གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོད་ཡུལ་དུ་གསེར་འཚོལ་བར་འབྱོར་བའི་ཨཙཱརའི་སྐོར་གླེང་བ།

W020150716558394020737བོད་ཡུལ་དུ་གསེར་འཚོལ་བར་ཡོང་བའི་ཨཙཱར་རྣམས་ལ་བོད་ཀྱི་བྱུང་རབས་རྣམས་སུ་ལྷོ་བལ་གྱི་མི་ཞེས་སུ་བྲིས་པའང་ཡོད། བཤད་རྒྱུན་ལ་གནའ་དུས་ཤིག་ནས་རི་བོ་གངས་ཅན་གྱི་དྲུང་དུ་ཨཙཱརྱ་རྣམས་བསྐོར་བ་བྱེད་པར་འབྱོར་བ་ཡིན་ཟེར་ཞིང་། ནམ་རྒྱུན་བོད་ མི་ཚོའི་ངག་རྒྱུན་དུ་ཨཙཱར་ཟེར་བ་དེ་ལ་མཐུ་གཏད་དང་ངན་སྔགས་གཏོང་བའི་མཐུ་ཡོད་པས། ཕར་ལས་མ་ཡིན་པ་རེ་བྱས་ཚེ་ཚུར་ལ་མཐུ་གཏད་བྱེད་འོངས་པས་དེ་ལྟར་བྱེད་མི་རུང་ཡང་ཟེར་སྲོལ་མཆིས། མི་རིགས་དེའི་ངོ་གདོང་ནག་ཅིང་སྣུམ་ལ་སྣའི་གཟེངས་ཀྱང་མཐོ། མགོ་ན་རལ་པ་རིང་པོ་ཐོར་ཅོག་གི་ཚུལ་དུ་དཀྲིས་ནས་ཡོད་ལ་རས་ཀྱི་ཤམ་བུ་ཀས་མ་ཧྲལ་དུ་གྱོན་ནས་ཡོད་པར་སྨྲ་བས། འདི་ཡི་ཚེ་ན་རང་རེའི་མདོ་སྨད་རེབ་ཀོང་བའི་སྔགས་པ་རྣམས་ཀྱི་ཆ་བྱད་ཀྱང་ཡིད་ལ་དྲན་པའི་ཚོད་དུ་ཡོད། གཞན་དུ་ནི་མདོ་སྨད་ཀྱི་བན་བོན་དགོན་སྡེ་ཁག་ཏུ་དགུན་དུས་ལྟར་སྨོན་ལམ་ཆེན་མོ་འཚོགས་སྲོལ་ཡོད་པ་ལ། ཚེས་དུས་དང་བསྟུན་ཏེ་འཆམས་རྩེད་མི་འདྲ་བ་རེ་བྱེད་སྲོལ་འདུག་ཅིང་། གྲུབ་མཐའ་དང་ཆོས་ལུགས་མི་འདྲ་བའི་དབང་གིས་དགོན་སྡེ་ཁག་གི་འཆམ་རྩེད་བྱེད་ཚུལ་ ལའང་མི་འདྲ་བ་ཙམ་ཡོད་པས། མདོ་སྨད་ཀྱི་དགོན་སྡེ་འགའ་རེའི་འཆམ་རྩེད་ལའང་ཨཙཱརྱ་ཟེར་བའི་མི་སྣ་དེ་འཆམ་【1】སྲོལ་བྱུང་།

བན་ལུགས་ཀྱི་དགོན་སྡེ་ཁག་གི་སྒོ་འཁྱམ་ངོས་སུ་ཨཙཱར་གླང་ཁྲིད་ཟེར་བ་ཞིག་འབྲི་སྲོལ་འདུག་པ་ལ་མདོ་དབུས་གསུམ་དུ་ དབྱེ་བ་མེད་པར་སྣང་མོད། བོན་གྱི་ལུགས་སུ་གཏོགས་པ་ཡིན་ཚེ་དགོན་གྲོང་གང་ཡང་རུང་གིས་ཨཙཱར་གླང་ཁྲིད་དེ་འབྲི་སྲོལ་མེད་ པར་མཐོང་། ལར་ཐོད་ཀོང་འབུར་ཙམ་ཡོད་པ་ལ། སྣའི་གཟེངས་མཐོ་བའི་ཨཙཱར་ཞིག་གིས་གླང་ཆེན་ནོར་བུ་རྒྱབ་ཏུ་ཁུར་བ་ཞིག་ ཁྲིད་ནས་འགྲོ་བ་ཞིག་འབྲི་བར་བྱེད། རང་རེས་ཨཙཱརྱ་གླང་ཁྲིད་དེ་ནོར་གྱི་ལྷ་རུ་བརྩི་ནས་བཀུར་ཞིང་བསྟི་བའི་གནས་སུ་འཇོག་མོད།

འདི་ཡིས་ནི་རང་རེ་ལ་ནོར་གྱི་གནང་སྦྱིན་ཇི་ཙམ་བསྩལ་བ་མ་ཤེས་ཏེ་ཕར་ལ་ནི་བོད་ཀྱི་ནོར་དག་བརྐུ་བ་དང་ལེན་པ། བརྔོགས་པ་ སོགས་བྱས་ནས་བོད་ཀྱི་ནོར་རྒྱུན་ཕར་ལ་འཁྱེར་ཏེ་འདུག་གོ །ཅི་སྟེ་བོད་ཡུལ་ནས་ཁོང་ཚོས་གསེར་ཅི་འདོད་འདོད་དུ་བླངས་ཏེ་མི་ཡུལ་ལ་སྟོབས་འབྱོར་བསྐྲུན་དུས། རང་རེས་ད་དུང་འདི་དག་ནོར་གྱི་ལྷ་རུ་བཀུར་ཏེ་འབད་མི་དགོས་ཀྱི་ཕྱྭ་གཡང་སྩོལ་དུ་རེ་ནས་ མཆོད་བཀུར་དུ་ངོམས་པ་ནི་དགོད་བྲོ་བའི་རྒྱུ་ཞིག་ཀྱང་ཡིན་མཆི་ཡི། རྗེ་གྲི་གུམ་བཙན་པོའི་དུས་ཤེད་དུ་ཡང་རྒྱ་གར་གྱི་མི་སྣ་ཁ་ཅིག་བོད་དུ་འབྱོར་ཚུལ་བཤད་པ་དེ་ཡང་དོན་དུ་ནི་ཨཙཱརྱ་ཡིན་རྒྱུ་ལ། དེ་དག་བོད་དུ་སངས་རྒྱས་ཆོས་ལུགས་དར་སྤེལ་བྱེད་དུ་ཡོང་བ་ཙམ་ལས་གསེར་གྱི་རྙེད་པར་བསམ་ནས་འབྱོར་བ་【2】ཞིག་མིན་ཏེ་འདུག་རུང་། ཁོང་དག་གིས་ཀྱང་བོད་ཡུལ་ན་གསེར་གྱི་ཡོང་འབབ་མང་བའི་ཚུལ་ལ་རིམ་གྱིས་རྒྱུས་ལོན་པར་གྱུར། སྐབས་འཕྲལ་དུ་ནི་ཨཙཱརྱ་དེ་དག་གིས་བོད་ཡུལ་ན་ཆོས་ལུགས་སྤེལ་བའི་གཞི་རྐང་བརྟན་པོ་མ་བྱུང་བས་ཡུན་གྱིས་སླར་གནས་སུ་ལོག་ཅིང་། ཁ་བ་ཅན་ནས་གསེར་ཅི་འདོད་དུ་ཐོབ་པ་ལ་དཀའ་བ་མེད་པའི་ཚུལ་རྣམས་ཨཙཱརྱ་གཞན་དག་གི་གཏམ་དུའང་སྦྲན་པར་གྱུར་ཏོ། །

དེ་ནས་རིམ་གྱིས་དམ་ཆོས་སྤེལ་རྒྱུར་ཁ་གཡར་ཞིང་གསང་སྔགས་དཀོར་དུ་རློམས་པ་ལ་ཆུད་མི་འཛའ་བའི་ཨཙཱརྱ་རྣམས་སྤང་རོ་ལ་མེ་མཆེད་པ་བཞིན་ཁ་བ་ཅན་དུ་རེང་ངེར་འབྱོར། གསེར་ཕྱེ་བྲེ་ཡིས་འཇལ་ནས་ཆོས་ཞུ་འདྲ་བྱས་ཚེ་དེ་དག་ལས་བོད་མི་ཚོས་ཆོས་ཙག་ཙིག་རེ་བསླབ་ཐུབ་པ་ཡིན་མོད། གསེར་གྱི་འབྱོར་བ་མི་ལྡན་པ་རྣམས་ལ་ནི་ཆོས་ཀྱི་སྩོལ་བ་ཐོབ་དུས་མ་བྱུང་བ་ཡིན་ནོ། །གལ་ལ་གསེར་ལས་གཞན་གྱི་དངོས་འབྱོར་འདྲ་ཡོད་དུ་སྲིད་ཀྱང་དེ་དག་གིས་ཨཙཱརྱའི་མིག་ལ་གསེར་གྱི་དོ་ཟླར་མི་ཡོང་བས་ཆོས་ཀྱི་གོ་སྐལ་ཡང་མི་འོངས་པ་ཡིན། སླད་དེ་ཐོན་མི་སོགས་བོད་ཕྲུག་རྣམས་རྒྱ་གར་དུ་ཆོས་སློབ་པར་མངགས་དུས་ཀྱང་ཆོས་ཡོན་ལ་གསེར་བསྐུར་【3】ཏེ་ཆོས་བསླབས་འདུག་གིས། གསེར་གྱི་འབུལ་བ་མེད་ཚེ་རྒྱ་གར་དུ་འབྱོར་བ་ཡིན་ཀྱང་ཆོས་དང་ཤེས་རིག་སློབ་མཁན་གྱི་ཨཙཱརྱ་ཡང་རྙེད་མི་སྲིད་པས། ཐོན་མི་ཨ་ནུས་རྒྱ་གར་གྱི་ལན་ཝར་《ཁ་ཆེའི་ཡི་གེར་ཡང་བཤད》ལ་དཔེ་བྱས་ནས་བོད་ཡིག་བཅོས་པའི་གཏམ་རྒྱུད་ཡིད་དུ་འོང་པ་དག་ཀྱང་འབྱུང་ཐབས་ཅི་ལ་ཡོད།འུང་གིས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ཡང་ཨཙཱརྱ་པདྨ་འབྱུང་གནས་དང་བྷོ་དྷི་སྭ་ཏྭ། པཎ་ཆེན་བི་མ་ལ་མི་ཏྲ་སོགས་རྒྱ་ གར་གྱི་མི་ཚོཊ་དཔུང་གིས་བཞེངས་ཏེ། བོད་ས་ནས་གསེར་གྱི་རྙེད་པ་ལ་ཟ་ཡམས་ཅི་རིཊ་སུ་བགོ་བའི་རྣཊ་ཁུང་གི་འབུ་རོ་བཞིན་རུབ་ཅིང་འཚང་། ཁོང་ཚོས་གསུངས་པའི་ཆོས་དང་ཐུགས་ཀྱི་དགོངས་པ་གང་དག་ཡིན་ཀྱང་རྙེད་པ་གསེར་གྱི་ཆུབས་སུ་སོང་བས། གསེར་གྱིས་མ་འཇལ་ཞིང་རིན་གྱིས་མ་ཉོས་པའི་དམ་ཆོས་གཙང་མ་ཞིག་གོང་བཙན་པོ་ནས་ཀྱང་མ་ཐོབ་པས། བོད་ཀྱི་ཆོས་དཔེ་ རྣམས་སུ་ཨཙཱརྱའི་ཐུགས་བསྲུང་【4】སླད་དུ་གསེར་ཕྱེ་མང་པོ་ཕུལ་ཟེར་བའི་བཤད་ལུགས་ཀྱང་དེ་ནས་བྱུང་།

སྤྱིར་ཨཙཱརྱ་འདི་ དག་བོད་དུ་འབྱོར་བའི་དུས་དེར་ཁོང་ཚོས་ཁ་འགུལ་ཚད་ཆོས་སུ་ཐལ་ཞིང་། མིག་བཙུམས་ཚད་ཏིང་འཛིན་དང་ཐུགས་ཀྱི་དགོངས་པར་སོང་བས་བོད་དམུན་པོ་རྣམས་ཀྱིས་གསེར་གྱི་མཆོད་པ་བྲེ་དང་གཞོང་གིས་བཅལ་རུང་། བོད་དམུན་པོ་དག་ལ་ཆོས་ཀྱི་བྱིན་ རླབས་ཞུགས་ནས་གྲུབ་པ་ཐོབ་པ་དང་སངས་རྒྱས་སུ་སོང་བ་ནི་འགའ་མ་བྱུང་། འོན་ཏེ་ཨཙཱརྱ་རྣམས་གསེར་དང་ནོར་གྱི་མཛོད་དུ་ གྱུར་བ་མང་བས། བོད་དམུན་པོ་རྣམས་ཀྱིས་དེ་དག་ལས་ཕྱྭ་དང་གཡང་གི་དངོས་གྲུབ་ཞུ་བའི་སྲོལ་ནི་དུས་ད་ལྟ་ཡང་རང་རེར་དར་ནས་ཡོད་དོ། །དེ་དག་ཙམ་དུ་མ་ཟད་རང་རེ་བོད་ཀྱི་ཡུལ་དུ་ནང་ཆོས་སྤེལ་རྒྱུར་སྐུ་དྲིན་ཆེ་བའི་མཁན་ཆེན་ཞི་བ་འཚོ་ལ་ཡང་གསེར་ཕྱེ་བྲེ་འཇལ་བྱས་ནས་དམ་ཆོས་ཞུས་པ་ཡིན་ཞིང་། བཤད་སྲོལ་ལ་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་དག་འདུལ་བ་དང་དམ་ཆོས་སྤེལ་ བའི་དཔུང་རོགས་སུ་ཟ་ཧོར་བ་པདྨ་འབྱུང་གནས་ཀྱང་བོད་དུ་འབྱོན་དགོས་པའི་རྟིང་སྐུལ་མཛད་དེ་གདན་དྲངས་སྐད། ཞིབ་ཏུ་ བསམ་ན་ནི་བོད་ཀྱི་ཆོས་འབྱུང་རྣམས་སུ་མཁན་ཆེན་ཞི་བ་འཚོ་ཟ་ཧོར་གྱི་རིགས་སུ་འཁྲུངས་པར་བཤད་པ་དང་། སློབ་དཔོན་པདྨ་ འབྱུང་གནས་ཟ་ཧོར་གྱི་རིགས་སུ་འཁྲུངས་པར་བཤད་པ་གཉིས་ཀྱི་དབར་ཅི་ནས་ཀྱང་བསམ་བློ་ཞིབ་མོ་རེ་གཏོང་རྒྱུ་ཡོད་པ་ཡིན་ནོ། །དེ་ནས་དུས་རབས་ཕྱེད་ཙམ་གྱི་རྗེས་སུ་སླར་ཡང་རྒྱ་གར་གྱི་ཨཙཱརྱ་མང་པོ་གསེར་གྱི་རྙེད་པ་འཚོལ་ཕྱིར་བོད་དུ་འབྱོར་མོད།

དུས་དེ་ཤེད་དུ་ནི་བོད་བཙན་པོའི་རྒྱལ་ཁབ་འཐོར་ཅིང་ཞིག་ནས་གནས་པར་མ་གྱུར་བས། སྲིད་དང་དབང་གི་བླ་ན་མཐོ་བའི་བོད་བཙན་པོ་ནས་སྣེ་ལེན་བྱེད་པ་ནི་མ་བྱུང་། ཆོས་བགྱིད་པ་ལ་གསེར་གྱི་ཡོན་འབུལ་མཁན་ཡང་མ་བྱུང་བས་ཨཙཱརྱ་ཕྱི་མ་རྣམས་ནི་ཐབས་ཆད་ཀྱང་འུ་ཐུག་པ་ཞིག་བྱུང་ཡོད་པ་འདྲ་སྟེ། བསམ་ཡས་གཙོས་པའི་བོད་ཀྱི་དགོན་སྡེ་དང་ལྷ་ཁང་རྣམས་སུ་ཉིན་དུས་ཆོས་ཀློག་མཁན་གྱི་ཆོས་པར་བརྫུས། མཚན་དུས་འབྱུང་བོ་མིག་མི་འཛུམ་པ་དང་འཇབ་བུ་བ་སོགས་བྱས་ཏེ། དེ་དག་གི་མཛོད་ཀྱི་སྒྲོམ་བུ་རྣམས་གསེར་གྱིས་བཀང་ཡོད་པར་བསམ་ནས་བརྐུས་ཏེ་བྱོལ། འོན་ཀྱང་མཛོད་ཀྱི་སྒྲོམ་བུར་བཀང་པ་དག་ནི་གསེར་དུ་མ་སོང་བར་བོན་དང་ཆོས་ཀྱི་དཔེ་ཤོག་ཙམ་དུ་ཟད་པས། དེ་ཚོ་དོ་མེད་མཁོ་མེད་ཀྱི་གདོས་ཐག་ཙམ་དུ་མཐོང་ནས་བོན་པོ་རེ་དང་ཆོས་པ་རེ་ལ་ལམ་གྱི་རྒྱག་བརྔན་དུ་བརྗེས་ཏེ་གསེར་གྱི་གནང་སྦྱིན་དང་འབྱོར་བ་ཕྲ་མོ་ཙམ་ཡང་མ་ཐོབ་པར་ཕྱིར་ལ་ལོག་གོ །འོན་ཏེ་དུས་ཕྱིས་ཙམ་ན་བོན་ལུགས་འཛིན་མཁན་ཚོས་ཨཙཱརྱ་དེ་དག་ནི་བོན་གྱི་གཏེར་སྟོན་པའི་ཐོག་མ་ཡིན་【5】ཟེར་ནས་རྩ་ཆེན་བྱེད་པའི་སྲོལ་ནི་དུས་ད་ལྟའི་བར་དུའང་མཐོང་རྒྱུ་ཡོད་དོ།།

དཔྱད་གཞི་མི་འདྲ་བའི་ཞལ་བྱང་།
【1】དབུས་ཁུལ་ཀྱི་འཆམ་རྩེད་ཁྲོད་ཨཙཱརྱའི་འཆམ་འདི་འཆམ་སྲོལ་ཡོད་པ་མཐོང་མ་གྱུར་ཏེ་སྤྱིར་ནི་ཡོད་ངེས་སོ།
【2】བོན་གྱི་དཔེ་རྙིང་སྲིད་པ་རྒྱུད་ཀྱི་ཁ་བྱང་ལག་བྲིས་མར་གསལ།
【3】བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༠ལོའི་ཟླ་༤པར་པར་དུ་བསྐྲུན་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་ཟེར་བའི་ཤོག་ངོས་༡༧༤པར་གསལ།
【5】འདི་དག་ལ་ཨཙཱརྱ་མི་གསུམ་ཞེས་སུ་འབོད་ཅིང་བོན་ལུགས་ཀྱི་གཏེར་སྟོན་པའི་ཐོག་མ་ཡིན་པར་བཞེད་ཡོད།
【4】དབའ་བཞེད་དཔེ་རྙིང་ལག་བྲིས་མ་ཞིག་ཡིན་ཞིང་དཔེ་རྙིང་འདི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ་ ༢༠༡༠ལོར་དཔེ་དེབ་ཏུ་བསྒྲིགས་པའི་དབའ་བཞེད་ཀྱི་ཕྱི་མོ་དེ་ཡིན།
ཤར་རྫའི་ལེགས་བཤད་མཛོད། རྩ་རྒྱུད་གསང་བ་བསེན་ཐུབ། སྲིད་པ་རྒྱུད་ཀྱི་ཁ་བྱང་། ར་ལོ་ཙཱ་བའི་རྣམ་ཐར། འཇིགས་བྱེད་ཆོས་འབྱུང་། སྒྲ་སྦྱོར་བམ་གཉིས། དཀར་ཆག་འཕང་ཐང་མ། དཀར་ཆག་ལྡན་དཀར་མ།

རྩོམ་པ་པོ་ཤེས་རབ་གོ་ཆ།