གཡུང་དྲུང་བོན་གྱི་དྲྭ་རྒྱ།

འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་ཁོང་གི་ཚད་མ་ཀུན་བཏུས་ངོ་སྤྲོད།

img302དང་པོ།  རྨ་ཡི་ནང་རྒྱུད་གླིང་གྲགས་ལས། ཧྲིས་པ་གྱེར་མེད་སྤྲུལ་པ་ནི། རྨ་ར་ཨག་ཚོམ་རྨོག་ཐག་ཡོད། མཆན་འོག་གཡས་ན་རྨེ་བ་ཡོད། འ་ཞའི་མཚན་ཅན་བློ་གྲོས་མིང་།  སྒོམ་སྒྲུབ་བྱས་པས་གྲུབ་ཐོབ་འོང་། ཞེས་བསླུ་མེད་ལུང་གིས་བསྔགས་པའི་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་ནི།  ཡུལ་གཡོར་པོའི་ས་ཆར་ཡབ་འ་ཞ་ཤེས་རབ་སེང་གེ་དང་།   ཡུམ་རིན་ཆེན་བུ་འཁྲིད་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༡༩༨རབ་བྱུང་གསུམ་པའི་བོད་ས་རྟ་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཤེས་རབ་རྣམ་པ་གསུམ་གྱི་རྩལ་ལྷན་སྐྱེས་སུ་རྫོགས་པས་འབྲི་ཀློག་འདོན་གསུམ་དང་རིག་པའི་གནས་སོགས་ལ་བསླབ་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན་ཐུབ་པ་བྱུང་།   སྔོན་སྦྱངས་སྟོབས་ཀྱི་ལས་འཕྲོ་སད་ནས་བོན་གྱི་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁར། རང་གི་ཁུ་བོ་འགྲོ་མགོན་བདུད་རྩི་རྒྱལ་མཚན་བླ་རུ་བཏེགས་ནས། གབ་མཛོད་ས་གསུམ་དང་སྤྱི་སྤུངས་སྔགས་སེམས་སོགས་ཕྱི་ནང་གསང་བའི་བོན་སྡེ་ཇི་སྙེད་ཅིག་ལ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ཚུལ་བཞིན་བསྐྱངས། འགྲོ་མགོན་བདུད་རྩི་རྒྱལ་མཚན་དང་། བྲུ་སྟོན་དར་མ་གཉིས་མཁན་སློབ་བསྟེན་ནས་བསྙེན་རྫོགས་ཁྲིམས་ཆེན་གྱི་སྡོམ་པ་ནོས། སྐྱི་མཁར་གྱི་སློབ་དཔོན་མེ་སྟོན་ཞི་བའི་དྲུང་ནས་དབལ་ཕུར་སྡེ་སྐོར་དོན་གྱི་དབང་ཁྲིད་ཞུས། ཁྱད་པར་དུ་རྨ་སྟོན་ལྕམ་མེ་དང་དབྱིལ་སྟོན་ཁྱུང་རྒོད་རྩལ་བཅས་ཀྱི་དྲུང་ནས་གཏེར་བོན་ཡོངས་སུ་རྫོགས་པའི་དབང་དང་ཁྲིད་ལུང་མན་ངག་བཅས་ཞུས་ཏེ་བསྟན་པའི་བདག་པོར་གྱུར།

གཞན་ཡང་གཏེར་སྟོན་བརྒྱ་རྩའི་གཙོ་བོ་གཤེན་ཆེན་ཀླུ་དགའ་དང་། གཉན་འཐིང་ཤེས་རབ་རྡོ་རྗེ། གཞོད་སྟོན་དངོས་གྲུབ་གྲགས་པ། སྤྲུལ་སྐུ་ལུང་བོན་ལྷ་གཉན། རྨ་སྟོན་སྲིད་འཛིན། འོལ་སྒོམ་སོགས་ཀྱིས་གཏེར་ཞལ་ཕྱེས་པའི་བོན་སྡེ་གསེར་གྱི་ཡང་ཞུན་ལྟར་གྱུར་པ་རྣམས་ལ། གཟིགས་ཞིབ་ལྷུག་པོར་གནང་ནས་ཟབ་མོའི་དོན་རྣམས་མངོན་དུ་གྱུར་བར་མཛད།

གཉིས་པ།   བསྟན་པའི་གསལ་བྱེད་དུ་སྤེལ་བའི་གཞུང་འགྲེལ་དང་ཆ་ལག་ཁག་ལ་མཚོན་ན།   ཆུང་བ་ཆུ་སྦྱིན་ནས་ཆེ་བ་གསང་སྔགས་ཡན་ཆད་ལ་འགྲེལ་དང་ཆ་ལག་མ་སྤེལ་བ་ཞིག་མེད་ན་ཡང་།  དུས་ཀྱི་གཉན་འཕྲང་ཁྲོད་བསྟན་པར་འགལ་རྐྱེན་ལན་མང་བྱུང་བའི་རྐྱེན་གྱིས་རྒྱལ་བའི་བཀའ་དང་རྗེས་འབྲེལ་བཀའ་བརྟེན་གྱིས་མཚོན་བོན་གྱི་གསུང་རབས་རྣམས་ལ་འཇིག་ཉེས་རིམ་པར་བྱུང་བར་བརྟེན།  ཨ་ཁྲིད་ཐུན་མཚམས་སུམ་ཅུ་དང་།  དབལ་གསས་ལས་རིམ་གྱི་གཞུང་དོན་འགྲེལ་བ་ཡིད་བཞིན་ནོར་བུ།  ཁྲོ་འགྲེལ་གསལ་བྱེད་ཉི་མའི་འཁོར་ལོ་བཅས་མཚན་བྱང་ཙམ་ལས་མཇལ་སྐལ་དུ་མ་གྱུར།

གསུམ་པ།  གཞུང་ལུགས་ལ་འཆད་ཉན་བྱེད་པའི་རིགས་པ་སྨྲ་བ་རྣམས་ལ་ཉེ་བར་མཁོ་ཞིང་རིན་ཐང་དང་ལྡན་པའི་གསུང་རྩོམ་ཁག་ཅིག་མཇལ་ཡུལ་དང་ཐོས་སྐལ་དུ་གྱུར་པ་ནི། ༡༽ཐེག་རིམ་གྱི་མཐའ་དཔྱོད་ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན། ༢༽ བར་དོ་གནད་དོན་བཞི་པ།  ༣༽ གགས་སེལ་གྱི་གདམས་པ་མུན་སེལ་སྒྲོན་མ།  ༤༽སྔགས་ཀྱི་ལམ་རིམ་ཡོངས་རྫོགས་སྟོན་བྱེད་ཀྱི་གཞུང་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ ཡིད་བཞིན་རྣམ་པར་བཀོད་པའི་རྒྱན། ༥༽ ཁྲོ་འགྲེལ་གསལ་བྱེད་ཉི་མའི་འཁོར་ལོ།  ༦༽  མདོ་སྡེ་གསར་རྙིང་ལུང་གི་དགོངས་པ་བདུན་ཚིགས་སྤྱི་དྲིལ་ཉམས་སུ་ལེན་ཐབས།  ༧༽  གསང་སྔགས་ལམ་གྱི་འཇུག་ཆོག་མུ་ཏིག་འཕྲེང་བ།  ༨༽  ཞི་བའི་རྒྱུད་ཉམས་ལེན་ལྔ་སྐོར་སེ་དཀར་གྱི་སྙན་རྒྱུད་ལ་ཡི་གེར་བཏབ་པ། ༩༽  ཨ་ཁྲིད་ཐུན་མཚམས་སུམ་ཅུ་པ། ༡༠༽  ས་ལམ་གྱི་མཐའ་དཔྱོད་ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེའུ་མིག ༡༡༽   མན་ངག་ལུང་གི་ཚད་མ་དང་རྣམ་འབྱེད་འཕྲུལ་ལྡེ་སོགས་ཀྱི་མཐའ་དཔྱོད་ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད། ༡༢༽  མཛོད་གནས་བཅུ་བདུན་གྱི་མཐའ་དཔྱོད་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་ཀླད་དོན་དང་ལུས་རྣམ་པར་བཞག་པའི་འགྲེལ་བ།  ༡༣༽  ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ཀྱི་འགྲེལ་བ་གསལ་བྱེད་འཕྲུལ་གྱི་མེ་ལོང་།  ༡༤༽དབལ་གསས་ལས་རིམ་གྱི་གཞུང་དོན་འགྲེལ་བ་ཡིད་བཞིན་ནོར་བུ་བཅས་གསུང་རབས་པོད་གྲངས་བཅུ་བཞི་རུ་གྲགས་པ་དེ་རྣམས་ཡིན་ནོ།།

བཞི་པ།  སྐབས་འདིར་གླེང་བར་བྱ་བའི་གཞི་དངོས་ནི།   དམ་པ་གང་ཉིད་ཀྱིས་མཛད་པའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བའི་ཚད་མའི་བཀའ་བརྟེན་ཆེན་མོ་དེ་ཉིད་དོ།   ཚད་མའི་བཀའ་བརྟེན་ཆེན་མོ་འདི་ཉིད།  རོང་སྟོན་ཚུལ་སེང་གིས་ཉེ་བར་བསྐུལ་ཏེ་སྦྱར་བ་ཉིད་ཀྱི་འགྲེལ་ལས་གསལ་བ་ལྟར་ཡིན་ལ།  ཚད་མ་རིག་པའི་གཏེར་མཛོད་ཆེན་པོ་འདི་ཉིད་བཀའ་བརྟེན་ཡིན་པར་བརྟེན།  རྩིས་འགོ་རྣམ་པ་ལྔ་འམ་བདུན་དང་འབྲེལ་བའི་སྒོ་ནས་བརྩམས་པ་ཞིག་ཡིན་པར་གསལ།   ཐོག་མར་གཞུང་འདི་ཉིད་མཛད་པའི་དཔོན་གསས་ནི །   ཕྱི་ལོའི་དུས་རབས་༡༢པའི་ཁོངས་སུ་འཁྲུངས་པའི་བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་ཞེས་བྱ་བ།   ཕྱི་སོ་སོ་ཐར་པས་རྒྱུད་བསྡམས། ནང་གསང་བ་སྔགས་ཀྱི་ཐེག་པའི་གཞུང་བསྲངས། བློ་ཕུག་བླ་མེད་རྫོགས་པ་ཆེན་པོ་ལ་གཏད་པའི་སྡོམ་གསུམ་འགལ་མེད་ལམ་དུ་སློང་བའི་གཤེན་གྱི་དྲང་སྲོང་ཆེན་པོ།   མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་གཞུང་ལུགས་རབ་འབྱམས་རྒྱ་མཚོ་ལ་མངའ་བསྙེམས་ཤིང་སྤྱན་དཀྱུས་རབ་ཏུ་ཡངས་པ།  ཁྱད་པར་དུ་དབུ་ཚད་དང་གསང་སྔགས་ཀྱི་བོན་ལ་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་པད་མོ་རབ་ཏུ་བཞད་ཅིང་།  གནའ་དེང་མཁས་གྲུབ་ཀུན་གྱིས་གདེང་འཇོག་འོས་པའི་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་རང་རྒྱུད་ལ་སྦྱར་ཏེ་འགྲེལ་བའི་གཡས་རུའི་རིགས་པ་སྨྲ་བའི་སེང་ཆེན་དུ་གྲགས་པ་དེ་ཉིད་ཡིན་ནོ།

གཉིས་པ་ཡུལ་གང་དུ་མཛད་པ་ནི།  བོན་གྱི་གདན་ས་ཆེན་པོ་གཡས་རུ་དབེན་ས་ཁ་ཞེས།   སྐལ་ལྡན་བརྒྱ་ཕྲག་དུ་མས་ལུང་དང་རིགས་པའི་འབེལ་གཏམ་རྟག་ཏུ་སྒྲོགས་ཤིང་མཁས་གྲུབ་ཀྱི་ཚང་ཆེན་བར་མ་ཆད་པར་བརྡོལ་བའི་གནས་མཆོག་དེ་ཉིད་དོ།  གསུམ་པ་ཕྱོགས་གར་གཏོགས་པ་ནི།  བོན་སྒོ་བཞི་མཛོད་དང་ལྔ་ཡི་ནང་ནས།  མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་ཏེ།  སྒོ་བཞི་ཀུན་ལ་རྒྱུག་ཅིང།  མཐར་ཐུག་སྣང་ལ་རང་བཞིན་མེད་པའི་དོན་གཏན་ལ་འབེབ་པར་བྱེད་པའོ།  སྡེ་སྣོད་གསུམ་གྱི་ནང་ནས།  མངོན་པའི་སྡེ་སྣོད་གྱི་ཁོངས་སུ་གཏོགས་ཏེ།  བསླབ་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་གཞུང་ཡིན་པའི་ཕྱིར་རོ།  རིག་པའི་གནས་ལྔ་ཡི་ནང་ནས།  སྒྲ་རིག་པའི་ཁོངས་སུ་གཏོགས་ཏེ།  སྒྲ་རིག་པའི་འབུམ་སྡེ་གསུམ་གྱི་ནང་ནས་སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོའི་ཁོངས་ནས་བྱུང་བ་ཡིན་པའི་ཕྱིར་རོ།  བཞི་པ་རྒྱུད་གང་ལས་བཏུས་པ་ནི།  རིག་པའི་གཏེར་མཛོད་དེ་ཉིད་ལས། ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས།  བདེར་གཤེགས་རྒྱལ་བའི་དགོངས་ལུང་མཐའ་དག་དང།  རབ་གསལ་འཕགས་པའི་མན་ངག་བཅུད་དུ་འདྲིལ། ཞེས་པའི་ལུང་གི་བསྟན་དོན་ལྟར།  སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་སྒྲའི་འབུམ་གསུམ་དང།  ཚད་མ་སྡེ་བདུན།  གཞན་ཡང་ཞང་བོད་ཀྱི་མཁས་གྲུབ་ཆེན་པོ་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་རྣམ་འབྱེད་འཕྲུལ་ལྡེ་དང།  ལི་ཤུའི་མན་ངག་ལུང་གི་ཚད་མ།  ཤ་རའི་གལ་མདོ་སོགས་ཀྱི་དགོངས་དོན་ཇི་བཞིན་བླངས་ཏེ་བཏུས་པར་མཛད་པའོ།  ལྔ་པ་མཚན་ལ་ཇི་ལྟར་གསོལ་བ་ནི།  ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བ་ཡིན། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་ནི་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་དང་མ་རྟོགས་པ་ལས་བྱུང་བར་གསུངས་ཤིང།  དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱེད་པའི་ཐབས་ལ་ཐམས་ཅད་མཁྱེན་པས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་ཀྱང་།  དེ་རྣམས་ཀྱི་དོན་ཚུལ་བཞིན་དུ་འགྲེལ་ཞིང་ཤེས་བྱའི་གནས་ལུགས་འཇལ་བར་བྱེད་པ་ལ་ཚད་མ་ནི་སྙིང་པོ་ལྟ་བུ་གྱུར་པས་ན། ཚད་མའི་སྙིང་པོ་དེ་ཁོ་ན་ཉིད། ཅེས་དང་།  ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད།  ཅེས་བྱ་བ་ནི།  མདོ་སྔགས་སེམས་གསུམ་གྱིས་མཚོན་སྔགས་སེམས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟར་རྒྱ་ཆེ་ཞིང་གཏིང་ཟབ་པའི་ནང་ནས། དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་འབེབ་པར་བྱེད་པའི་ཚད་མའི་རྣམ་བཞག་ལ། རྩ་བའི་དབང་དུ་བྱས་ན། ཚད་མ་གསུམ་དང་།  དེ་ལས་རྒྱས་པར་ཕྱེས་ན་ཚད་མ་དྲུག་གི་རིམ་པ་གུད་དུ་བཞུགས་པ་རྣམས་དང་།

ཁྱད་པར་དུ་རིན་པོ་ཆེ་ཡི་གཏེར་དང་འདྲ་བའི་གནས་སྐབས་དང་མཐར་ཐུག་གི་རིག་པ་ཚད་མའི་བོན་སྡེ་རྣམས་ཕྱོགས་གཅིག་ཏུ་སྤུངས་པའི་རིག་པའི་མཛོད་ཆེན་འདི་ཉིད་ཡིན་པས།  དཔེ་དོན་གཉིས་དང་འབྲེལ་བའི་སྒོ་ནས་མཚན་གྱི་རིམ་པ་དེ་ཉིད་གསོལ་བ་ཡིན་ནོ། དྲུག་པ་དོན་ཆེད་དགོས་པ་ཅིའི་དོན་དུ་མཛད་པ་ནི།  བདེ་ལེགས་དང་བདེ་ལེགས་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པ་ལ།  འཁོར་འདས་སྤང་བླང་གི་རྣམ་བཞག་ཚུལ་བཞིན་དུ་ཤེས་དགོས།  དེ་ལྟར་རྒྱུ་མཚན་དང་སྦྲེལ་ཏེ་འཇུག་ལྡོག་གི་རིམ་པ་ལ་མཁས་པར་བྱེད་པ་དེ་ཉིད།   ཡིན་ལུགས་ཚུལ་བཞིན་དུ་དཔྱོད་པའི་རིག་པ་ཚད་མ་དང་རྒྱལ་འཕགས་ཀྱི་བཀའ་ལུང་ཟབ་མོ་དེ་དག་གཞི་རྩར་འཇོག་པ་ལ་བརྟེན་ནས་འབྱུང་དགོས་པ་ཡིན་པས་ན་དེ་ལྟར་རོ། རྒྱུ་མཚན་དེ་དག་གི་ཕྱིར་མཐར་གཏུགས་ན་འཁོར་འདས་ཀྱི་མཚན་ཉིད་ཤེས་པ་གལ་ཆེ་བ་ཤེས་བྱེད་དུ།  བོན་གྱི་སྤྱན་ལྡན་ཆེན་པོས་ཀུན་བཏུས་ལེའུ་བརྒྱད་ཀྱི་ཐ་མར་མཚན་མཚོན་གཞི་གསུམ་གྱི་རྣམ་བཞག་དེ་ཉིད་བསྟན་པ་ཡིན་ལ།  རྗེ་བདག་ཉིད་ཆེན་པོས་ཤེས་པར་བྱ་བའི་ཡུལ་གྱི་དབང་དུ་བྱས་ནས།  ལེའུ་དང་པོའི་ཁོངས་སུ་བསྡུས་ཏེ་བསྟན་པ་ཡིན་ནོ།   རྣམ་པ་གཅིག་ཏུ་ན།  སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་ཡིད་གཉིས་ཀྱི་དབང་གིས་རྒོལ་བར་འགྱུར་པའི་ཚེ།  ཚད་མའི་རིག་ལམ་ལ་བརྟེན་ནས་དགག་བཞག་སྤོང་གསུམ་དང་འབྲེལ།  ཡིན་ལུགས་ཅི་བཞིན་གོ་བརྡ་སྤྲོད་དགོས་པས་ནའོ། བདུན་པ་དེ་ལྟར་མཛད་པའི་ཡོན་ཏན་ནི།  རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་བདེ་བླག་ཏུ་རྟོགས་པ་ལ་བརྟེན་ནས།  ཡང་དག་ངེས་པའི་ལམ་ལ་འཇུག་པར་འགྱུར་བ་དང་།  བློ་སྒྲོམ་རྨོངས་པའི་ཐ་རམས་ཀྱི་སྒོ་མོ་འབྱེད་པར་མཛད་པ་དང་།  ལེགས་པ་ཀུན་འབྱུང་གི་ཡོན་ཏན་བསྐྱེད་པར་མཛད་པ།  མྱང་འདས་ཐར་པའི་གྲོང་དུ་བསྐྱོད་པར་མཛད་པ།  སྣ་ཚོགས་དྲི་མ་མེད་པའི་ཡེ་ཤེས་ཀྱི་ཚོགས་རྣམས་རྒྱས་པར་མཛད་པ།  མི་རྟོག་ཤེས་རབ་ཀྱི་སྣང་བ་འདྲེན་པར་བྱེད་པ། མཐའ་བྲལ་གཡོ་མེད་ཀྱི་ངང་ལ་མཉམ་པར་མཛད་པ། མཐར་ཐུག་འདས་པ་ཆེན་པོའི་དངོས་གྲུབ་བསྙེམས་ཏེ།  སྒྲིབ་གཉིས་གཡུལ་ལས་རྣམ་པར་རྒྱལ་བའི་ཡོན་ཏན་དགུ་དང་ལྡན་པའི་ཚུལ།  ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ལས།  དེ་ལྟར་ཟབ་འབྲས་ལེགས་པའི་གཞུང་ལུགས་ལ།  ཞེས་པ་ནས།  དེ་ལྟའི་ཡོན་ཏན་རྣམ་པ་ཀུན་ལྡན་པའི། ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་འདི།  ཞེས་པའི་བར་གསལ་བར་བསྟན་པ་ལྟར་བཀོད་པ་ཡིན་ནོ།

ལྔ་པ།  དེ་ལྟར་རྨད་དུ་བྱུང་བའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བའི་ཚད་མའི་འགྲེལ་ཆེན་འདི་ནི། ཡ་ཐོག་ཞང་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་ཚད་མ་རིག་པའི་གཞུང་ཆེན་ཁག་ལ་གཞི་བཅོལ་ནས་བརྩམས་གནང་བ་སྟེ།    རྩ་བའི་ས་བཅད་གསུམ་དང་ལེའུ་བརྒྱད་ལས་གྲུབ་པའི་བདག་ཉིད་ཅན་ཞིག་ཡིན། འགྲེལ་ཆེན་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་བོན་ནི།   གཞན་ཟེར་དང་རྗེས་ཟློས་སོགས་ཀྱིས་མ་སླད་པ་ཙམ་དུ་མ་ཟད།  རྒྱུ་མཚན་དང་ལྡན་པའི་ཐོག་ནས་ཐུན་མོང་མ་ཡིན་པའི་བློ་རིག་ཀྱི་རྣམ་བཞག་དང་།  མཚུངས་ལྡན་གྱི་རྣམ་བཞག།   རྫས་ལྡོག་གི་རྣམ་བཞག།  ཐལ་འགྱུར་དང་རྟགས་ཀྱི་རྣམ་བཞག།  མངོན་འགྱུར་དང་ལྐོག་གྱུར་གྱི་རྣམ་བཞག།   མཚན་མཚོན་གཞི་གསུམ་གྱི་རྣམ་བཞག་བཅས་འཕྲོས་སྦྱོར་གྱི་རིམ་པ་ཙམ་མིན་པར་མཐའ་དཔྱོད་ཀྱི་སྡོམ་ཚིག་ཏུ་སྤེལ་ནས་བཀོད་ཡོད།  གཞན་ལུགས་དགག་པའི་ཁོངས་གཞན་སྡེའི་སྡེ་བདུན་གྱི་གཞུང་དང་།  ས་པཎ་གྱི་ཚད་མ་རིགས་གཏེར་དུ་གསལ་བའི་རང་ལུགས་སུ་བཞག་པ་འགའ་ཞིག་ལ་དགག་སྒྲུབ་ནན་པོ་གནང་ཡོད།

གཞན་ཡང་ཆ་བཞག་དང་རིགས་གནས་མཚོན་བྱས་ཁྱད་པར་དུ་བྱས་པ་རྣམས་གཏན་ནས་མི་མངོན་ལ།  ཚིག་དོན་གཉིས་ཀྱི་ནང་ནས་གཙོ་བོ་དོན་གྱི་ཆ་ནས་འགྲེལ་བར་མཛད་པ་ཞིག་ཡིན།  ལེའུ་དང་པོའི་ཁོངས་སུ་མཆོད་བརྗོད་དང་གླེང་གཞི།  ཤེས་པར་བྱ་བ་ལ་ཡུལ་གསུམ་གྱི་རང་བཞིན་དང་། ཤེས་བྱེད་བློ་ཡི་རང་བཞིན་ལ་རྟོག་པ་དང་རྟོག་མེད།  བློ་རིག་བརྒྱད་དང་ཚད་མིན་གྱི་བློ་ལྔ་བཅས་ཀྱི་རྣམ་བཞག་སོགས་བསྟན།  ལེའུ་གཉིས་པའི་ཁོངས།  ཚད་མ་སྤྱི་ཡི་རང་བཞིན་དང་། དགག་སྒྲུབ་དང་རྫས་ལྡོག། རྫས་ཡོད་དང་བཏགས་ཡོད། བརྗོད་བྱ་དང་རྗོད་བྱེད། དངོས་རྟོགས་དང་ཤུགས་རྟོགས།  སྤྱི་དང་བྱེ་བྲག  དགག་སྒྲུབ་ཀྱི་དངོས་ཤུགས་རྟོགས་ཚུལ། མངོན་རྗེས་ལ་ལོག་རྟོག་དགག་པའི་རིམ་པ་བཅས་གསལ་བར་བསྟན། ལེའུ་གསུམ་པའི་ཁོངས་རྒྱལ་བའི་བཀའ་ཚད་མ་དང་། ལུང་ཚད་མ་གཉིས་ཀྱི་རྣམ་བཞག་རྒྱས་པར་གསུངས། ལེའུ་བཞི་པའི་ཁོངས་མངོན་རྗེས་གཉིས་ཀྱི་དབྱེ་གཞིར་གྱུར་པའི་རིག་པ་ཚད་མའི་རྣམ་བཞག་སྤྱི་དང། ནང་གསེས་མངོན་སུམ་ཚད་མའི་རིམ་པ་བཅས་བཤད། ལེའུ་ལྔ་པའི་ཁོངས་རྗེས་དཔག་ཚད་མའི་མཚན་ཉིད་དང་བསྒྲུབ་བྱའི་སྐོར། རྗེས་དཔག་གི་སྒྲ་འཇུག་ཚུལ་གྱི་བཤད་པ། བོན་ཅན་གྱི་བཤད་པ། མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་བཤད་པ། རྟགས་ལྟར་སྣང་ལས་འཕྲོས་པའི་འགལ་དང་མ་ངེས་མ་གྲུབ་གསུམ་གྱི་རྣམ་བཤད་དང་། རྟགས་ཀྱི་བྱེད་ལས། འགལ་འབྲེལ་དང་། ཡང་དག་པའི་རྟགས་ཀྱི་རྣམ་དབྱེ་བཅས་གསལ། ལེའུ་དྲུག་པའི་ཁོངས་རང་དོན་རྗེས་དཔག་དང་དགག་སྒྲུབ་ཀྱི་རྟགས་གཉིས་པོའི་སྐོར་ཁ་གསལ་བྱས། ལེའུ་བདུན་པའི་ནང་གཞན་དོན་རྗེས་དཔག་དང་། རྗེས་དཔག་གི་བསལ་བ། རྒོལ་བའི་རྣམ་བཞག  རྩོད་ངག  ཐལ་འགྱུར་བཅས་གསུངས། ལེའུ་བརྒྱད་པའི་ནང་མཚན་མཚོན་གཞི་གསུམ་གྱི་བཤད་པ་དང་། མཚན་ཉིད་ཀྱི་རྣམ་བཞག། མཚོན་བྱའི་རང་བཞིན། མཚན་གཞི་ཡི་རང་བཞིན། མཚན་མཚོན་གཞི་གསུམ་གྱི་འབྲེལ་ཚུལ་དང་། མཚོན་ཚུལ། འགལ་མཚུངས།  མཚན་མཚོན་འཁྲུལ་པ་སྤོང་བའི་རིམ་པ་བཅས་ལེགས་པར་གཏན་ལ་ཕབ་ནས་བསྟན།  ལེའུ་བརྒྱད་པོ་དེ་དག་མདོར་དྲིལ་ན། རྩ་བའི་ས་བཅད་གསུམ་གྱི་ཁོངས་སུ་འདུ་བ་སྟེ།  རྩ་བའི་ས་བཅད་དང་པོ་ཤེས་པར་བྱ་བ་ཡུལ་གྱི་རང་བཞིན་ཁོངས་ལེའུ་དང་པོ་དང་།  རྩ་བའི་ས་བཅད་གཉིས་པ་ཤེས་པར་བྱེད་པ་ཡུལ་ཅན་གྱི་རང་བཞིན་ཁོངས་ལེའུ་གཉིས་པ་ནས་ལེའུ་བདུན་པའི་བར་ཆ་ཚང་དང་།  རྩ་བའི་ས་བཅད་གསུམ་པ་དེ་དག་གི་རང་བཞིན་མཚན་མཚོན་གཞི་གསུམ་གྱི་རང་བཞིན་གཏན་ལ་དབབ་པའི་ཁོངས་ལེའུ་བརྒྱད་པ་ཆ་ཚང་བསྡུས་ཡོད།

དྲུག་པ།   དེས་ན་བསྟན་པ་ཕྱི་དར་གྱི་དུས་སུ་མཁས་པ་དང་གྲུབ་པའི་རྒྱལ་མཚན་འཛིན་པའི་སྐྱེས་བུ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་མྱོང་ཡང་།   ཟབ་པ་དང་རྒྱ་ཆེ་བའི་གཞུང་དོན་འགྲེལ་བ་ལ་ཐོག་པ་མེད་པའི་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་འདབ་བརྒྱ་བཞད་པ་ནི།    བློ་གྲོས་ཀྱི་བདག་ཉིད་བྲུ་སྟོན་ཉི་རྒྱལ་དང་།  འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན།  སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར།   རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་རྣམས་ཡིན།   འོན་ཀྱང་གཞུང་དོན་ཁག་ལ་མཐའ་དཔྱོད་ཀྱི་སྡོམ་ཚིག་དང་དགག་བཞག་སྤང་གསུམ་གྱི་རིམ་པ་དང་འབྲེལ་ནས།  ཐུན་མོང་མ་ཡིན་པའི་རིག་པའི་རང་རྩལ་ངོམ་པར་ནུས་པའི་སྐྱེས་བུ་ཆེན་པོ་དེ་ནི།     གཡས་རུའི་རིགས་པ་སྨྲ་བའི་སྟོན་པ་བཅོ་བརྒྱད་ཀྱི་ཁོངས་ནས་སྟོན་པ་བརྒྱད་པ་བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་དུ་གྲགས་པ་དེ་ཉིད་ལས་མ་འདས་སོ།  སྨན་རིའི་མཁན་རབས་ཉེར་གཉིས་པ་ཀུན་མཁྱེན་ཉི་མའི་དབང་པོས།     གསང་སྔགས་དང་དབུ་ཚད་ཀྱི་བོན་ལ་མངའ་བསྙེམས་པ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་ཞེས་བསྔགས་པར་མཛད་པ་མ་ཟད།  བདག་ཉིད་ཆེན་པོས་མཛད་པའི་གབ་འགྲེལ་ཀུན་བཟང་དགོངས་རྒྱན་ལས་ཀྱང་།    ལུང་རིགས་ཀྱི་དབང་ཕྱུག་ཁྱུང་གི་རྒྱལ་མཚན།   བསྟན་པའི་མངའ་བདག་རྗེ་བཙུན་ཆེན་པོ།  བློ་གྲོས་ཀྱི་གཏེར་ཆེན་བྲུ་སྟོན་ཉི་རྒྱལ། བསླབ་གསུམ་གྱི་དབང་ཕྱུག་གཡོར་པོ་མེ་དཔལ།  ལུང་རིགས་ཀྱི་མངའ་བདག་མཁས་པ་གཉོས་རྒྱལ།  དྲི་མེད་ཀྱི་སྤྱན་ལྡན་བདུད་རྩི་རྒྱལ་མཚན།  འཕྲིན་ལས་ཀྱི་རྒྱ་མཚོ་འགྲོ་མགོན་བློ་གྲོས་ཞེས་བསྔགས་པར་མཛད་པ་དེ་ལྟར་རོ། །

བདུན་པ།   རྗེས་འཇུག་བུ་སློབ་གྱི་གྲོལ་ཚུལ་དང་དགོངས་པ་བོན་དབྱིངས་སུ་གཤེགས་པའི་ཚུལ་ནི།   དམ་པ་འདི་ཉིད་བྲུ་ཡི་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁར་གབ་མཛོད་ས་གསུམ་གྱིས་མཚོན་གཞུང་ཆེན་རྣམས་ཀྱི་འཆད་ཁྲིད་བསྐྱངས་ཏེ།   ཞལ་སློབ་བརྒྱ་ཕྲག་གི་གྲངས་ལས་བརྒལ་ན་ཡང་།    མཁས་པའི་བྱ་བ་རྣམ་པ་གསུམ་དང་ལྡན་པའི་ཞལ་སློབ་མཆོག་ཏུ་གྱུར་པ་རྣམས་ནི།   གཡས་རུ་དབེན་ས་ཁར་བྲུ་སྟོན་འདུལ་བ་རྒྱལ་མཚན་དང་།   ལ་སྟོད་དུ་བྲུ་སྟོན་ཚུལ་ཁྲིམས་རྒྱལ་མཚན།  མདོ་ཁམས་དུ་ཁྲོ་ཚང་ཚུལ་ཁྲིམས་རྒྱལ་མཚན།  མཇེད་ཀྱི་དར་ལྡིང་དུ་གཤེན་སྟོན་བློ་གྲོས་རྒྱལ་མཚན་དང་བཞིའོ། དེ་ལྟར་འཕྲིན་ལས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་ནས་དགུང་གྲངས་དྲུག་བཅུ་རེ་དྲུག་ཕྱི་ལོ་༡༢༦༣རབ་བྱུང་བཞི་པའི་ཆུ་མོ་ཕག་གི་ལོར་འདིར་སྣང་གི་བཀོད་པ་བསྡུས་ནས་བོན་ཉིད་དག་པའི་དབྱིངས་སུ་ཞི་བར་གཤེགས་པའོ། །

སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་ཀྱིས་མཛད།