གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་དགེ་བཤེས་བྲག་མགོ་ཚེ་དབང་རྒྱལ་མཚན་གྱི་གསུང་པོད་དང་པོ།

ca6bc1f368d4831f3cc70156a44a5143སྨན་རིའི་དགེ་བཤེས་ཚེ་དབང་རྒྱལ་མཚན་གྱི་གསུང་རྩོམ་པོད་དང་པོ་«ཐེག་རིམ་གྱི་དགོངས་འགྲེལ་»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་འགྲེམ་སྤེལ་གནང་བ།

ནང་དོན་མཚམས་སྦྱོར་སྔོན་གླེང་། ༧སྨན་རིའི་དཔོན་སློབ་རིན་པོ་ཆེ།
བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་བོན་གྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་ཅིང་དེ་དག་ཀྱང་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་སྡུག་བསྔལ་ཞི་ཕྱིར་དང་སེམས་ཅན་རྣམས་ཐར་དང་ཐར་པ་ཆེན་པོར་འདྲེན་པའི་ཐབས་ཁོ་ན་ལས་གཞན་དུ་མ་མཆིས།  དེས་ན་སྟོན་པ་སངས་རྒྱས་ཀྱིས།  མཐའ་ཡས་པའི་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་དང་།  ཉོན་མོངས་པ་དུག་ལྔ་ལ་ལྟོས་ཏེ་བོན་སྒོ་བཞི་མཛོད་ལྔ་དང་།  རྩ་བའི་དུག་གསུམ་ལ་ལྟོས་ཏེ་བོན་ཕྱི་ནང་གསང་གསུམ་དང་།  བློ་རབ་འབྲིང་ཐ་གསུམ་དགུ་ལ་ལྟོས་ཏེ་བོན་ཐེག་པ་རིམ་དགུ་རུ་བཤད་པའམ་ཡང་ན་མ་རིག་འཁྲུལ་བའི་བློ་དགུ་ལྡོག་ཕྱིར་བོན་ཐེག་པ་རིམ་པ་དགུ་རུ་གསུངས་པ་ཡིན་པར་ལུང་ལས་བཤད།  དེ་ཡང་མ་རིག་འཁྲུལ་བའི་བློ་དགུ་གང་ཞེ་ན།  འཁྲུལ་པའི་བློ་དགུའི་གཉེན་པོ་ཐེག་པ་རིམ་པ་དགུ་དང་སྦྱར་ཏེ་འདི་ལྟར།  ༡༽ རྨི་ལམ་སྒྱུ་མ་འཁྲུལ་བའི་བློ་ལ་ལྟོས་ཏེ།  ཐེག་པ་དང་པོ་ཕྱྭ་གཤེན་གྱི་ཐེག་པ་གསུངས་པ་དང་།  ༢༽ ཡིད་ཀྱི་འཁྲུལ་བའི་བློ་ལ་ལྟོས་ཏེ།  སྣང་གཤེན་གྱི་ཐེག་པ།  ༣༽ རྣམ་པར་འཚེ་བ་འཁྲུལ་བའི་བློ་ལ་ལྟོས་ཏེ།  འཕྲུལ་གཤེན་གྱི་ཐེག་པ།  ༤༽ རྒྱུན་གྱི་གཡེང་བ་འཁྲུལ་བའི་བློ་ལ་ལྟོས་ཏེ།   སྲིད་གཤེན་གྱི་ཐེག་པ།  ༥༽ མཚན་མར་འཛིན་པ་འཁྲུལ་བའི་བློ་ལ་ལྟོས་ཏེ།  དགེ་བསྙེན་གྱི་ཐེག་པ།  ༦༽ དངོས་པོར་མཐོང་བ་འཁྲུལ་བའི་བློ་ལ་ལྟོས་ཏེ།  དྲང་སྲོང་གི་ཐེག་པ།  ༧༽ 1རྣམ་པར་སྨིན་པ་འཁྲུལ་བའི་བློ་ལ་ལྟོས་ཏེ།  ཨ་དཀར་གྱི་ཐེག་པ།  ༨༽ རྣམ་པར་གཡེང་བ་འཁྲུལ་བའི་བློ་ལ་ལྟོས་ཏེ།  ཡེ་གཤེན་གྱི་ཐེག་པ།  ༩༽ རྣམ་པར་རྟོག་པ་འཁྲུལ་བའི་བློ་ལ་ལྟོས་ཏེ།  ཐེག་པའི་ཡང་རྩེ་བླ་མེད་རྫོགས་པ་ཆེན་པོའི་ཐེག་པ་བཅས་བསྟན།  དེ་ལྟར་གདུལ་བྱའི་རྒྱུད་ཀྱི་མ་རྟོགས་འཁྲུལ་བའི་བློ་དགུ་ལྡོག་པའི་ཕྱིར་དུ་སྟོན་པས་བོན་གྱི་ཐེག་པ་རིམ་པ་དགུ་རུ་གཏན་ལ་ཕབས་ཏེ་རྒྱས་པར་གསུངས་སོ།།  མ་རིག་འཁྲུལ་བའི་བློ་དགུའི་འཇོག་སྟངས་ལ་མི་འདྲ་བ་འགའ་ཞིག་ཡོད་རུང་།  འདི་ནི་གཟི་བརྗིད་ལས་བྱུང་བ་ལྟར་བྲིས།  བོན་གྱི་ཐེག་པ་རིམ་པ་དགུ་བརྩི་ཚུལ་དེ་ལའང་གཏེར་ལས་ཐོན་ཁུངས་མི་འདྲ་བའི་དབང་གིས་གཏེར་གནས་ཀྱི་མཚན་ལས་བཏགས་པའི་དབུས་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ་དང་།  ལྷོ་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ།  བྱང་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ་ཞེས་ཐ་སྙད་གསུམ་དུ་དབྱེ་བ་སྟེ།  གོང་དུ་མ་རིག་འཁྲུལ་བའི་བློ་དགུ་དང་སྦྱར་ཏེ་བཤད་པའི་ཐེག་པ་རིམ་པ་དགུ་ཞེས་པ་ནི།  ལྷོ་གཏེར་ལུགས་ཀྱི་ཐེག་པ་དགུ་ཞེས་པ་དེ་ཡིན་ཞིང་།  སྐབས་འདིའི་འགྲེལ་གཞི་ནི་དབུས་གཏེར་ལུགས་ཀྱི་ཐེག་པ་རིམ་པ་དགུ་ལས་རྒྱུ་ཐེག་བཞི་ཡི་སྐོར་ཏེ།  དེ་ཡང་དབུས་གཏེར་ལུགས་ཀྱི་ཐེག་པའམ་བོན་སྒོ་ཞེས་པ་ནི།  ལོ་ཆེན་བྷེ་རོས་བོད་དུ་བསྒྱུར་བ་ཕྱིས་དབུས་ཀྱི་ལྷ་ས་ཡེར་པའི་བྲག་ལས་སོགས་ནས་ཐོན་པའི་ཐེག་པ་རིམ་དགུའི་རྣམ་བཞག་དང་བོན་སྐོར་ལ་དབུས་གཏེར་གྱི་ཐེག་པ་དང་ལྷ་སའི་བོན་སྐོར་ཅེས་ཡོངས་སུ་གྲགས་སོ།།  དབུས་གཏེར་ལུགས་ཀྱི་ཐེག་པ་དགུ་ནི།  ལྷ་མི་གཞན་བརྟེན་གྱི་ཐེག་པ་དང་།  རང་རྟོགས་གཤེན་རབས་ཀྱི་ཐེག་པ།  ཐུགས་རྗེ་སེམས་དཔའི་ཐེག་པ།  གཡུང་དྲུང་སེམས་དཔའ་སྤྲོས་མེད་ཀྱི་ཐེག་པ་བཅས་བཞི་ལ་ཕྱི་མཚན་ཉིད་ཀྱི་ཐེག་པའམ་རྒྱུ་ཡི་ཐེག་པ་བཞི་ཞེས་དང་།  བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ་དང་།  རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ།  དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ།  ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ།  ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་མེད་ཀྱི་ཐེག་པ་དང་ལྔ་ལ་ནང་གསང་སྔགས་ཀྱི་ཐེག་པའམ་འབྲས་བུའི་ཐེག་པ་ལྔ་བཅས་བཤད་པས་ཐེག་པ་རིམ་དགུའོ།།  ཐེག་པ་རིམ་པ་དགུའི་བོན་དེ་དག་ཀྱང་སྐུ་གསུམ་གྱི་གསུང་དུ་འདུས་པར་བསྟན་པ་སྟེ།  ལྷ་མི་གཞན་བརྟེན་དང་རང་རྟོགས་གཤེན་རབ་ཀྱི་ཐེག་པ་དང་ཐུགས་རྗེ་སེམས་དཔའི་ཐེག་པ་གསུམ་གྱི་བོན་ལ།  སྤྲུལ་སྐུའི་གསུང་དུ་བསྟན་པ་དང་།  དེ་བཞིན་དུ་སེམས་དཔའ་སྤྲོས་མེད་དང་བྱ་བ་གཙང་སྤྱོད་དང་རྣམ་པ་ཀུན་ལྡན་གསུམ།  ལོངས་སྤྱོད་རྫོགས་པའི་གསུང་དུ་བསྟན།  དངོས་བསྐྱེད་དང་དོན་ལྡན་དང་བླ་ན་མེད་པའི་ཐེག་པ་གསུམ།  བོན་གྱི་སྐུ་ཡི་གསུང་དུ་གྲགས་སོ།།

བོན་གྱི་མཁས་གྲུབ་རྣམས་ཀྱིས་ལྷོ་གཏེར་དང་བྱང་གཏེར་གྱི་ཐེག་པ་རིམ་དགུའི་སྐོར་ལ་བྲིས་པའི་ཆོ་ག་ཕྱག་ལེན་དང་འབྲེལ་བ་མང་ཙམ་དུ་ཡོད་མོད།  དེ་དག་ལ་དབུས་གཏེར་གྱི་ཐེག་པ་རིམ་དགུ་ལྟར།  མཚན་ཉིད་རིགས་པས་འཆད་རྩོད་ཀྱི་སྒོ་ནས་འགྲེལ་མཛད་གནང་བ་དེ་ཙམ་རྒྱས་པར་མི་སྣང་ཞིང་།  དབུས་གཏེར་གྱི་ཐེག་པ་རིམ་དགུའི་རྣམ་གཞག་སྐོར་ལ་སྔ་ཕྱིར་བྱོན་པའི་བོན་གྱི་མཁས་གྲུབ་མང་པོས་འགྲེལ་མཛད་པ་མི་ཉུང་བ་ཞིག་ཡོད་པ་སྟེ།  རྩ་བ་གཤེན་ལྷ་འོད་དཀར་གྱིས་གསུངས་པར།  སྟོན་པ་སངས་རྒྱས་གཤེན་རབ་མི་བོས་མཛད་པའི་འགྲེལ་ཆ་ལག་མེ་ལོང་དགུ་སྐོར་ཅེས་པ་དང་།  དེ་བཞིན་མཁས་མཆོག་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་དང་།  རྗེ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན།  ཀུན་མཁྱེན་ཤར་རྫ་བ་ལས་སོགས་ཀྱིས་མཛད་པ་མང་དུ་བཞུགས།  དུས་ཕྱིས་སུའང་སྨན་རིའི་དགེ་བཤེས་ལྷ་ཐོག་ཤེ་ཙུ་རྒྱ་མཚོ་དང་སྨན་རིའི་དགེ་བཤེས་བྲག་མགོ་ཚེ་དབང་རྒྱལ་མཚན་གཉིས་ནས་ཀྱང་རྒྱུ་ཐེག་བཞི་ཡི་སྐོར་ལ་འགྲེལ་བཤད་བྱས་པ་ལྟ་བུའོ།།

དེ་ཡང་དབུས་གཏེར་ལུགས་ཀྱི་ཐེག་པ་རིམ་དགུའི་རྣམ་གཞག་འདི་ཉིད་ཕྱི་མཚན་ཉིད་ཐེག་པའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་ལས་སོགས་དང་འབྲེལ་ཆགས་ཆེ་ཞིང་།  མ་ཟད་གཞན་སྡེའི་ཐེག་པ་གསུམ་དང་གྲུབ་མཐའ་བཞི་ལས་སོགས་ཀྱི་རིགས་པའི་འགྲོས་དང་མཐུན་ཤས་ཆེ་བ་ལས་སོགས་ཡོངས་སུ་གྲགས་ཆེ་བའི་རྐྱེན་གྱིས་ཕྱིས་བྱུང་བོན་གྱི་མཁས་པ་རྣམས་ནས་ཀྱང་འདི་ཉིད་ཀྱི་འགྲེལ་བའི་འགྲེལ་བ་ལས་སོགས་ཡང་འགྲེལ་བྱས་པ་མང་དུ་སྣང་བ་དང་།  དེ་ཡང་དབུས་གཏེར་ལུགས་ཀྱི་ཐེག་པ་རིམ་དགུའི་རྣམ་གཞག་འདི་ཉིད་རྒྱ་གར་བོན་སྐོར་དང་འབྲེལ་བ་ཤིན་ཏུ་ཆེ་བ་ཞིག་ཡིན་འདུག་ཅིང་།  སྤྱིར་བོན་སྐོར་ལ་ཞང་ཞུང་བོན་སྐོར་དང་རྒྱ་ནག་བོན་སྐོར་དང་རྒྱ་གར་བོན་སྐོར་ཅེས་པ་སོགས་ཀྱི་ཐ་སྙད་ཡོད་པ་ནི།

དེ་ཡང་།  རྒྱ་གར་བོན་སྐོར་ཅེས་པ་ནི།  ལོ་ཆེན་བཻ་རོས་རྒྱ་གར་ནས་བོད་དུ་བསྒྱུར་བའི་བོན་སྒོ་རྣམས་བོད་ཀྱི་བཙན་པོ་ཁྲི་སྲོང་ལས་སོགས་ཀྱིས་བཙན་པོའི་སྐུ་ཚེའི་སྟོད་དུ་བོན་བསྣུབས་སྐབས་དབུས་ཀྱི་བསམ་ཡས་ལས་སོགས་སུ་གཏེར་ལ་སྦས་པ་ཕྱིས་དབུས་གཏེར་ཡེར་པའི་བྲག་ལས་སོགས་བོད་ཡུལ་དབུས་ནས་ཐོན་པའི་ཐེག་པ་རིམ་དགུའི་རྣམ་བཞག་ལ་དབུས་གཏེར་ཅེས་གྲགས་ཤིང་།  དེ་དག་གི་བོན་སྐོར་ལ་རྒྱ་གར་བོན་སྐོར་ཅེས་བཤད་པ་སྟེ།  དཔེར་ན།  ཐེག་པ་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་དང་།  དེའི་འགྲེལ་མེ་ལོང་དགུ་སྐོར་ཆ་ལག་དང་བཅས་པ་དང་།  ཁྱབ་པ་སྣང་ལྡན་གྱི་ཐེག་པའི་རབ་དབྱེ་དང་།  དེ་བཞིན།  ཚེ་དབང་རིག་འཛིན་གྱིས་སྤྲུལ་སྐུ་ལུང་སྟོན་ནམ་ལུང་བོན་ལྷ་གཉེན་ལ།  མི་དང་མི་བཞིན་དུ་འགྲོགས་ནས་ཞལ་མངོན་པར་བསྟན་ཏེ་གསུངས་པའི་བོན་སྡེ་རྣམས་ཏེ།  དྲང་དོན་མུན་སེལ་སྒྲོན་མ་དང་།  ངེས་དོན་རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད།  རྒྱུད་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་དང༌།  མཁའ་འགྲོ་རིན་ཆེན་འཕྲེང་རྒྱུད།  དེ་བཞིན་དུ།  ཚེ་དབང་རྒྱ་གར་མ་ལས་སོགས་ཀྱི་བོན་སྡེ་རྣམས་ལ་རྒྱ་གར་བོན་སྐོར་ཅེས་བཤད།  དེ་ཡང་ཐོག་མར་བོན་གྱི་འབྱུང་གནས་རྟག་གཟིགས་འོལ་མོ་ལུང་རིང་ནས་རྒྱ་གར་དུ་དར་ཅིང་།  ཕྱིས་སུ་རྒྱ་གར་གྱི་བོན་པོ་གསས་འོད་གཡུང་དྲུང་གིས།  རྒྱ་གར་ནས་བོད་དུ་སྤེལ་བའི་རྒྱུ་མཚན་གྱིས་ཐ་སྙད་དེ་ལྟར་བཏགས་ཞེས་གྲགས་ཀྱང་།  བོན་གྱི་བསྟན་པ་ཐོག་མར་འབྱུང་བའི་གནས་འོལ་གླིང་ནས་གཉིས་པ་ཡུལ་གང་དུ་དར་བ་དེ་ལ་ཡུལ་དེའི་བོན་སྐོར་ཅེས་འདོགས་དགོས་པར་སེམས།  འོན་ཀྱང་མཁས་མཆོག་སྒ་སྟོན་གྱིས།  རྒྱ་གར་མཁས་པས་མཛད་པའི་བོན་སྡེ་རྣམས་ལ་རྒྱ་གར་མ་དང་།  ཞང་ཞུང་མཁས་པས་མཛད་པའི་བོན་སྡེ་རྣམས་ལ་ཞང་ཞུང་མ་དང་།  རྒྱ་ནག་མཁས་པས་མཛད་པར་གྲགས་པའི་བོན་སྡེ་རྣམས་ལ་རྒྱ་ནག་མ་ཞེས་བཏགས་པར་གསུངས་པས་དེ་ལྟར་ངེས་པ་ཡོད་མེད་དཔྱད་པར་རིགས་སོ།།  དེ་ཡང་སྐད་ཀྱི་འགྱུར་གསུམ་དང་བཞི་ལས་སོགས་རིམ་གྱིས་མཐར་བོད་ཡུལ་དུ་དར་བའང་མང་དུ་ཡོད།

འོན་ཀྱང་འགའ་ཞིག་གིས་རྒྱ་གར་བོན་སྐོར་ཅེས་བཤད་དུས།  དེ་མ་ཐག་བོན་སྐོར་དེ་དག་ནི་རྒྱ་གར་ནས་དར་བའི་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པའི་ཆ་ལག་གམ་དེ་ལས་བྱུང་བ་ཞིག་ཏུ་སེམས་བཞིན་ཡོད་འདུག་ཅིང་།  དེ་ལྟར་བོན་གྱི་གཞུང་ལུགས་དང་ལོ་རྒྱུས་ལ་ཐུགས་གནང་རྒྱ་ཆེ་ཙམ་གནང་ནས་གཟིགས་ཐུབ་ན་ལོ་རྒྱུས་དངོས་ཀྱི་བཞིན་རས་གང་ཡིན་གསལ་པོར་མཁྱེན་ཐུབ།  ད་ལམ་འདིར་སྨན་རིའི་དགེ་བཤེས་བྲག་མགོ་བ་དགེ་བཤེས་ཚེ་དབང་རྒྱལ་མཚན་ནས་དབུས་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ་ལས།  ལྷ་མི་གཞན་རྟེན་གྱི་ཐེག་པ་དང་།  རང་རྟོགས་གཤེན་རབས་ཀྱི་ཐེག་པ།  ཐུགས་རྗེ་སེམས་དཔའི་ཐེག་པ།  གཡུང་དྲུང་སེམས་དཔའ་སྤྲོས་མེད་ཀྱི་ཐེག་པ་དང་བཞི་སྟེ།  རྒྱུ་ཐེག་བཞི་ཡི་སྐོར་ལ་གོ་བདེ་ཁ་གསལ་གང་ལེགས་ཀྱིས་བློ་གསར་ཐོས་བསམ་པ་རྣམས་ལ་ཕན་པ་སྟེར་ངེས་པ་ཞིག་བྲིས་འདུག་པར་ངོས་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་བ་མ་ཟད།  མ་འོངས་པར་འདི་བཞིན་བོད་གནའ་རབས་ཀྱི་བོན་གྱི་ཆོ་ག་དང་འབྲེལ་བ་དམ་ཟབ་ཡོད་པའི་ལྷོ་གཏེར་དང་བྱང་གཏེར་ལུགས་ཀྱི་ཐེག་པ་རིམ་དགུའི་སྐོར་ལའང་གནའ་རབས་ཀྱི་བོན་གཞུང་དང་མཐུན་པར་འཆད་རྩོད་རྩོམ་གསུམ་གྱི་ལུགས་བཟང་དར་ཏེ་དེ་དག་ལའང་གསལ་འགྲེལ་སྔར་ན་མེད་པའི་དཔྱད་རྩོམ་དང་གྲུབ་མཐའི་འདོད་གཞུང་ཇི་ལྟར་ཡིན་མིན་སོགས་དབུས་གཏེར་གྱི་ཐེག་པའི་འགྲོས་ལྟར་ལྟ་སྒོམ་སྤྱོད་གསུམ་ལས་སོགས་རང་རྐང་ཚུགས་པའི་རྣམ་གཞག་དེ་འདྲ་བྱུང་བ་ཡིན་ན་ཕྱི་རབས་པ་རྣམས་ཀྱིས་བོན་གྱི་ཡིན་ལུགས་ཇི་ལྟར་ཡིན་མིན་གསལ་པོར་མཁྱེན་ཐུབ།

དེས་ན།  འདི་དང་འདི་ལྟ་བུའི་དུས་རབས་དང་མཐུན་པའི་གསུང་རྩོམ་ཁ་གསལ་ཞིང་གོ་བདེ་བ།  ཁུངས་བཙན་ཞིང་གནད་བསྡུས་པ་འདི་ལྟར་བྲིས་པ་ལ་བརྟེན་ནས།  ཤོག་ཐོག་ཏུ་བྲོ་བརྡུང་བའི་ཚུལ་ཅན་ཁུངས་མེད་ལུང་མེད་ཀྱི་འཆལ་གཏམ་སྟེ།  བོན་དཀར་དང་བོན་ནག  བསྒྱུར་བོན་དང་འཁྱར་བོན།  བོན་ལ་གཞི་ལམ་འབྲས་གསུམ་མེད་ཚུལ་སྒྲོགས་པའི་གཏམ་ཡན་ཐམས་ཅད་ཁེགས་པར་འགྱུར་ངེས།  དེ་ལྟའི་དགེ་མཚན་དང་ལྡན་པའི་ད་ལམ་ཁྱེད་ཀྱིས་ཐེག་པ་རིམ་པ་དགུ་ལས་རྒྱུ་ཡི་ཐེག་པ་བཞི་ཡི་སྐོར་ལ་རྣམ་བཤད་ལེགས་པར་བཀྲལ་འདུག་པར།  འདི་ཉིད་སངས་རྒྱས་ཀྱི་བསྟན་པ་རྒྱས་ཤིང་འཕེལ་བའི་ཆ་རྐྱེན་དམ་པར་འགྱུར་ངེས་མ་ཟད།  བློ་གསར་དོན་གཉེར་ཚོགས་ལའང་བློ་གྲོས་ཀྱི་སྣང་བ་གསར་པ་འབྱིན་པར་གདོན་མི་ཟ་བས་ངོས་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་བཞིན་ཡོད།

སྨན་རི་བ་ཡང་སྟོན་འཕྲིན་ལས་ཉི་མས་སྤྱི་ལོ2015ལོའི་ཟླ8ཚེས1བཟང་པོར་མཚམས་སྦྱོར་ཞུས་པའོ།།

བྲག་མགོ་དགེ་བཤེས་ཚེ་དབང་རྒྱལ་མཚན།
ཁོང་ནི་ཕྱི་ལོ1972ལོར་མདོ་ཁམས་བྲག་མགོ་སྙི་ཡུལ་རྦ་མདའ་སྡེ་བ་རུ་འཁྲུངས།  དགུང་གྲངས་བརྒྱད་ཀྱི་སྟེང་ནས་ས་གནས་སློབ་ཆུང་དུ་ཞུགས།  རིམ་བཞིན་འཛིན་རིམ་བདུན་པ་ནས་སློབ་མཐར་སོན་ཏེ་བདེ་ཆེན་བསམ་གཏན་གླིང་གི་སྒྲིག་སྒོར་ཞུགས།  དེ་ནས་བཟུང་མཆོག་སྤྲུལ་ནམ་མཁའ་འོད་ཟེར་དང་བླ་མ་འཇམ་དཔལ་རྒྱ་མཚོ་རྣམ་གཉིས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་གང་མང་གསན།
ཕྱིས་སུ་ཕྱི་ལོ1987ལོར་རྔ་ཡུལ་རྟོགས་ལྡན་དགོན་དུ་ཕེབས་ནས་རབ་བྱུང་གི་སྡོམ་པ་ཞུས་ནས་ལོ་གསུམ་སྒྲུབ་མཚམས་ཉམས་ལེན་མཐར་ཕྱིན་པར་གནང་།  མ་ཟད་ཐུན་མོང་རིག་གནས་སྐོར་སོགས་ལ་སྦྱངས་པ་ལྷོད་མེད་གནང་།
ཕྱི་ལོ1996ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་སྐྱབས་འོག་ཏུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ལ་སྒྲིག་ཞུགས་ཞུས་ནས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་ལ་སློབ་གཉེར་གནང་བའི་བསྐལ་བཟང་བྱུང་།
དེ་ནས་བཤད་སྒྲུབ་སློབ་གླིང་གི་སློབ་ཞོར་དུ་ཚོགས་གཙོ་གཞོན་པ་དང་དགེ་བསྐོས།  སྨན་རིའི་གྲྭ་ཚང་གི་གཉེར་པ།  སྨན་རིའི་ཚང་གི་ལས་བྱེད།  དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་སོགས་ཀྱི་ཕྱག་ལས་མང་པོ་གནང་།
ཕྱི་ལོ2012ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ནས་ཁྲི་བཞེངས་མཛད་སྒོ་སྤེལ།  སྔ་ཕྱིར«བོན་སྒོ»ལོ་དེབ་སོགས་སུ་དཔྱད་རྩོམ་མང་པོ་སྤེལ་ཡོད་པ་དང་མ་ཟད་ཕྱི་ལོ2013ལོར་སོག་པོ་རྒྱལ་ས་ཨོ་ལིམ་པ་ཐར་ལ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་གསུམ་པར་ཞུགས་ཏེ་དཔྱད་རྩོམ་སྒྲོག་སྦྱོང་མཛད།  ད་ལྟ་ཁམས་བྲག་མགོ་གཞི་རིང་བྱམས་བརྩེ་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་པ་བཅས་ཀྱི་ངོ་སྤྲོད་གནད་བསྡུས་ཙམ་མོ།།