོར་དང་། རྩོམ་པ་པོ་རེ་མདོ་སེང་གེ་ལགས་ཀྱིས་སྲོལ་རྒྱུན་བོད་ཀྱི་ཤེས་ཡོན་སློབ་གསོའི་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།

ཉིན་གསུམ་པའི་ཞོགས་པར་རྒན་བསམ་གཏན་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པ་ཆེན་པོ་བཞི་ལས་གཅིག་བསྡུས་གྱུར་བའི་བོད་གཞུང་གི་ཟློས་གར་ལྷ་མོའི་འཁྲབ་གཞུང་གི་ཁྱད་ཆོས་ཞེས་པའི་སྐོར་དང་། ནོར་བུ་ལགས་ཀྱིས་གནའ་བོའི་སྒྲུང་གི་འཕེལ་རིམ་དང་བྱེ་བྲག་གེ་སར་གླིང་སྒྲུང་གི་ཁྱད་ཆོས་སྐོར་དང་། རྒན་བསོད་ནམས་རྒྱལ་མཚན་གྱིས་གཏོ་རྒྱག་སྟངས་སྐོར་དང་། རྒན་སོ་རུ་དར་རྒྱས་ལགས་ཀྱིས་བོད་ཀྱི་ཆོ་ག་ཕྱག་ལེན་སྐོར་དང་། རྒན་མེ་འོད་ལགས་ཀྱིས་འབྲོག་པའི་སྦྲ་ནག་གི་ཁྱད་ཆོས་བརྗོད་པ་བཅས་ཀྱི་སྐོར་ལ་གཏམ་བཤད་སྤེལ་ཡོད་པ་རེད།

ཕྱི་ཚེས་༢༡་ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་བཞི་པའི་ཐོག་དམིགས་བསལ་སྐུ་མགྲོན་མཁས་དབང་ཀརྨ་སྨོན་ལམ་ལགས་གདན་ཞུས་ཀྱིས་བགྲོ་གླེང་བ་རྣམས་ལ་གཟིགས་གསོལ་ཆེ་བསྟོད་གནང་ནས་གསོལ་སྟོན་བཤམས་ཡོད་པ་དང་དགོང་མོར་རང་མོས་ལྟར་གླུ་ལེན་བྲོ་བརྡུང་སོགས་གནང་ནས་ས་རཱ་མཐོ་སློབ་བོད་རིག་པའི་བགྲོ་གླེང་སྐབས་དགུ་པ་རྒྱལ་ཁའི་ངང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།