གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོན་དགོན་རྫོགས་ཆེན་ཡོངས་རྩེ་གླིང་།

IMG_4392ཨར་ལྟ་བླ་མ་རིན་པོ་ཆེ་གཤེན་གྱི་རྣམ་འབྱོར་བ་ཚུལ་ཁྲིམས་རྣམ་རྒྱལ་མཆོག་གིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོལ་གྱི་ཉེ་འགྲམ་དུ་གཡུང་དྲུང་བོན་གྱི་དགོན་སྡེ་བོན་དགོན་རྫོགས་ཆེན་ཡོངས་རྩེ་གླིང་ཞེས་པ་གསར་བཞེངས་མཛད་བཞིན་པ།

གཤེན་གྱི་རྣམ་འབྱོར་བ་ཚུལ་ཁྲིམས་རྣམ་རྒྱལ་གྱི་ལོ་རྒྱུས།
ཁོང་ཉིད་སྤྱི་ལོ་༡༩༦༦་ལོར་འཁྲུངས། རྣལ་འབྱོར་བ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་སྔོན་འགྲོ་བོན་སྤྱོད་དང་ཐུན་མིན་རྫོགས་ཆེན་གྱི་གདམས་ཟབ་མང་དུ་ཞུས་ཏེ་༡༩༨༥་རང་ལོ་ཉི་ཤུའི་ཐོག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། ༡༩༨༦་ལོར་གཙང་བཀྲ་ཤིས་སྨན་རི་དགོན་དུ་སྒྲིག་ཞུགས་ཞུས། གཡུང་དྲུང་གླིང་གི་སློབ་དཔོན་ཀུན་བཟང་བློ་གྲོས་ཀྱི་མདུན་ནས་བསྡུས་གྲྭ་དང་། ཤེས་རབ་མཆོག་ལྡན་གྱི་དྲུང་ནས་སྨར་ཡིག་དང་སྤུངས་སོ་དང་ལན་ཝར་གྱི་བཤད་རྒྱུན་ཉན། རག་ཤི་རྟོགས་ལྡན་དང་བེ་རུ་རྟོགས་ལྡན་རྣམ་གཉིས་ཀྱི་དྲུང་ནས་དབང་ལུང་གདམས་ཟIMG_4541བ་དུ་མ་ཐོབ། སློབ་དཔོན་དྲང་སྲོང་གཡུང་དྲུང་རིན་པོ་ཆེའི་མདུན་ནས། ཤར་རྫའི་སྒྲུབ་གྲྭའི་ཟུར་ཁྲིད་ཞུགས་ནས་ཁྲིད་ལུང་དང་འདུལ་བ་རྒྱས་བསྡུས་དང་ཡེ་ཁྲི་བསྒྲགས་པ་སྐོར་གསུམ་སོགས་ཁྲིད་ལུང་དབང་གདམས་མང་པོ་ཐོབ། རྩེ་དྲུག་མཁན་རིན་པོ་གོ་སེ་སྤྲུལ་སྐུའི་མདུན་ནས་གསས་མཁར་མཆོག་ལྔའི་དབང་བཞི་དང་། བོན་གསར་མའི་ཐུན་མོང་མ་ཡིན་པའི་དབང་བཞི་ཕལ་ཆེར་ཐོབ། མཁན་པོ་གཙུག་ཕུད་ཚུལ་ཁྲིམས་ཀྱི་མདུན་ནས་ཞང་ཞུང་སྙན་རྒྱུད་ཀྱི་ལྗགས་ལུང་དང་། ཐུན་མིན་རུ་ཤན་རྩ་རླུང་སོགས་སྦྱངས། མཚམས་པ་ཡེ་ཤེས་རྒྱལ་མཚན་གྱི་དྲུང་ནས་ཐོད་རྒལ་དང་མུན་ཁྲིད་སོགས་གདམས་ངག་ཟབ་མོ་འགའ་ཞིག་ཐོབ། རྣལ་འབྱོར་ནམ་མཁའ་རྒྱལ་མཚན་གྱི་མདུན་ནས་ཁྲིད་ལུང་མང་པོ་ཞུས། ཉམས་རྒྱུད་སོགས་ཁ་ཤས་ཕར་ལའང་ཕུལ། ཁ་བོ་རྟོགས་ལྡན་རིན་པ་ཆེའི་མདུན་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོོའི་ལུང་དང་། གཞན་ཡང་སྒྲུབ་སྐོར་མང་དག་གི་ལྗགས་ལུང་ཐོབ། ཡང་ཁོང་གི་ཡབ་ཆེན་ཡེ་ཤེས་བཟོད་པའི་དྲུང་ནས་ཆོ་ག་ཕྱག་ལེན་གང་མང་སྦྱངས་པ་གནང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། ཁ་བོ་རྟོགས་ལྡན་རིན་པོ་ཆེ། སྦ་བླ་ཟླ་བ་རྒྱལ་མཚན་རིན་པོ་ཆེ་གསུམ་མཁན་སློབ་དཔང་གསུམ་མཛད་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཞུས། དེ་རྗེས་བླ་མ་ཡོན་ཏན་རྒྱལ་མཚོ་སློབ་འཁོར་དང་། ཉམས་གསལ་རི་ཁྲིད་དུ་དབུ་རི་བླ་མ་སྐུ་མཆེད་སོགས་ལ་རྩ་རླུང་གཏུམ་མོའི་སྐོར་ཕར་ལ་དཔེ་ཁྲིད་བྱས། དེ་ནས་མཚམས་ཁང་ཞིག་བསྐྲུན་ཏེ་ལོ་ཤས་རིང་སྔར་གང་ཞུས་པ་དེ་དག་རང་རྒྱུད་ལ་འབྱོར་བའི་བརྩོན་འགྲུས་ཀྱིས་ཉམས་ལེན་མང་དུ་མཛད།

༡༩༩༩། དགུང་ལོ་སོ་ལྔའི་ཐོག་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་རྩེར་གསར་དུ་འབྱོར་ཏེ། སྒྲུབ་གྲྭའི་སྡེ་ཚན་དུ་ཞུགས་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཟུང་གི་དྲུང་ནས་བླ་མེད་གཞུང་ཆེན་སྡེ་བཞིའི་མ་བུ་ཆ་ལག་སོགས་མདོ་སྔགས་རྫོགས་གསུམ་གྱི་ཁྲིད་ལུང་དབང་གདམས་ཞུས་ཏེ་༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་སྒྲུབ་གྲྭ་མཐར་སོན་ནས་ད་ལྟའི་བར་དཔྱད་འཇོག་རེས་མོས་ཀྱིས་ཐུགས་བརྩོན་གནང་བཞིན་མཆིས། སྐབས་དེ་དུས་བཤད་སྒྲུབ་འདུས་སྡེའི་སྒྲུབ་གྲྭའི་དགེ་བསྐོས་དང་གྲྭ་ཚང་གི་དངུལ་གཉེར་གཅིག་ཆོག་བྱས།

༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་དྲུང་ནས་ཤེས་རབ་ལྷ་མཆོག་ཕྱྭ་སྲས་ཀེང་ཙེའི་IMG_4419དབང་ཐོབ། ཁོང་གིས་འཆར་ཅན་སྒོམ་རྒྱག་དགོས་ཚུལ་གྱི་བཀའ་སློབ་ཤིན་ཏུ་སྨར་བ་གནང་བས་ཤིན་ཕན་པོ་བྱུང་སོང་བས་གདམ་ངག་བསྟན་ཚུལ་འདིས་ཆོག་པ་ཙམ་དུ་གོ་བ་བྱུང་ཞེས་གསུངས།
གཞན་ཡང་དཔལ་ལྡན་ཁྲི་བརྟན་ནོར་རྩེར་དགེ་རྒན་མཁས་པའི་དབང་པོ་དག་གི་མདུན་ནས་སུམ་རྟགས་དག་གསུམ་དང་། ནག་རྩིས། སྙན་ངག དཀྱིལ་འཁོར་ཐིག་རྩ་སོགས་ལའང་སྦྱངས་པ་གང་ལེགས་གནང་།

༢༠༠༦། ལོ་ནས་ཨུ་རུ་སུའི་རྒྱལ་ཁབ་ནང་གི་གཡུང་དྲུང་བོན་ལ་དད་མོས་ཅན་གྱི་འགའ་ཞིག་གིས་གདན་ཞུས་ལྟར་ཨུ་རུ་སའི་ལྷོ་ཤར་ཕྱོགས་སུ་Altaiskཨར་ལྟ་ཞེས་པ་རུ་ལོ་ལྟར་དབྱར་ཟླ་གསུམ་རིང་ཉིན་ལྟར་དཔེ་ཁྲིད་གསུམ་དང་ཐུན་གསུམ་སྟེ་རྒྱལ་ཁབ་དེ་གའི་མི་རིགས་གཙོས་པའི་རྒྱལ་ཁབ་ལྔ་དྲུག་ཙམ་གྱི་སློབ་མ་རྣམས་ལ། དང་པོ་སྔོན་འགྲོ་ཞི་གནས་རིགས་དྲུག་རང་སྦྱོང་འཁོར་འདས་རུ་ཤན་མུན་མཚམས་གཏུམ་མོ་རྨི་བ་ལམ་ཁྱེར་ནས་རིམ་བཞིན་བླ་IMG_4731མེད་རྫོགས་ཆེན་གྱི་ཉམས་ལེན་སྐྱོང་གནང་མཛད། གཞན་ཡང་ནག་རྩིས་དང་དཀྱིལ་འཁོར་ཐིག་རྩ་བོད་ཀྱི་སྐད་ཡིག་བཅས་ཀྱི་དཔེ་ཁྲིད་གནང་སྟེ། དབྱར་ཟླ་གསུམ་རིང་ཨུ་རུ་སུ་ལ་སློབ་མ་སྐྱོང་། དེ་རྗེས་ཕྱིར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་ཕེབས་ཏེ་མུ་མཐུད་ནས་ཉམས་ལེན་བྱས། སྤྱི་ལོ། ༢༠༡༣། ལོ་ནས་བཟུང་སྟེ་ཨུ་རུ་སུའི་ནང་གཏན་འཇགས་བྱས་ཏེ་རྒྱལ་ཁབ་འདིའི་སྐད་ཡིག་སློབ་སྦྱོང་དང་སྔར་བཞིན་དཔེ་ཁྲིད་མཛད། མ་ཟད་ཨུ་རུ་སུའི་བྱང་ནུབ་St Petersburgསང་པེའི་ཏྲེར་བོར་ཟེར་བའི་ས་གནས་སུ་ལོ་ལྟར་ཐེངས་བཞི་དང་ས་ཕྱོགས་གཞན་པ་འགར་ལོ་ལྟར་རྫོགས་ཆེན་གཙོས་པའི་གཡུང་དྲུང་བོན་གྱི་རིག་གཞུང་དཔེ་ཁྲིད་བྱས།

དེ་བཞིན་ཡོ་ཡོབ་ཕྱོགས་སུ་Lithuniaལིའི་ཐི་བ་དང་། Latviaལ་ཐི་བ་ཟེར་བའི་ས་གནས་སུ་ལོ་ལྟར་དཔེ་ཁྲིད་བྱེད་པར་ཐེངས་འགའ་བསྐྱོད་ཀྱི་ཡོད་པ་དང་། ལྷག་པར་དུ།
༢༠༡༣།ལོ་ནས་ཨུ་རུ་སུའི་རྒྱལ་སའི་ཉེ་འདབས་སུ་ས་ཆ་གཞི་རྒྱ་ཆེ་བ་ཞིག་ཉོས་ཏེ་བོན་དགོན་རྫོགས་ཆེན་ཡོངས་རྩེ་གླིང་ཞེས་པ་གསར་བཞེངས་ཀྱི་མཛད་ཕྲིན་བསྐྱང་བཞིན་པ་དང་། དགོན་པའི་ལྷ་ཁང་གཙོས་པའི་ཁང་མིག་ཁ་ཤས་ལེགས་གྲུབ་བྱུང་ཡོད་པ་བཅས་ཁོང་གི་ལོ་རྒྱུས་མདོར་བསྡུས་ཤིག

དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས།