གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྒྱལ་རོང་ཞིབ་འཇུག་སྐོར་གྱི་ཤེས་ཚོར་ཕྲན་གླེང་།

16140733437རྒྱལ་མོ་རོང་གི་རུས་རྒྱུད་མི་རབས་སོགས༎ཇི་ལྟར་འབྱུང་བའི་ལོ་རྒྱུས་ཏམ་བུ་ར༎སྐལ་བཟང་རྣ་བར་འཇེབས་ལས་ཡིད་ཆེས་ཀྱི༎ངེས་ཤེས་འདྲེན་པའི་ཕོ་ཉར་འགྱུར་ལ་རེ༎ཚུལ་འདི་ལོ་རྒྱུས་ཆེད་གཉེར་མཁས་རྣམས་ལས༎བླུན་རྨོངས་ཐ་ཤལ་བདག་འདྲའི་ཁུར་མིན་ཀྱང་༎གནའ་བོའི་ལོ་རྒྱུས་དབྱིངས་སུ་ཡལ་དོགས་ནས༎ཤེས་ཚོར་གསོང་པོར་གླེང་ལ་འགལ་བ་ཅི༎འོན་ཀྱང་ཁོ་བོའི་སྐྱེས་སྦྱངས་དམན་པ་དང་༎ལོ་རྒྱུས་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར༎འདི་ལ་ནོངས་དང་འགལ་འཁྲུལ་ཅི་མཆིས་པ༎གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་སེལ་བར་མཛོད༎
།དེ་ཡང་བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ་ཤར་ རྒྱལ་མོ་ཚ་བ་རོང་གི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་མ་འོངས་པའི་ཕུགས་ འདུན་གྱི་མདུན་ལམ་སོགས་ཀྱི་སྐོར་བརྟག་དཔྱད་ཞིབ་འཇུག་ལམ་ཙམ་བྱས་པའི་ཤེས་ཚོར་རགས་ཙམ་བརྗོད་པར།     བོན་གྱི་བླ་ཆེན་འཆི་མེད་ཚེ་དབང་རིག་འཛིན་གྱི་གསུང་ལས། དེ་ཡང་ཤར་ཕྱོགས་རྒྱལ་མོ་རོང་ཆེན་གྱི། །སྦས་པའི་རོང་བཞི་ཤོད་ཆེན་བཅོ་བརྒྱད་ལས། འགྲོ་དོན་དུས་ཀྱི་ས་རྟགས་རིམ་པ་གསུམ། །སྦས་པའི་ཡུལ་དེར་ཤིང་ཁང་ཉལ་ཉིལ་ཆགས། །རི་ཀླུང་ཀུན་ལ་མི་ཡིས་གང་བའི་ཚེ། །ཟས་སུ་རི་དྭགས་ཤ་ཁྲག་སྲོག་ལ་འཚོ། །ཞེས་གསུངས་པ་ལྟར་གྱི་རྒྱལ་མོ་རོང་གི་ཡུལ་གྲུ་འདིར། དང་ཐོག་མིའི་འགྲོ་བ་བྱུང་ནས་ནགས་ཁྲོད་དུ་ཤིང་ཁང་ཉལ་ཉིལ་ལ་བསྡད་དེ་རི་མགོར་ རི་དྭགས་བརྔོན་ནས་འཚོ་བ་སྐྱེལ་བའི་གདོད་མའི་མི་དེ་དག་གི་རིགས་རུས་གང་ཡིན་ཞེ་ན། དེ་ཞིབ་འཇུག་བྱ་ཡུལ་ཞིག་ཡོད་པ་ནི། ད་ལྟ་རྒྱལ་རོང་གི་ཁ་སྐད་ཅེས་བོད་ཀྱི་ཡུལ་སྐད་ཁྱད་པར་བ་ཞིག་མཆིས་པ་དེ་རེད། དེའི་རྒྱུ་མཚན་ནི་མིའི་སྐད་ཅེས་པ་དེ་ཤེས་རིག་དང་དངོས་པོ་གཞན་གང་ལས་ཀྱང་ འགྱུར་དལ་བ་ཞིག་རེད་ལ། ཡུལ་སྐད་ཀྱི་འབྱུང་རྐྱེན་གཙོ་བོ་ནི་ཡུལ་དེའི་གདོད་མའི་མིའི་སྐད་དེ་ཡིན་ དགོས། དེས་ན་རྒྱལ་མོ་རོང་གི་ཡུལ་སྐད་ལ་དབྱེ་ཞིབ་ཅིག་བྱས་པར་འདི་ལྟ་སྟེ། རྒྱལ་རོང་སྐད་ཀྱི་གཞི་རྩའི་མིང་ཚིག་ཐ་སྙད་དེ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཅིན་ཕུང་སྐུ་ཞབས་ཀྱིས་བརྩམས་པའི་《བོད་སྐད་དབྱེ་ཞིབ་མདོར་བསྡུས》ནང་དུ་འཁོད་པའི་བོད་སྐད་གཞི་རྩའི་ཐ་སྙད་ཆིག་སྟོང་ ཡོད་པ་དེ་གཞིར་བྱས་ནས་དབྱེ་འབྱེད་བྱས་པར།

སྤྱིར་བཏང་གི་ཐ་སྙད་གཅིག་མཚུངས་ཡིན་པ་༦༡༩དང་ཞེ་སའི་ཐ་སྙད་གཅིག་མཚུངས་ཡིན་པ་ ༢༥དང་། བརྡ་རྙིང་གི་མིང་ཚིག་གཅིག་མཚུངས་ཡིན་པ་༧༧བཅས་ཁྱོན་སྡོམ་༧༢༡གཅིག་མཚུངས་རེད། དེས་བརྒྱ་ཆ་༧༢དང་གྲངས་ཆུང་༡ཟིན་ཡོད་པ་དང་། གཞན་ཡང་བརྗོད་པ་ཚིག་གི་གོ་རིམ་སྟེ། དང་པོ་བྱེད་པ་པོ། དེ་ནས་བྱ་བའི་ཡུལ།  མཐར་བྱ་ཚིག་འཇོག་པའི་གོ་རིམ་དེ་ཡང་གཅིག་པ་གཅིག་རྐྱང་ཡིན་པ་དང་། ཁྱད་པར་དུ་རྣམ་དབྱེ་ཚིག་ཕྲད་ཀྱང་ངེས་པར་དུ་འཇོག་དགོས་པ་སོགས་བོད་སྤྱི་ འགྲོས་ཀྱི་སྤྱི་སྐད་དང་སྒོ་ཀུན་ནས་གཅིག་མཚུངས་ཡིན་པ་དེས། རྒྱལ་མོ་རོང་གི་ཡུལ་ཁམས་འདིར་དང་ཐོག་འཚོ་ཞིང་གཞེས་པའི་གདོད་མའི་མི་དེ་དག་ ཀྱང་བོད་ཀྱི་རུས་ཆེན་བཞི་དང་མིའུ་གདུང་དྲུག་གི་གདུང་རྒྱུད་ཅི་རིགས་ལས་བྱུང་ བ་ཡིན་པར་གྲུབ་པོ། །གངས་རྒྱལ་རི་བོའི་དཀར་ཆག་ལས། རྒྱ་གར་རྒྱ་ནག་བོད་དང་ཞང་ཞུང་སྐད། །ཅུང་ཟད་འདྲེས་མ་རྒྱལ་མོ་རོང་གི་སྐད། ། ཕལ་སྐད་སྤྱི་ཁོག་གཅིག་ཀྱང་ཟེར་ལུགས་མང་། ། ཡི་གེ་རྫབ་ཡིག་གཤར་ཡིག་དཀར་ནག་དང་། །ཡིག་གཟུགས་གཟབ་ཆེན་གཟབ་ཆུང་འབྲུ་ཆེའི་རིགས། །ཡིག་ངོ་གསལ་བྱེད་སུམ་ཅུ་དབྱངས་བཞི་སོགས། ། བུ་ཡིག་བཅུ་བཅས་འཕུལ་ཡིག་བཞི་བཅུ་ནི། ། སྔོན་ནས་ཞང་བོད་ཁམས་གསུམ་རང་ཡིག་ཡིན། ། ཞེས་གསུངས་སོ། ། དེར་མ་ཟད་༡༩༨༣ལོར་འབར་ཁམས་དང་རྫོང་འགག་བར་གྱི་ལམ་ལས་པ་ཚོས་རུས་སྒྲོམ་ཆེ་ ཆུང་གཉིས་རྙེད་པའི་ནང་དུ་གཟིའི་རིགས་རྐང་རིང་བའི་གཟི་མིག་དགུ་ཅན་གཉིས་ཡོད་ པ་དང་། རུས་སྒྲོམ་ནང་གི་མིའི་ཤུལ་རུས་ནི་ལོ་ངོ་ལྔ་སྟོང་ཡན་ཆད་སོང་གཤིས། ཆུ་ཆེན་རྫོང་གི་སྤུ་དམ་ས་ཆར་དུར་སྦས་རྡོ་སྒམ་དུ་མ་རྙེད་པའི་རྡོ་ལེབ་ཀྱི་ ངོས་ལ་བོན་གྱི་སྙིང་པོ་རྣམ་གསུམ་གྱི་གཟུངས་སྔགས་བརྐོས་ཡོད་པ་དེ་དག་གིས་ཀྱང་ རྒྱལ་མོ་རོང་གི་གདོད་མའི་མི་རྣམས་བོད་མི་ཡིན་པའི་བདེན་དཔང་བླ་ལྷག་ཏུ་བྱས་སོ། །
དེ་ནས་རྒྱལ་རོང་གི་ཡུལ་གྲུ་འདི་གནའ་དུས་སུ་བོད་ཀྱི་ས་སྣེ་ཡིན་པའི་སྟབས་ ཀྱིས་ཞང་ཞུང་གི་རྒྱལ་རབས་སུ་ཆེས་གྲགས་པའི་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་ རྒྱལ་པོ་ཁྲི་ཝེར་ཞེས་པ་དེ་ཉིད་ཀྱིས་རྒྱལ་ཕྲན་བྱ་རུ་ཅན་བཅོ་བརྒྱད་ཡོད་པའི་ ནང་ནས། ཞང་ཞུང་ཏ་རོག་ཡུལ་གྱི་ལལིག་ཝེར་གྱུར་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་ དང་བདུད་འདུལ་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་དཔུང་དམག་ ཤར་རྒྱལ་མོ་རོང་དུ་བསྐྱོད་དགོས་པར་བཀའ་བསྩལ།དེ་ནས་ལོག་ཝེར་གྱེར་གྱི་རྒྱལ་པོའི་གདུང་རྒྱུད་འོད་ལྡན་མི་དཀར་ཞེས་པ་དེ་ཉིད་ཀྱིས་གཙོ་བྱས་དཔུང་དམག་ཤར་ རྒྱལ་མོ་རོང་དུ་བསྐྱོད་ནས་ཆུ་ཆེན་ཀ་ལིང་ཀར་མི་འགྱུར་བརྟན་བཅུ་འཛོམས་པའི་ གཡུ་རྩེ་ཕོ་བྲང་བཞེངས། ལིག་ཝེར་བྱ་རུ་ཅན་གྱི་དཔུང་དམག་ཕལ་ཆེར་རྒྱལ་པོའི་ཕོ་བྲང་གི་ཉེ་འདབས་སུ་བཞག་ པས་ད་ལྟའང་ས་ཆ་དེར་ལིག་ཝེར་ཞེས་འབོད། ཏ་རོག་ནས་ཡོང་བའི་བདུད་འདུལ་འོད་ཀྱི་བྱ་རུ་ཅན་གྱི་དམག་དཔུང་རྣམས་མངའ་འོག་ག་ ས་གར་བཞག་པ་དེ་ཚོས་ཡུལ་ཚོ་སོ་སོའི་དཔོན་པོ་བྱེད་མཁན་མང་བས་རྒྱལ་རོང་ཡུལ་སྐད་དུ་ཏ་རོག་ཅེས་པ་དཔོན་པོའི་སྤྱི་མིང་དུ་ཆགས། ཡུལ་སྐད་དུ་སྒྲ་ཟུར་ཅུང་ཟད་ཉམས་པས་ཏ་རོ་ཞེས་ཟེར།།
ཡང་སྐབས་ཤིག་ནས་ཞང་ཞུང་རྒྱལ་པོ་སྟེ་དམ་པ་ཁྱུང་གི་གདུང་རྒྱུད་ཆེ་བ་ཁྱུང་ རྒོད་ཐོག་ལ་འབར་དང་། དེ་འོག་ལྷ་ཁྱུང་བརྒྱན་པ།  ཆུང་བ་མུ་ཁྱུང་བརྒྱན་པ་དང་གསུམ་ལས། སྒོ་པའི་ལྷ་སྐལ་མུ་ཁྱུང་བརྒྱན་པ་ཉིད་ལ་སྲས་བཞི་བྱུང་བའི་ཐ་ལྟག་ཁྱུང་འཕགས་ ཁྲ་བོ་རྒྱལ་མོ་རོང་དུ་བྱོན་ནས། དེའི་རྒྱུད་པ་དབུ་འབོར་ལྷ་སྲས་གཡུང་དྲུང་ཉིད་ལ་སྲས་བཞི་བྱུང་བའི་ཆེ་བ་དབུ་ འབོར་ཀུན་སློང་བུ་ཚ་ཁ་སྐད་དུ་འཁུ་འཇོ་བུ་ཚ་ཟེར། དེ་འོག་དབུ་འབོར་ཁྲོ་ཚ། དེ་འོག་དབུ་འབོར་དབང་ཚ། ཐ་ཆུང་དབུ་འབོར་དགེ་ཤེས་ཚ་བཅས་བཞི་བྱུང་ནས། དེ་རྣམས་ཀྱིས་རྒྱལ་མོ་རོང་དུ་ཀུན་རྫོབ་རྒྱལ་པོའི་བཀའ་ཁྲིམས་དང་། ཡང་དག་བདེན་པའི་བོན་ཁྲིམས་སོགས་ཀྱི་སྲོལ་བཙུགས་ནས་བོན་སྲིད་གཉིས་ཀ་དར་བར་ མཛད་ཚུལ་《ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་》ལས། ཡབ་ཆེན་ལྷ་སྲས་གཡུང་དྲུང་ཉིད་ཀྱི་བཀའ་བསྩལ་པ། ཉོན་ཅིག་ངོ་མཚར་སྤྲུལ་པའི་སྲས་བཞི་སོགས། །བཙུན་མོ་བློན་འཁོར་ཐམས་ཅད་སྙན་གསོན་དང་། །སངས་རྒྱས་བསྟན་པ་བཞག་པའི་ཞིང་ས་ལས། །ཐབས་དང་ཐུགས་རྗེ་ཟུང་དུ་འབྲེལ་བ་དགོས། ། ཐབས་ལ་མ་བརྟེན་ཐུགས་རྗེ་མི་འབྱུང་བས། །སྲས་བཞི་ཡུལ་བཞི་སོ་སོར་མངའ་དབང་མཛོད། ། འཐད་པར་ལྡན་པའི་བཙུན་མོ་རེ་རེ་དང་། ། ཤེས་རབ་ལྡན་པའི་བློན་པོ་བཞི་རེ་བསྐོས། །གོང་ནས་གཉན་པའི་གཤེན་བོན་རེ་རེ་ཚོལ། །དེ་ལ་བརྟེན་པའི་ཚུལ་བཞིན་བསྙེན་བཀུར་གྱིས། །འོག་ནས་བཀྱགས་པའི་འབངས་འཁོར་ཡུལ་སྡེ་དང་། །སེར་སྐྱ་དྲག་ཞན་ཀུན་གྱི་ཞབས་ནས་འདེགས། ། ཞེས་སོགས་བྱུང་ངོ་། །
དེར་བརྟེན་རྒྱལ་མོ་རོང་པ་རྣམས་ཀྱིས་རང་ ཉིད་ལ་ཀུ་རུ་ཟེར། ཀུ་རུ་ཞེས་པ་ནི་ཞང་ཞུང་སྐད་དེ། བོད་སྐད་དུ་འབྱོ་བའམ་གནས་སྤོ་བའི་དོན་ནོ། ། དེ་ཡང་བོན་གྱི་ཁམས་ཆེན་སྟོང་ཕྲག་བརྒྱ་བའི་དཀར་ཆག་ལས། ཀུ་རུ་ཞེས་པ་འབྱོ་བའམ་གནས་སྤོ་བའོ། ཞེས་གསུངས་སོ། །

དེ་ལྟར་རྒྱལ་མོ་རོང་དུ་ཁྱུང་གི་རིགས་རྒྱུད་མང་པོ་ཐོན་པའི་རྐྱེན་གྱིས་ཁྱུང་ ཞེས་པའི་ཐ་སྙད་དེ་རྒྱལ་རོང་སྐད་དུ་ཡུལ་གྱི་སྐད་དོད་དུ་ཆགས་ཏེ། དཔེར་ན། ངའི་ཡུལ་དང་ཁྱོད་ཀྱི་ཡུལ་ཞེས་པར། རྒྱལ་རོང་ཡུལ་སྐད་དུ་ངའི་ངེད་ཁྱུང་། ནོའི་ནེད་ཁྱུང་ཟེར་བ་ལྟ་བུའོ། །
དེ་ནས་སྤུར་རྒྱལ་བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་སྐབས་ཏེ་རྒྱལ་པོ་སྲོང་བཙན་ སྒམ་པོ་དང་འདུས་སྲོང་མང་པོ་རྗེ་སོགས་ཀྱི་སྐབས་སུ་དབུས་གཙང་གི་དམག་དཔུང་ འབོར་ཆེན་ཐེངས་དུ་མ་འདི་ཕྱོགས་སུ་དྲངས་པ་ནི་《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ ལོང་》ལས། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་མངའ་ཐང་རབ་ཏུ་རྒྱས་ནས་བོད་དམག་འབུམ་ཕྲག་ དུ་མ་འདི་ཕྱོགས་སུ་དྲངས་ཞིང་མཐའ་མཚམས་སྲུང་བའི་བོད་དམག་འབུམ་ཕྲག་དུ་མ་གཏན་ སྡོད་བྱེད་པའི་ས་གནས་བཙུགས། དེ་དུས་འཛམ་གླིང་དུ་སྙན་གྲགས་ཆེ་བའི་དམག་འཁྲུག་ཅིག་བྱས་པའི་ས་ཆ་ཟུང་ཆུ་ཞེས་ པའི་ཆུ་བོའི་མཇུག་དང་ཉེ་བའི་རི་སྒང་ལ་ས་རྡོ་འདྲེས་པའི་གྱང་བརྡུངས་པའི་འཐབ་ རྫོང་མཐོན་པོ་ཡོད་པ་དེང་སང་ད་དུང་མ་ཞིག་པར་ཡོད།  དེ་དུས་སུ་མཐའ་མཚམས་སྲུང་བའི་དམག་མི་གཏན་སྡོད་བྱེད་པའི་བོད་མི་ནི་རྒྱལ་མོ་ ཚ་བ་རོང་གི་ས་གནས་ཀྱི་ཚ་ཁོ་ཞེས་གྲགས་པའི་བོད་མི་འདི་དག་ཡིན་ཏེ། ཕྱིས་སུ་རྒྱལ་ཕྲན་བཅོ་བརྒྱད་དུ་གྱེས་པ་ནི་བཀན་ཤན་ཡན་གྱི་ལུང་དགུ་རྒྱལ་པོ་ ནས་ཁམས་ཀྱི་ལྕགས་ལ་རྒྱལ་པོའི་བར་གྱི་རྒྱལ་ཕྲན་རྣམས་ཡིན། ཞེས་དང་《ཐང་ཡིག་རྙིང་མ་ལས》དེ་ནས་བྷོད་དམག་ཁྲི་ཚོ་ཉི་ཤུ་ལྷག་སུང་ཀྲེའུ་ཡི་ ནུབ་ཕྱོགས་སུ་སྒར་བཏབ། བྷོད་ནས་ཕོ་ཉ་བ་མངགས་ཏེ་གསེར་དང་རྒྱུ་ནོར་ཁྱེར་ནས་ཀོང་ཇོ་སློང་བ་ཡིན་ཟེར་ ཞིང་། ཡང་བྷོད་དམག་གི་འཁོར་ཚོགས་ལ། གལ་ཏེ་ཐང་རྒྱལ་ཀྱིས་ཀོང་ཇོ་མི་སྟེར་ན་དམག་འདྲེན་ཅེས་སྨྲས། དེ་མུར་བྷོད་དམག་སུང་ཀྲེའུ་ལ་དྲངས་སོ། ། ཞེས་བྱུང་ངོ་། །
སྒོས་སུ་རྒྱལ་མོ་རོང་གི་བན་བོན་གཉིས་ཀྱི་ཆོས་ལུགས་དང་རིག་གནས་སྒྱུ་རྩལ་ སོགས་ཀྱི་སྐོར་ནི།རྒྱལ་མོ་རོང་གི་ཡུལ་གྱི་བོད་མི་རྣམས་ཀྱི་དངོས་པོའི་འཚོ་བ་ དང་། ཡུལ་གོམས་གཤིས་ལུགས།ཆོས་ལུགས་དང་། མི་རིགས་ཀྱི་བསམ་པའི་འཁྱེར་སོ་བཅས་ནི།གནའ་ནས་ད་ལྟའི་བར་དུ་བོད་མི་སྤྱི་དང་ འདྲ་བར་ཐུན་མོང་དུ་གནས་ཤིང་།བོད་རང་ཉིད་ཀྱི་ཆོས་ལུགས་གཡུང་དྲུང་བོན་གྱི་ བསྟན་པ། ལོ་ཆེན་ལེགས་གཏང་རྨང་པོ་དང་ཞང་ཞུང་ཏ་རོག་ཡུལ་གྱི་ལིག་ཝེར་གྱེར་གྱི་རྒྱལ་པོ་ ཉི་ཤེལ་འོད་ཀྱི་བྱ་རུ་ཅན་གྱི་གདུང་རྒྱུད། འོད་ལྡན་མི་དཀར(ཕྱིས་བཙན་ལྷ་རབ་བརྟན་རྒྱལ་པོར་གྲགས)སོགས་ཡུལ་འདིར་བྱོན་ནས་ དར་འགོ་ཚུགས་པ་བོན་གྱི་བསྟན་འབྱུང་དང་རྒྱལ་རབས་རྣམས་སུ་གསལ། ཁྱད་པར་དུ་རྒྱལ་རོང་ནི་བོན་གྱི་རྒྱལ་བ་གཉིས་པར་བསྔགས་པའི་མཉམ་མེད་ཤེས་རབ་ རྒྱལ་མཚན་གྱི་འཁྲུངས་ཡུལ་ཡིན་ལ།བོན་གྱི་མཚན་ཉིད་ཡོད་པའི་བོན་དགོན་གཡུང་ དྲུང་ལྷ་སྟེང་གི་གནས་ཡུལ་དང་། བོན་གྱི་བཀའ་བརྟེན་གྱི་དཔར་ཤིང་བསྐྲུན་པའི་གནས་ཀྱང་ཡིན། དེ་ཡང་རྒྱལ་རོང་རབ་བརྟན་རྒྱལ་པོའི་མངའ་འོག་གཡུང་དྲུང་ལྷ་སྟེང་དུ་གཏེར་སངས་ རྒྱས་གླིང་པ་དང་མཁའ་དབང་ཀུན་གྲོལ་གྲགས་པའི་སློབ་སྟོན་འོག་བོན་གྱི་བཀའ་ བརྟེན་གྱི་དཔར་ཤིང་བཞེངས་པའི་བར་སྐབས་སུ་འཁྲུགས་སློང་གི་བར་ཆད་བྱུང་བས་ རྐོས་འཕྲོ་ལུས་པ་རྣམས་ཁྲོ་ཆེན་རྒྱལ་པོ་ཀུན་དགའ་ཕུན་ཚོགས་བསྟན་འཛིན་གྱིས་མུ་ མཐུད་ནས་པར་རྐོས་ཀྱི་འགན་བཞེས་ཏེ་གྲུབ།པར་དུ་བསྐྲུན་པའི་པར་མ་ད་ལྟ་རྔ་པ་ སྣང་ཞིག་དགོན་དང་ཁྲོ་སྐྱབས་མཚོ་སྟེང་དགོན་རྣམས་སུ་བཞུགས་སོ།།
ནང་བསྟན་ཆོས་ལུགས་ཀྱང་བསྟན་པ་སྔ་དར་གྱི་ དུས་སུ།ལོ་ཆེན་བེེ་རོ་ཙ་ན་ཤར་རྒྱལ་མོ་རོང་དུ་བྱོན་ནས་དར་འགོ་ཚུགས་ཏེ། མདོ་དང་སྔགས་ཀྱི་དཔོན་པ་གཉིས་བཏབ་པ་ནི།ཚ་ཁོ་རྫོང་འགག་ས་ཆར་མདོའི་ཆུ་ཕོ་ནོར་ བུ་གླིང་བཞེངས། ཁྲོ་ཆུའི་ས་ཆར་སྔགས་དགོན་བདུད་འདུལ་བདེ་ཆེན་གླིང་བཞེངས་ཏེ《ལོ་ཆེན་བེེ་རོ་ཙ་ ནའི་རྣམ་ཆར་པདྨའི་དགའ་ཚལ》ལས〝མདོ་སྔགས་གཉིས་ཀྱི་ཆོས་སྡེ་རེ་རེ་ལ།།གཙུག་ལག་ ཁང་ཡང་རེ་རེ་བཞེངས་པ་ལ།ཉཉབར་ཆད་མེད་པར་ལྕགས་ཕོ་རྟ་ལ་འགྲུབ།། རབ་བྱུང་བཞུགས་ཁང་ནོར་བུའི་གླིང་ཞེས་གསོལ།། སྔགས་པའི་སྒྲུབ་ཁང་གཤེན་རྗེ་སྒྲུབ་པ་ཡི།། ཁྲོ་ཆུ་བདུད་འདུལ་བདེ་ཆེན་གླིང་ཞེས་བཏགས།།〞ཞེས་དང〝ཤར་ཕྱོགས་རྒྱལ་མོ་ཚ་བའི་ རོང་ཆེན་དུ།། ཕྱག་རྡོར་སྤྲུལ་པའི་རྒྱལ་པོ་དང་འཕྲད་ནས།། ཡང་དག་ཟབ་མོའི་ཆོས་ཀྱི་སྒྲོན་མེ་སྦར།། ཡོན་ཏན་ཆུད་ཟོས་མ་སོང་ང་རེ་དགའ།། ལས་འཕྲོའི་འདུལ་ཞིང་རྒྱལ་མོ་རོང་ཆེན་འདིར།། ནམ་ལངས་མུན་སང་ཉི་མ་ཤར་བ་བཞིན།། དཀར་པོར་བསྒྱུར་ཞིང་ཐམས་ཅད་སྨིན་ཅིང་གྲོལ།། ཤི་ཡང་འགྱོད་པ་མེད་དེ་ང་རེ་དགའ།།〞ཞེས་གསུངས་སོ།།
ཁྱད་པར་དུ་བེེ་རོ་ཙ་ནས་གསང་སྔགས་རྙིང་ མའི་ཆོས་ཀྱི་སྙིང་པོ་མན་ངག་རྫོགས་པ་ཆེན་པོ།ཉིད་ཀྱི་སྲས་ཀྱི་ཐུ་བོ་གཡུ་སྒྲ་ སྙིང་པོ་ལ་གསུངས་ནས་དར་བར་མཛད་པས་རྫོགས་པ་ཆེན་པོ་དར་བའི་ཡུལ་དང་མདོ་སྨད་ རྒྱལ་མོ་རོང་ནས་ཡིན་པའི་བེེ་རོའི་འདྲ་འབག་ཆེན་མོ་དང་དུང་དཀར་ཚིག་མཛོད་ཆེན་ མོ་སོགས་སུ་གསལ། མདོ་སྨད་ཆོས་འབྱུང་ལས། རྒྱལ་རོང་ཕྱོགས་འདི་རྒྱ་ཆེ་ཞིང་མི་རྣམས་བློ་རྣོ་བས་དགེ་བཤེས་ཐོན་པ་མང་། ཞེས་གསུངས་པ་ལྟར་ཡུལ་འདིར་འཆད་རྩོད་རྩོམ་གསུམ་ལ་མཁས་པའི་བན་བོན་གྱི་མཁས་ གྲུབ་བགྲང་ལས་འདས་པ་བྱུང་སྟེ།དཔེར་ན་རྗེ་འབངས་ཉེར་ལྔའི་ཡ་གྱལ་གཡུ་སྒྲ་སྙིང་ པོ་དང་། ས་སྐྱ་པའི་མཁས་ཆེན་གཡག་རོང་གཉིས་ཀྱི་ཡ་གྱལ་རོང་སྟོན་སྨྲ་བའི་སེང་གེ་ཆེན་པོ། བོན་གྱི་རྒྱལ་བ་གཉིས་པ་རྗེ་མཉམ་མེད་པ་ཆེན་པོ། རྗེ་ཙོང་ཁ་པའི་དངོས་སློབ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་དང་རོང་ཆེན་ལྗགས་ནག་པ་ ཆེན་པོ་སོགས་དང་། གཞན་ཡང་དབུས་ཀྱི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་གསེར་ཁྲི་སྟེ། གཏམ་དཔེར། ཨ་མའི་བུ་ལ་ཡོན་ཏན་ཡོད་ན།།དགའ་ལྡན་གསེར་ཁྲིར་བདག་པོ་མེད།། ཅེས་པ་ལྟར་གྱི་དགའ་ལྡན་གསེར་ཁྲིར་ཕེབས་མཁན་ཡང་བཅུ་ཕྲག་ལ་ཉེ་བ་བྱུང་སྟེ། དེ་དག་གི་ནང་ནས་དགའ་ལྡན་ཁྲི་ཟུར་རྒྱལ་རོང་སྤྲོ་སྣང་བ་བློ་བཟང་མཁྱེན་རབ་དབང་ ཕྱུག་ཉིད་རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་དུ་ ཕེབས། དེ་རྗེས་གང་ཉིད་ཀྱིས་ལོ་བདུན་གྱི་རིང་བོད་ཀྱི་སྲིད་སྐྱོང་གནང་སྟེ།བོད་ཀྱི་ རྒྱལ་པོ་མཁྱེན་རབ་དབང་ཕྱུག་ཅེས་གྲགས་ཆེ་བ་དེ་སོགས་བྱུང་ངོ།
རྒྱལ་རོང་གི་ས་གནས་རང་བཞིན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་སྒྱུ་རྩལ།ལག་རྩལ་གྱི་སྐོར་དུ་མ་མཆིས་པ། དཔེར་ན། བེེ་རོས་མཛད་པར་གྲགས་པའི་རྒྱལ་མོ་ཚ་བ་རོང་གི་ཡི་གེ་ཞེས་པ་ཆེ་ཤོས་བློ་བཟང་ བྱང་ཆུབ་ཀྱིས་མཛད་པའི་ཡིག་རིགས་ཀྱི་ལྡེབ་མ་ཉེར་གཉིས་སུ་འཁོད་པ་དེའི་ཞིབ་ཆ་འདིར་བརྗོད་ན་ཡི་གེ་མང་བར་དོགས་ནས་ཕྲན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས(རྒྱ་ ཡིག)ཀྱི་ལྡེབ་མ༡༨༩རུ་བཀོད་ཡོད་པས་དེར་གཟིགས།
རྒྱལ་རོང་གི་ས་རྡོའི་རྩིག་བཟོ་ནི། ཡུལ་དེའི་རི་ཀླུང་ཀུན་ཏུ་མཁར་རྫོང་མཐོན་པོ་གནམ་ལ་ཟུག་པ་ལྟ་བུ། དབུས་ཀྱི་ཡུམ་བུ་བླ་སྒང་དང་འདྲ་བ་མང་པོ་ད་ལྟའང་མཐོང་རྒྱུ་ཡོད། མི་ཚང་གི་སྡོད་ཁང་རྡོ་ཁང་གྲུ་བཞི་ལ་ལུང་ཀུན་ཏུ་ཁྱབ་སྟེ་མཐོ་ཚད་ཐོག་བརྩེགས་ དགུ་ཅན་སོགས་ཀྱང་མཆིས། རྡོ་རྩིག་གི་བཟོ་རྩལ་ཁྱད་དུ་འཕགས་པས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་བཞེངས་སྐབས་ཚ་ཁོ་སོ་མང་རྒྱལ་པོ་ཤཱཀྱ་རྒྱལ་མཚན་གྱིས་རྩིག་དཔོན་བཞི་དང་རྡོ་ བཟོ་བ་སུམ་ཅུ། ཤིང་བཟོ་བ་ཉི་ཤུ་སོགས་མངགས་ནས་བདེ་བླག་ཏུ་གྲུབ་པར་གྲགས།
རྒྱལ་རོང་གི་ཟློས་གར་དང་སྐོར་བྲོ་ནི། རྒྱལ་རོང་བ་སངས་རྒྱས་གླིང་པས་ཟློས་གར་སྒོ་ལྡོང་མཐུ་ཆེན་ཞེས་པ་གསར་བཏོད་བྱས་ ནས་ལོ་རེ་བཞིན་ཆུ་ཆེན་ལྷ་སྟེང་སོགས་སུ་འཁྲབ་སྟོན་བྱས། རྫོང་འགག་དང་རྒྱལ་བཀྲ་ཤིས་གླིང(འདི་ལ་བྲག་སྟམ་ནང་ཡང་ཟེར)གཉིས་ཀྱི་རྒྱལ་པོ་གཅིག་ལྕོགས་ཚེ་དབང་གྲགས་རྒྱལ་གྱིས་དབུས་ཀྱི་སྟག་རྩེ་རྫོང་གི་རྫོང་དཔོན་ལོ་ གཉིས་ལ་བྱས་ནས་རང་ཡུལ་དུ་འཁོར་རྗེས་རྒྱལ་ཁ་བཀྲ་ཤིས་གླིང་དུ་མཁའ་འགྲོ་འགྲོ་བ་བཟང་མོའི་ཟློས་གར་འཁྲབ་སྟོན་བྱས། ཚེ་རིང་རྣམ་དྲུག་གི་ཟློས་གར་ཞེས་པ་གསར་བཏོད་བྱས་ནས་རྫོང་འགག་རྒྱལ་པོའི་སྐུ་རིམ་ཆེན་མོར་འཁྲབ་སྟོན་བྱས།ཁོང་གི་མེས་པོ་སངས་རྒྱས་འབུམ་གྱི་རྒྱལ་ཁ་བཀྲ་ཤིས་གླིང་དུ་དབུས་ཀྱི་ཇོ་ནང་སྐུ་འབུམ་ཆེན་མོའི་ཆགས་ཚུལ་དང་མཐུན་པ་ནང་དུ་ལྷ་ ཁང་བརྒྱ་རྩ་ཅན་ཆེས་ཡ་མཚན་པ་མདོ་སྨད་དུ་འགྲན་ཟླ་བྲལ་བའི་རྟེན་མཆོག་དེ་ཉམས་ གསོ་བྱེད་སྐབས།ཞིག་གསོའི་འབུལ་སྡུད་ཀྱི་ཆེད་དུ་ཡུལ་གྲུ་མང་པོར་སྐོར་འཁྲབ་བྱས།

སེང་འཆམ་དང་དེ་དཔུང(དམག་རྩལ)གི་འཁྲབ་སྟོན་ནི་གནའ་སྔ་མོ་ནས་དར་ཁྱབ་ཆེ་ཞིང་།རྗེས་སུ་ཟློས་གར་འཁྲབ་སྟོན་གྱི་མེད་ དུ་མི་རུང་གི་སྔོན་འགྲོ་ལྟ་བུར་གྱུར་ཏེ། གོང་མ་ལྷ་སྐྱོང་གི་སྐབས་སུ་ཆུ་ཆེན་བཙན་ལྷའི་འཁྲུགས་པ་ཞི་རྗེས། ཡུལ་དེའི་གར་ཕྲུག་མང་པོ་གོང་མའི་ཕོ་བྲང་དུ་ཁྲིད་དེ།པེ་ཅིན་ནུབ་ཕྱོགས་ཀྱི་ རི་བོ་ཤང་ཧྲན་དུ་ཁོ་ཚོའི་གོམས་གཤིས་ལྟར་གྱི་རྡོ་ཁང་གྲུ་བཞི་བརྩིགས་ནས་གཞིས་ ཆགས་ནས་ལོ་རེ་བཞིན་གོང་མའི་གསེར་མཁར་དུ་འཁྲབ་སྟོན་བྱས།༡༧༤༣ལོར་ཏཱའི་སི་ཏུ་ ཀརྨ་བསྟན་པའི་ཉིན་བྱེད་རྒྱལ་རོང་དུ་བྱོན་སྐབས་ཚ་ཁོ་སོ་མང་རྒྱལ་པོ་པདྨ་ནོར་ བུ་དང་། ཅོག་ཙེ་ཉ་རྒྱལ་གྱི་གཙོས་པའི་རྒྱལ་བློན་འཁོར་བཅས་ཀྱིས་ཕེབས་བསུ་རྒྱ་ཆེན་པོ་ བྱས་ཐོག་སེང་འཆམ་དང་། སེར་སྦྲེང་། རོལ་རྩེད་ཤིན་ཏུ་རྒྱས་པ་བྱས།༡༧༦༩ལོར་སོ་མང་རྒྱལ་མོ་སྒྲོལ་མ་འཚོས་ཀུན་མཁྱེན་ འཇིགས་མེད་དབང་པོ་གདན་དྲངས་སྐབས་ཕེབས་བསུར་རྟ་ཐོག་ནས་གར་འཁྲབ་པ་སོགས་རོལ་ རྩེད་རྒྱ་ཆེན་པོས་བསུ་བ་བྱས་ཤིང་། ཚ་ཁོའི་ཡུལ་ལུགས་ཀྱི་སེང་གེ་གཉིས། རྫི་བོ་གཅིག་དང་བཅས་པའི་འཆམ་ཆས་ཆ་ཚང་ཞིག་ཕུལ་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ སེང་འཆམ་གྱི་འབྱུང་ཁུངས་ནི་རྒྱལ་རོང་ནས་ཡིན་པར་གྲགས།
གཞན་ཡང་ཡུལ་འདིར་འབག་དང་གསོབ།འཇིམ་བཟོ། ཤིང་བཟོ། བརྐོས་རིས། ལྡེབ་བྲིས། རྫ་བཟོ། གསེར་དངུལ་ཟངས་ལྕགས་ཀྱི་མགར་བླུག་དག་ནི་ཐུན་མོང་མ་ཡིན་པའི་བཟོ་རྩལ་ཁྱད་དུ་ འཕགས་པ་ཡུལ་ཁམས་གཞན་དུ་མཐོང་དཀོན་པ་ལྟ་བུ་མང་སྟེ།དཔེར་ན།དུང་དཀར་གཡས་སུ་ འཁྱིལ་བ་དངུལ་གཤོག་གསེར་ཚག་ཅན་བཟོ་རྩལ་ཁྱད་འཕགས་ཅན་དང་། ཟངས་རིགས་ཀྱི་ལུགས་མ་བེན(བུམ)ཅེན་བཀྲ་ཤིས་རྟགས་བརྒྱད་དམ་རིན་ཆེན་སྣ་བདུན་ གྱི་འབུར་རིས་མ་སྤུས་ལེགས་ངོ་མཚར་ཅན། སྐེ་དམ་ཞེས་པ་ཟངས་ལུགས་པའི་དམ་བེ་ཁྱད་མཚར་ཅན། ཁ་སྦལ་སྐེ་དམ་ཞེས་པ་ཟངས་མ་སྦལ་རིས་འབུར་དོད་ཅན་གྱི་དམ་བེ་ཆེ་ཆུང་ཤིན་ཏུ་ལྟ་ ན་སྡུག་པ། ཟངས་ལྡིར་དང་གསོལ་ལྡིར་ཞེས་པ་དཀྲུགས་ཇ་བླུག་སྣོད་ཆེས་ངོ་མཚར་ཅན། པོ་ཀྱོ་ཞེས་པ་ལྟོ་བ་ལྡིར་བའི་ཀྱོ་མོའི་རྫ་ཆས་བཟོ་རྩལ་ཁྱད་དུ་འཕགས་པ།ལྕགས་པ་ སྟེ་གྲི་རིང་ཤང་ལང་དང་གཟར་གྲི་སྟེ་གྲི་ཐུང་གཡུ་དང་བྱི་རུའི་ཕྲ་རྒྱན་ཅན་ སོགས་སྣོད་སྤྱད་དང་། བཟའ་ཆས། རྒྱས་ཆས་སོགས་བཟོ་རྩལ་རྨད་དུ་བྱུང་བ་མང་ཞིང་།དེ་དག་རིག་གནས་གོད་ཆགས་ཀྱི་ སྐབས་སུ་ཐམས་ཅད་གཏོར་བརླག་ཏུ་བཏང་།ཟར་ཟུར་དུ་ཅུང་ཟད་ལུས་པ་རྣམས་ཀྱང་གནའ་ རྫས་ཚོང་པ་རྣམས་ཀྱིས་ཁྱེར་དང་འཁྱེར་བཞིན་མཆིས།གནས་ཚུལ་འདི་ལྟ་བུ་རང་རིགས་ ཀྱི་མི་བསམ་ཡོད་ཅན་འགས་སེམས་ཀྱིས་མ་བཟོད་ནས་ཅི་ནུས་ཀྱིས་བསྡུ་རུབ་བྱེད་ བཞིན་མཆིས། དཔེར་ན། ལས་བྱེད་མི་སྣ་ཆུ་ཆེན་སེང་གེ་འབུམ་དང་དམ་བྷ་བྱང་ཆུབ་སོསག་ཀྱིས་རྒྱལ་རོང་ ཡུལ་གྱི་གནའ་རྫས་ཆེས་ངོ་མཚར་ཅན་སྣ་ཁ་སྟོང་ཕྲག་ལས་བརྒལ་བ། རང་ཉིད་སྒེར་གྱི་ཕོགས་ཐོབ་ནས་འགྲོ་སོང་བཏང་སྟེ་བསྡུ་ཉར་བྱས།འོན་ཀྱང་དེ་དག་ ད་ལྟ་བྱི་ལོང་གིས་མུན་ཁུང་དུ་ཕུགས་གསོག་བྱས་པ་ལྟར་སྒེར་གྱི་ཁང་སྦུག་ཏུ་ བཙངས་ནས་བཞག་པ་ལས།གནའ་རྫས་རྩ་ཆེན་དེ་དག་བཤད་སྟོན་བྱེད་པའི་ཆ་རྐྱེན་ཙམ་ཡང་ བདག་པོ་བྱེད་མཁན་མེད་སྟབས། གནའ་རྫས་ངོ་མཚར་ཅན་དེ་དག་མི་དམངས་མང་ཚོགས་ཀྱིས་བལྟས་ན་མིག་གི་བདུད་རྩིར་ གྱུར་པའི་གོ་སྐབས་དང་བྲལ་བ་དེ་ནི་ཆེས་མི་བྲ་བ་དང་མི་འོས་པ་ཞིག་ཏུ་སྣང་ངོ་།།
གང་ལྟར་གདོང་དམར་བོད་ཀྱི་རུས་རྒྱུད་བསྙོན་དུ་མེད་པ་ཤར་རྒྱལ་མོ་རོང་གི་མི་ རྣམས་ནི་ལས་ལ་བརྩོན་ཞིང་ཁྲེལ་གཞུང་ལྡན་པ་དང་། བློ་རིག་རྣོ་ལ་དཔའ་ངར་ཆེ་བས་རྒྱལ་ཡོངས་སུ་སྙན་པའི་གྲགས་པ་འབར། ཁོ་ཚོས་ལོ་རྒྱུས་འཕེལ་རིམ་ནང་དུ་མདོ་དབུས་ཁམས་གསུམ་དུ་གནས་པའི་རང་རིགས་མི་ དམངས་དང་ཆབས་ཅིག་འོད་སྟོང་འབར་བའི་བོད་ཀྱི་ཤེས་རིག་གསར་སྐྲུན་དང་འཕེལ་རྒྱས་ ཀྱི་བརྒྱུད་རིམ་ཁྲོད་དུ་བྱས་རྗེས་གསུབ་ཏུ་མེད་པ་བཞག་ཡོད་པར་མ་ཟད། ཐུན་མོང་མ་ཡིན་པའི་ས་ཁུལ་རང་བཞིན་གྱི་རིག་གནས་ཀྱང་བསྐྲུན་ཡོད་ལ། ཁྱད་པར་དུ་རྒྱལ་རོང་བོད་མི་ཚོས་ལོ་རྒྱུས་ཐོག་ཏུ་རང་རྒྱལ་གྱི་སྤུན་ཟླ་མི་ རིགས་གཞན་དག་དང་དཔུང་གདང་མཉམ་སྦྲེལ་གྱི་སྒོ་ནས་བཀས་བཀོད་རྒྱུད་འཛིན་གོང་ མའི་ལམ་ལུགས་ལ་ངོ་རྒོལ་དང་། མེས་རྒྱལ་མཐའ་མཚམས་སྲུང་སྐྱོབ་བྱེད་པའི་ཆེད་དུ། ཤར་ཕྱོགས་ཞི་བདེ་རྒྱ་མཚོ་ཆེན་པོའི་བས་མཐའ་ནས་ནུབ་ཕྱོགས་བལ་པོའི་ས་མཚམས་སུ་ མ་རུང་ཕྱི་དགྲའི་བཙན་འཛུལ་འགོག་རྒོལ་དུ་བསྐྱོད་དེ་དཔའ་ངར་ཆེར་བསྐྱེད་དང་རང་ སྲོག་ཕར་བསྡོས་ཀྱིས་དགྲ་བོར་རྡུང་རྡེག་བཏང་སྟེ། ཁེངས་དྲེགས་རང་རློམ་ཅན་གྱི་སྡང་དགྲའི་སྙིང་རྩ་འདར་བར་བྱས་ཤིང་། དཔའ་མཛངས་རྟུལ་ཕོད་ཀྱི་སྙན་པ་དབྱར་གྱི་རྔ་གསང་བཞིན་དུ་འཛིན་མའི་ཁྱོན་ཀུན་ ལྡིར་ཏེ། 《རྡོ་རིང་པཎྡི་ཏའི་རྣམ་ཐར》ལས། རྒྱལ་མོ་རོང་པའི་དཔོན་དམག་རྣམས་དཔུང་བུ་ཆུང་གི་ཚུལ་དུ་རྐང་འགྲོས་ལ་རྟ་ལས་ ཀྱང་མགྱོགས་པར་བསྐྱོད་དེ་ཕས་རྒོལ་རི་ནགས་སུ་བྲོས་པ་རྣམས་ལ་ཐག་རིང་བར་མེ་ མདའ་དང་། ཉེ་བར་རལ་གྲིའི་འཕྲུལ་འཁོར་གྱི་སྒོ་ནས་གོར་དམག་ས་སྲུང་པ་རྣམས་ཚང་མ་མཚན་ འགེབས་ཀྱིས་བཅོམ་ཐོག་སྐྱིད་གྲོང་རྫོང་སྲུང་དུ་ཡོད་པའི་གོར་དཔུང་རྣམས་ལའང་ སྤྱང་ཀིས་ལུག་ཁྱུ་མཐོང་བ་ལྟར། རྫོང་འཚངས་བྱས་ཏེ་རེ་གཉིས་ཙམ་བྲོས་ཐར་ན་ལས། དེ་བྱིངས་ཚང་མ་གཏན་བརླག་ཏུ་བཅོམ་སྟེ་གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་རྟགས་ཀྱི་ རུ་མཚོན་སྲིད་རྩེར་བསྒྲེངས། ཞེས་དང་། རི་བོང་སྟེང་དུ་བྱ་གླག་ལྡིང་བའམ། ། ལུ་གུར་སྤྱང་ཀིས་ཇི་བཞིན་གོར་དམག་རྣམས། ། ཤེ་མོང་བཙན་པོས་ཕ་མཐར་སྐྲོད་པ་ལ༎ སོ་ལོང་སྦ་དུར་རྒྱལ་རོང་དཔུང་ཚོགས་དཔའ། །ཞེས་བྱུང་ངོ་། །ཁ་རྒྱུན་དུའང་།མདོའི་ཉྭ་ནག་གིས། ཕུ་ཡི་གོར་ཁ་བཟློག ཅེས་དྲང་བདེན་ཉམ་ཆུང་གིས་ཁེངས་དྲེགས་སྟོབས་ལྡན་དགྲ་བོ་ཆམ་ལ་ཕབ་སྲིད་པའི་ གཏན་ཚིག་དེ། གནའ་མི་བོད་ཀྱི་གཏམ་དཔེར་ཆགས།

མེས་རྒྱལ་འཛུགས་སྐྲུན་ཀྱི་བྱ་གཞག་རླབས་པོ་ཆེའི་ཁྲོད་དུའང་ཁོ་ཚོས་བློ་རྩལ་ དང་ནུས་ཤུགས་ཡོད་རྒུ་ལེགས་སྐྱེས་སུ་ཕུལ་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས།
ཉེ་བའི་ལོ་བཅུ་ཕྲག་དུ་མར་ཏང་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ཚན་ རིག་དང་མཐུན་པར་བོད་ཁུལ་འཕེལ་རྒྱས་གཏོང་བའི་ལྟ་བ་ལག་ལེན་དང་དོན་འཁྱོལ་བྱས་ ཏེ་དངོས་པོའི་དཔལ་འབྱོར་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་བས་ དམངས་ཚོགས་ཀྱི་འཚོ་གནས་སོགས་ཀྱང་སྔར་བྱུང་མ་མྱོང་བར་ཇེ་ལེགས་སུ་གྱུར།
གནས་ཚུལ་བཟང་པོ་འདི་འདྲའི་འོག་ཏུ་ང་ཚོའི་མདུན་དུ་ལྷག་པའི་ཁ་ཚ་དགོས་གཏུགས་ ཀྱི་ལས་འགན་ཞིག་ནི། མེས་པོ་གོང་མ་རྣམས་ཀྱིས་བློ་གྲོས་ཡོད་རྒུ་བཏོན་ནས་གྲུབ་པའི་མཛད་རྗེས། དངོས་པོ་མ་ཡིན་པའི་ཕུལ་བྱུང་རིག་གནས་ཤུལ་བཞག་རྣམས་རྒྱུན་འཛིན་ལེགས་པོ་བྱས་ པའི་རྨང་གཞིའི་ཐོག་སྟེ། བོད་རང་ཉིད་ཀྱི་རིག་གནས་མ་བརླག་པའི་སྒོ་ནས་དེང་རབས་ཀྱི་རིག་གནས་གསར་པ་སློབ་ སྦྱོང་བྱེད་རྒྱུ་ཡིན་ནམ། ཡང་ན་རང་ཉིད་ཀྱི་རིག་གནས་དང་སྐད་དང་ཡི་གེ་ལ་སོགས་པ་ཐམས་ཅད་ཐུར་དུ་དབྱུག་ནས། གཞན་ཁོ་ན་ལ་རེ་བ་བྱ་རྒྱུ་ཡིན་ནམ། འདི་ནི་དངོས་གནས་མིག་ལ་ཐོགས་ཤིང་། སྣ་ལ་འཕྲད་པའི་གནད་དོན་ཞིག་ཡིན་པར་མངོན།
ཉེ་ཆར་རང་རིགས་ཀྱི་གཞོན་རབས་ལས་བྱེད་པ་ལ་ལས་རང་ཉིད་ཀྱིས་རང་གི་ཡི་གེ་བོད་ ཡིག་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་ང་ཚོ་རྒྱལ་རོང་བ་ལ་སྐད་ཡོད་པ་མ་གཏོགས་ཡི་ གེ་མེད། ཅེས་བརྙན་འཕྲིན་གྱི་ཐོག་ནས་ཁྱབ་བསྒྲགས་བྱས་པ་ཐོས། དེ་ལྟར་ན་ད་དུང་ལོ་བཅུ་ཕྲག་དུ་མ་སོང་རྗེས། རང་ཉིད་ཀྱིས་རང་གི་སྐད་རྒྱལ་མོ་རོང་གི་ཡུལ་སྐད་མི་ཤེས་པ་རྒྱུ་མཚན་དུ་བྱས་ ནས། ང་ཚོ་རྒྱལ་རོང་བ་ལ་ནི་ཡི་གེ་མེད། སྐད་ཡང་མེད། ཅེས་ཟེར་བའི་གནས་ཚུལ་ཉམ་ཐག་པ་ཞིག་ཡོང་ཉེན་གདའོ། །དེས་ན་རྒྱལ་རོང་མཁས་དབང་ཤེར་གྲགས་ཀྱིས།རྙེད་དཀའི་རྒྱལ་རོང་ཕ་ནོར་རྙེད་པ་ དག།དཔང་པོར་མི་འཛིན་འཕྲལ་སྣང་ཉི་ཚེ་རེ།།གཙིགས་སུ་བཟུང་ནས་ཁ་སྐད་ཙམ་པ་ལས།། ཡི་གེ་མེད་ཅེས་རྡོལ་གཏམ་ལབ་དེ་ཐ།།སྨྲ་བའི་འབབ་སྟེགས་གཡོ་བ་ཁོ་ན་ལས།།འབྲི་ ཀློག་ཡི་གེའི་སྲོལ་ཙམ་མེད་པ་རུ།།སྡེ་བཞིའི་དཔལ་ལ་མངའ་དབང་རབ་བསྒྱུར་བ།།དེ་ འདྲ་ལས་སླ་སྲིད་ན་མཆིས་སམ་ཅི།།ཞེས་གསུངས་པ་ནི་རྨད་དུ་བྱུང་བའི་གཏམ་དུ་འཁུམས་སོ།།
དེས་ན་མིག་སྔར་གྱི་གནས་ཚུལ་འདི་ལྟ་བུའི་ འོག་ཏུ། ང་ཚོས་རང་རིགས་དང་རང་ཡུལ་གྱི་ཕུལ་བྱུང་རིག་གནས་མྱུར་སྐྱོབ་རྒྱུན་འཛིན་བྱེད་ པ་དང་། དུས་མཚུངས་སུ་འགྲོ་བ་མིའི་རིགས་ཀྱི་གསར་དར་ཚན་རིག་ལག་རྩལ་རྣམས་སློབ་སྦྱོང་ བྱེད་མཁས་པོའི་སྒོ་ནས་ནང་འདྲེན་བྱས་ཏེ།  བོད་ཀྱི་ཤེས་རིག་གམ་བོད་རིག་པ་ཞེས་པ་དེ་ཉིད་དགེ་མཚན་ལྡན་པའི་རིག་གནས་ཀུན་ འདུས་ཀྱི་ཆེས་ཕུན་སུམ་ཚོགས་པ་ཞིག་ཏུ་འཕེལ་རྒྱས་གཏོང་ཐུབ་དང་མི་ཐུབ་ཀྱི་གནད་ དོན་ནི། ང་ཚོ་མི་རབས་འདིས་ཐག་གཅོད་དགོས་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་རེད་སྙམ་པ་ལགས།།
གོང་གསལ་གྱི་གནད་དོན་འདི་དག་ནི་རྒྱལ་རོང་ཞིབ་འཇུག་ལ་ཐུགས་ཁུར་ཆེ་བཞེས་གནང་མཁན་གྱི་མཁས་དབང་རྣམས་ལ་དཔྱད་གཞིའི་ཚུལ་དུ་ཞུས་པ་ཡིན་པས་མཁྱེན་ལྡན་གཟུ་བོར་བཞུགས་པ་རྣམས་ཀྱིས་ཐུགས་བརྩེ་བའི་སྒོ་ནས་དགེ་སྐྱོན་ཡོ་བསྲང་གི་དགོངས་འཆར་ལྷུག་པོར་གནང་བར་ཞུ། དེ་དང་ཆབས་ཅིག་རྒྱལ་རོང་ཞིབ་འཇུག་སྐོར་གྱི་ཡིག་ཆ་《རྒྱལ་རོང་ཞིབ་འཇུག་དཔྱད་ཡིག་ཕྱོགས་བསྒྲིགས》ཞེས་པ་དང་《རྒྱལ་རོང་བོད་མའི་ལོ་རྒྱུས་དང་རིག་གནས་》(རྒྱ་ཡིག་)བོད་རྒྱ་ཤན་སྦྱར་གྱི་《བོད་ཀྱི་ལོ་རྒྱུས་ཀུན་དགའ་མེ་ལོང་》《རྒྱལ་རོང་ཁ་སྐད་ཚིག་མཛོད》དཔྱད་རྩོམ། རྒྱལ་རོང་བོད་མིའི་སྐད་ཀྱི་སྐོར་ལ་རགས་ཙམ་དཔྱད་པ་ཞེས་པ་དང་། རྒྱལ་རོང་བོད་མིའི་རུས་རྒྱུད་སྐོར་བཤད་པ་སོགས་འཁོད་པའི་《ཕྲན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》རྒྱལ་རོང་སྐད་ཀྱི་ནང་གི་བརྡ་རྙིང་ཞེས་པ་དང་། ཨ་མདོའི་སྐད་དང་རྒྱལ་རོང་སྐད་དཔྱད་བསྡུར་དབྱེ་ཞིབ་སོགས་འཁོད་པའི་《ཕྲན་གྱི་ དཔྱད་རྩོམ་ཕྱོགས་བསྒྲིགས》(རྒྱ་ཡིག)ཆུ་ཆེན་རབ་བསྟན་རྒྱལ་པོའི་གདུང་རབས་དང་ ཁྲོ་སྐྱབས་རྒྱལ་པོའི་གདུང་རབས། གེ་སར་སྒྲུང་རྒྱལ་མོ་ཚ་བ་རོང་གི་འབྲས་རྫོང་སོགས་འཁོད་པའི་《ཆུ་ཆེན་ལོ་རྒྱུས་དཔྱད་ཡིག》སྟོད་ཆ་དང་བར་ཆ་གཉིས། རྒྱལ་རོང་གི་ཤེས་ཚིག་དང་ཆང་བཤད། བག་བཤད། སྒྲུང་བཤད། སྐོར་བྲོ་དང་གཞས་ཀྱི་ཚིག་སོགས་འཁོད་པའི་《རྒྱལ་རོང་དམངས་ཁྲོད་གཏམ་ཚོགས》བཅས་རྒྱལ་རོང་ཞིབ་འཇུག་སྐོར་གྱི་དཔྱད་ཡིག་ཁག་ཅིག་འདི་གར་ཡོད་པས་གཟིགས་འདོད་ཡོད་པ་རྣམས་ཀྱིས་ཁ་པར་ཨང་ཀི་ 15281529631(འབར་ཁམས)15828974926(ཁྲིན་ཏུའུ)ལ་འབྲེལ་བ་གནང་བར་ཞུ་རྒྱུ་དང་། ཡུན་མི་རིང་བར་《རྒྱལ་རོང་ཚ་ཁོ་ཁག་བཞིའི་མཁས་དབང་འགའི་རྣམ་ཐར་རིན་ཆེན་གཟིའི་དོ་ཤལ》ཞེས་པ་དང་བོད་རྒྱ་ཤན་སྦྱར་གྱི་《རྒྱལ་རོང་ཞིབ་འཇུག་དཔྱད་ཡིག་ཕྱོགས་བསྒྲིགས》དེབ་གཉིས་པ། 《རྒྱལ་རོང་དམངས་ཁྲོད་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགས》བོད་རྒྱ་ཤན་སྦྱར་གྱི་《ཆུ་ ཆེན་ལོ་རྒྱུས་དཔྱད་ཡིག་སྨད་ཆ》《རྒྱལ་མོ་རོང་གི་མཁས་གྲུབ་༢༨ཀྱི་རྣམ་ཐར་ཕྱོགས་བསྒྲིགས་》རྣམས་ཀྱང་འཐོན་གྲབས་ཡོད་པ་བཅས་སྔོན་བརྡའི་ཚུལ་དུ་ཞུའོ༎

རྩོམ་པ་པོ། བཙན་ལྷ་ངག་དབང་ཚུལ་ཁྲིམས།