གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཤེས་རབ་ཀྱི་སྟོན་པ་ཆེན་པོ་གཤེན་རབ་མི་བོ་ཆེ་གླེང་བ།

DSC01642ཤེས་རབ་ཀྱི་སྟོན་པ་ཆེན་པོ་གཤེན་རབ་མི་བོ་ཆེ་ནི་བོད་རང་གི་ས་ཆ་ནས་འཁྲུངས་ཤིང་རང་ཅག་གི་ཆོས་ལུགས་འཁྲུལ་མེད་བོན་ཆོས་གསར་གཏོད་མཁན་ཡིན་པར་མ་ཟད། རང་ཅག་གི་གནའ་བོའི་ཤེས་རིག་དང་བླངས་འདོར་གྱི་ལམ་སྟོན་ཆེན་མོ་བ་ཞིག་ཀྱང་རེད། ད་ལྟའི་ཆར་ཤེས་རབ་གྱི་སྐྱེས་བུ་ཆེན་པོ་ཁོང་དོན་དམ་པར་བོན་པོའི་ཆོས་ལུགས་ཀྱི་སྲོལ་གཏོད་པ་ཡིན་མིན་དང་དེ་འདྲ་ཞིག་འཇིག་རྟེན་དུ་བྱོན་མེད་ཡོད་ཀྱང་གསལ་བོ་རྟོག་མེད་ཚོད། ད་དུང་རྒྱུ་མཚན་དང་གནས་ཚུལ་ཅི་ཡང་མི་ཤེས་པའི་ཆོས་ལུགས་པའི་བླ་ཆེན་འགའ་དང་གྲུབ་མཐའི་སྲོལ་བཟུང་འགས་ད་དུང་ཕྱོགས་རིས་ཀྱིས་བོན་ཆོས་ལ་དམའ་འབེབས་དང་འབྲེལ་བོན་གྱི་རྗེས་འཇུག་དང་ཆོས་ཀྱི་རྗེས་འཇུག་གཉིས་བར་མཐུན་སྒྲིལ་དང་འཆམ་མཐུན་ལ་གཏོར་སྐྱོན་ཡང་གང་མང་ཐེབས་དང་ཐེབས་བཞིན་ཡོད།

ཆོས་ཀྱི་སྣེ་ཁྲིད་པ་དང་དགོན་སྡེའི་བླ་ཆེན་ཁག་གིས་ནི་ཅིས་ཀྱང་ལོ་རྒྱུས་དང་གནས་ཚུལ་ཡང་དག་ཧ་གོ་བར་བྱས་ཏེ་འབབས་མི་སེར་ལ་སློབ་སྟོན་དང་བསླབ་བྱ་གནང་རྒྱུ་ནི་གལ་ཆེ་ཤོས་ཤིག་ཅི་ལ་མིན། གནས་ཚུལ་འདི་དང་འབྲེལ་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ནས་དོལ་རྒྱལ་སྐོར་འདི་གནད་ཆེ་ཤོས་ཤིག་ཡིན་པར་ཅིས་ཀྱང་བོད་ནང་གི་དགོན་སྡེའི་ཆོས་ཀྱི་སྣེ་ཁྲིད་པ་དག་གིས་བསམ་བློ་རྒྱ་ཆེ་སར་བཏང་སྟེ་གནས་ཚུལ་དང་རྒྱུ་མཚན་བཤད་དེ་ང་ཚོ་སླར་ཡང་མཐུན་ཐབས་དང་འགྲིག་ཐབས་ལ་ཐུགས་བསམ་གནང་བའི་དུས་ཚོད་ཡིན་པ་ལས་ད་དུང་ཆོས་ལུགས་དང་གྲུབ་མཐའ་ཁ་ལ་ཁྱེར་དེ་བོད་རྒུད་པ་ནས་རྒུད་པར་འཁྲིད་པའི་དུས་ཚོད་གཏན་ནས་མིན། ད་ལྟའི་དུས་འདི་ཆོས་ལུགས་གྲུབ་མཐའ་གཅིག་ཅིང་ཤ་རུས་ཁྲག་རྒྱུད་གཅིག་པའི་ཁ་བ་རི་བོའི་སྤུན་ཟླ་མིང་སྲིང་དག་སྲུང་མ་བརྟན་ཕྱོགས་ཙམ་ལ་མི་འགྲིག་པར་གྲི་དང་མེ་མདས་གཅིག་གི་ཚེ་སྲོག་གཅིག་གིས་འཕྲོགས་པའི་དུས་ཚོད་ཅིག་རེད་དམ།

གནད་དོན་འདི་རྒྱ་ཆེན་པོ་དང་དོན་ཆེན་པོ་ཞིག་གཏན་ནས་མིན་བཞིན་དུ་རང་ཅག་གིས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་བཏང་སྟེ་ནང་འཁྲུག་གི་མགོ་བོ་འཁོར་ནས་ཡོད། འོན་ཀྱང་དེ་དག་སྐབས་འདི་ནས་བཤད་རྒྱུ་ཞིག་མ་ཡིན་པས་ད་ནི་འོག་ནས་མར་གཤེན་རབ་མི་བོའི་སྐོར་ནས་བགྲོ། མང་ཤས་ཀྱིས་ཁོང་གི་མཛད་རྣམ་དང་ལོ་རྒྱུས་དག་ནི་ལྷ་སྒྲུང་ལྟ་བུ་ཞིག་ཏུ་སེམས་ནས་ཞིབ་དཔྱད་དང་དོ་སྣང་བྱེད་ཀྱིན་མེད་པ་ནི་ང་ཚོར་མཚོན་ན་སེམས་ཕམ་འོས་པ་དང་ངོ་ཚ་དགོས་པ་ཞིག་རེད།

སྤྱིར་བཙན་པོའི་རྒྱལ་རབས་ཀྱི་སྐབས་དམིགས་ཡུལ་རབས་མི་གསལ་བ་ཞིག་གིས་དཔོན་བློན་ཁ་ཤས་ཀྱིས་ཆོས་ལུགས་དང་ས་ཁུངས་འཕྲོག་རྩོད་ཀྱིས་སྟོད་ཀྱི་སྟེང་གཉིས་ལས་གྲི་གུམ་གྱི་སྐབས་དང་བོད་རྒྱལ་ཉེར་བརྒྱད་ཀྱི་སྐབས་ལྷག་པར་པདྨ་འབྱུང་གནས་ཀྱི་གསང་བའི་བཀོད་སྒྲིག་དེའི་དབང་གིས་བོད་རྒྱལ་སོ་གསུམ་གྱི་སྐབས་སོ་བརྒྱད་ཀྱི་སྐབས་དག་ཏུ་སྐབས་དེའི་བོད་པའི་མ་འོངས་པར་བསམ་ན་ཕའི་དུར་ས་བུས་སློག་པ་ལྟ་བུའི་བྱེད་མི་འོས་པ་དང་བསམ་མི་རུང་བའི་ལས་འགུལ་དྲག་པོ་ཞིག་མི་འདོད་བཞིན་དུ་སྐབས་དེའི་བོད་མི་དང་བོན་ཆོས་ཀྱི་སྟེང་དུ་བབས་པ་རེད།

སྟབས་དེ་དང་ངན་འབྲས་དེའི་དབང་གིས་ད་ལྟའི་ཆར་བོན་པོའི་ཆོས་ལུགས་འདི་བོད་ཀྱི་ཆོས་ལུགས་ངོ་གནོང་མི་དགོས་པ་ཞིག་དང་ང་རྒྱལ་བྱེད་ཆོག་པ་ཞིག་ཡིན་བཞིན་དུ་དེར་རྣམ་རྟོག་དང་ངན་པ་ཞིག་ལ་བརྩིས་བའི་སྲོལ་ཞིག་དར་བ་ནས་བཟུང་ང་ཚོ་འདི་ལྟར་བོད་ཀྱི་གདོད་མའི་ལོ་རྒྱུས་ལ་རྨོངས་པ་འདི་གལ་ཅུང་ཞིག་ལ་བརྩིས་སྲིད་ནའང་མ་འོངས་འཛམ་བུ་གླིང་གི་ཟུར་ཞིག་ནས་རང་གིས་རང་ལ་ངོ་ཚ་དང་ཞེ་འགྱོད་ཀྱིས་མིག་ཀོང་མཆི་ནས་བརླན་ནས་བྲང་ཁར་གྲོས་ཤིག་འདེབས་པའི་སྐྱོ་གདུང་ཞིག་ཏན་ཏན་འཐོན་སྲིད།

བོན་ཆོས་ལ་བྱེད་མི་འོས་པའི་གཏོར་སྐྱོན་དང་ཁུར་མི་འདོད་པའི་སྐྱོ་གར་ཞིག་སླེབས་པའི་གནད་དོན་དང་དེའི་ལྟག་རྒྱབ་ཀྱི་ལོ་རྒྱུས་དང་རྒྱབ་ལྗོངས་ཀྱི་མི་སྣའི་གསང་བ་སོགས་ཀྱི་སྐོར་ནས་གུས་པས་དཔེ་ཀློག་གང་མཚམས་བྱས་ཡོད་ལ་དེའི་སྐོར་གྱི་དཔྱད་རྩོམ་ཡང་ཁ་ཤས་བྲིས་ཁུལ་བྱས་ནས་སྤེལ་ཡོད།

ད་ནི་འོག་ནས་མར་ཤེས་རབ་ཀྱི་སྟོན་པ་ཆེན་པོ་གཤེན་རབ་མི་བོ་ཆེའི་སྐོར་ནས་ད་སྔོན་བཀླགས་ཟིན་གྱི་དཔེ་ཆའི་ཁྲོད་ནས་ཤེས་རྟོག་གསར་པ་དང་དེ་དག་ལ་བརྟེན་ནས་རྙེད་པའི་བསམ་ཚུལ་དང་ཁོང་གི་ལོ་རྒྱུས་སྐོར་ནས་དཔྱད་རྩོམ་ཞིག་འབྲི་བའི་སྤྲོ་བ་ནི་སྔར་ནས་བརྟས་ཡོད་མོད། འོན་ཀྱང་འབྲི་མགོ་རྩོམ་པ་ལ་ནི་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་བོན་གྱི་དཔེ་རྙིང་དང་འབྲེལ་ཡོད་དཔེ་པོད་གང་མང་ཞིག་བཀླགས་ཤིང་བསམ་གཞིགས་ཡང་གང་མཚམས་ཤིག་དགོས་པས་ད་ལྟའི་བར་གང་ཡང་མ་བྲིས་ཤིང་ཅི་ཡང་མ་གླེང་བར་བསྡད་པ་དེ་ཡིན།

ལོ་རྒྱུས་དཔྱད་རྩོམ་ལ་ནི་མི་སྣ་རེ་རེའི་བྱུང་བ་དང་དེའི་སྐབས་ཀྱི་ཁོར་ཡུག་སྤྱི་ཚོགས་སོགས་ངོས་རེ་རེ་བཞིན་སྣེ་བཤིབས་ནས་དཔྱད་པ་དང་ཞིབ་འབྲི་དགོས་པ་ལས་གང་དྲན་གྱིས་ལུང་སྣེ་རེ་རེ་བཟུང་ཞིང་སེམས་མི་གཤང་བའི་ཁམས་ཀྱིས་བྲིས་བ་དེ་འདྲ་གཏན་ནས་མིན་པ་འདྲ། ལར་ཤེས་རབ་ཀྱི་སྟོན་པ་ཆེན་པོ་གཤེན་རབ་མི་བོ་ཆེའི་ལོ་རྒྱུས་ཀྱི་གཞུང་ཆེ་ཁག་གསུམ་ཡོད་འདུག་སྟེ། མདོ་འདུས། མདོ་གཟེར་མིག མདོ་དྲི་མེད་འོད་ཟེར་བཅས་སོ། གཞུང་དེ་དག་ཏུ་དམ་པ་ཁོང་གི་ལོ་རྒྱུས་རྒྱས་ཤིང་རྒྱས་པར་ཡོད་པ་མ་ཟད། དཔེ་ཆ་དེ་དག་ཀྱང་མང་ཤས་གཏེར་ནས་བླངས་པ་ཡིན་པས་ལོ་རྒྱུས་ཀྱི་གསང་བའི་ལྗིད་ཚད་ཀྱང་ཡོད་ངེས།

གཅིག་ནས་ཁོང་གི་ལོ་རྒྱུས་ལ་བོན་པོའི་ཕྱོགས་ནས་ཡུལ་སྒྲུང་ལྟ་བུའི་ངག་བཤད་ཐན་ཐུན་ཡོད་པ་དག་ནི་གཅིག་རྒྱུས་གཅིག་མཐུད་ཀྱིས་རྫུན་རིམ་ཇེ་མཐོར་སོང་ནས་དོན་དངོས་ཀྱི་བྱུང་བ་བསྒྲིབས་ནས་འདུག་པས་འདིར་མ་གླེང་ནའང་ཆོག་པར་སེམས། འོན་ཀྱང་དེ་དག་ལ་ཡང་བསམ་དགོས་ས་དང་དཔྱད་དགོས་ས་ཡོད། ལོ་རྒྱུས་མཁས་དབང་ཁ་ཤས་ཀྱིས་སྟོན་པ་གཤེན་རབ་ཁོང་བོད་ཀྱི་མི་ཞིག་མ་ཡིན་པར་ཨེ་ཤ་ཡའི་ནུབ་ཕྱོགས་པར་སིག་ཞེས་པའི་ས་གནས་ཞིག་ནས་འཁྲུངས་ཡོད་པ་དང་། ཁོང་གིས་སྐབས་དེའི་མི་སྣའི་ཁམས་དང་མཐུན་པའི་ཆོས་ཕྲན་ཆུང་ངུ་ཞིག་གསར་བསྟོད་བཟོས་པའི་བཤད་སྲོལ་ཡོད་མོད། འོན་ཀྱང་ད་ལྟའི་ཆར་བོད་རིག་པ་མཁས་ཅན་ཕྱི་ནང་གཉིས་ཆར་ནས་རྟོག་ཏུ་བཀུར་འོས་པ་མཁར་རྨེའུ་ལགས་ཀྱིས་ཏུན་ཧོང་ཡིག་རྙིང་དང་གོ་བསྡུར་ནས་ར་གསལ་བོ་སྤྲད་ཡོད།

ཕྱིའི་བོད་རིག་པ་མཁས་ཅན་འགའ་ཤས་ཀྱིས་གཤེན་དང་བོན་འདི་དག་ཆོ་གའི་ནང་གི་ལྷ་སྒྲུང་དང་ངག་རྒྱུན་ལྟ་བུའི་མི་སྣ་ཞིག་ལས་དོན་དངོས་ཀྱི་མི་དེ་འདྲ་ཞིག་མེད་ཅེས་བཤད་སྲོལ་ཡང་འདུག་ཚོད། ཚད་དུ་བཟུང་འོས་པ་ཞིག་ལ་བོན་པོར་ཆེད་དུ་ཞིབ་འཇུག་གནང་མཁན་འགས་ཁོང་བོད་རང་ས་ནས་དངོས་སུ་བྱོན་ཡོད་པར་མ་ཟད་ད་ལྟའི་བར་དུ་མི་ལོ་སུམ་སྟོང་བརྒྱད་བརྒྱའི་ལོ་རྒྱུས་ཡོད་པར་བརྗོད་པ་ནི་དོན་དངོས་དང་མཐུན་པར་སེམས། ཉེ་དུས་ཀྱི་མཁས་དབང་དོན་འགྲུབ་རྒྱལ་ལགས་ཀྱིས་ཀྱང་སྟོན་པ་ཁོང་བོད་རང་ས་ནས་སྐྱེས་པར་གསུངས་ཡོད།

གོང་དུ་བཤད་པ་བཞིན་དང་པོའི་དུས་ན་ཁོང་སྲིད་པ་བོན་དང་འབྲེལ་བའི་ཆོ་གའི་མཁས་ཅན་ཞིག་ཏུ་གྱུར་ནས་གཟོད་རྨང་གཞི་དེ་ལ་བརྟེན་ཏེ་གཡུང་དྲུང་བོན་ཞེས་གཞུང་གི་མ་ལག་ཆ་ཚང་ལྡན་པའི་ཆོས་ལུགས་འདི་གསར་བཏོད་བཟོས་ཏེ་སངས་རྒྱས་ཟིན་པའི་མི་སྣ་ཞིག་རེད། བཤད་མ་ཐག་པའི་གནད་འདིའི་སྐོར་ནས་ཤེས་འདོད་ན་ངེས་པར་རྣམ་ཐར་མདོ་འདུས་དང་མདོ་དྲི་མེད་འོད་ཟེར་སོགས་ལ་གཟིགས་མཛོད། ཁོང་གི་སྐུའི་ཆ་བྱད་སྐོར་ནས་ད་ལྟའི་བོད་རིག་པའི་དཔྱད་རྩོམ་དང་པར་རིས་གདམས་བཀོད་སོགས་ཀྱི་ནང་དུ་ཁོང་གི་ཕྱག་བསྣམས་སོགས་ཀྱི་པར་རིས་འདུག་པ་དེ་དག་ལས་ཤེས་བཞིན་པ་དང་། གུས་པོའི་བསམ་པར་རང་ཅག་ལ་བོད་ཅེས་མིང་བྱུང་ཚུལ་སྐོར་ནས་མཁས་དབང་ཁ་ཤས་ཀྱིས་དང་པོའི་དུས་ན་རང་ཅག་ལ་བོན་དང་དེ་ནས་བོད་ཅེས་རྗེས་འཇུག་བརྗེས་ཚུལ་དང་མིང་ཆགས་པ་རེད་ཅེས་པའི་བཤད་སྲོལ་དེར་གོ་རྒྱུ་ཆེན་པོ་འདུག་སྙམ་ནས་ཆེད་དུ་དེའི་སྐོར་གྱི་དཔེ་ཆ་གང་མང་ཞིག་ལ་ཁ་ཕྱོགས་པར་ཡང་བྱས། གནའ་བོའི་དུས་ན་པ་ཀི་སི་ཐེན་གྱི་ས་གཤུས་ནས་མར་མར་ཆགས་པའི་གདོད་མའི་བོད་མི་རིགས་ནི་སྟོན་པ་གཤེན་རབས་ཀྱི་འབངས་འཁོར་དངོས་དེ་རེད་པས་སྐབས་དེ་དག་ཏུ་གཏེར་དུ་སྦས་ཞེས་པའི་ཡིག་རྙིང་ཞིག་རག་ན་ཅི་མ་རུང་།

འུ་ཅག་གིས་ཚད་དང་མཚན་མར་བཟུང་འོས་པའི་ལོ་རྒྱུས་ཀྱི་ཡིག་རྙིང་ཏུན་ཧོང་གཏེར་ཡིག་ནང་དུའང་སྟོན་པ་ཁོང་གི་མཚན་མང་ཙམ་བྱུང་ཡོད་བཞིན་དུ་དེ་དག་ལ་རྟོག་དཔྱོད་དང་དོ་སྣང་མི་བྱེད་པར་ཟུར་གཞན་ཞིག་ནས་ཕྱིན་ཅི་ལོགས་པའི་གཏེར་སྦས་དང་གསར་རྩོམ་དག་ལ་ཁ་ཕྱོགས་འགྲོ་བ་འདི་ཅིའི་མ་འགྲིག་པ་རེད། དང་པོའི་དུས་ན་ཏུན་ཧོང་ཡིག་རྙིང་དག་མི་རིགས་གཞན་གྱིས་བརྐུས་ཁྱེར་བྱས་ཤིང་རང་ཅག་གི་མཐོང་སྐལ་དུ་མ་གྱུར་བའི་གྲས་དེ་དག་ཏུ་ཅིས་ཀྱང་གཤེན་རབ་ཀྱི་སྐོར་མང་ཚོད། གནས་བོའི་རང་ཅག་བོད་པའི་ས་ཁུངས་དང་མི་རིགས་ཡོད་ཚད་ཤེས་རབ་ཀྱི་སྟོན་པ་ཆེན་པོ་གཤེན་རབ་མི་བོ་ཆེ་ཁོང་གིས་མི་རིགས་ལ་རྨང་བཏིང་ཞིང་ས་ཁུངས་ལ་ཚད་བཞག་པ་ཞིག་ཡིན་ལ། རང་ཅག་གི་ཤེས་རིགས་ཀྱི་ཐོག་མའི་འབྱུང་ཡུལ་ཡང་གནའ་བོའི་པ་ཀི་སི་ཐན་གྱི་ས་མཚམས་དང་གངས་རིན་པོ་ཆེའི་ས་ཤོས་ནས་མར་ཆད་ཡོད་ལ། མདོར་དེད་ན་བླུན་ལྐུག་གི་མི་རིགས་དང་རྨོངས་མུན་གྱི་ས་ཁུངས་དེར་ཐོག་མའི་ཤེས་རབ་ཀྱི་འོད་སྣང་སྒྲོན་མཁན་ཡང་དམ་པ་ཁོང་རེད། འདི་ནི་གུས་པས་ཚོད་ལྟའི་དཔྱད་རྩོམ་ཙམ་དུ་གོ་རིམ་མཐར་ཆགས་སུ་བསྒྲིགས་པ་དེའོ།།

འདིའི་མཚམས་ནས་མར་མདོ་འདུས་ཀྱི་ལུང་འགའ་ཞིག་དྲངས་ཏེ་དཔྱད་བརྗོད་ཅིག་འབྲི་བའི་སྤྲོ་བ་ནི་ད་དུང་ཡོད་པས་རྗེས་སུ་ཁོམ་སྐབས་ཤིག་སྤྱད་དེ་སྤྱན་ལམ་དུ་འབུལ་ཆོག་པ་ཞུ། ང་ཚོ་ད་ལྟའི་བོད་ཀྱི་གཞོན་སྐྱེས་ཚོས་ཅིས་ཀྱང་འདིའི་སྐོར་ནས་ཤེས་དགོས་པ་སྟེ། སངས་རྒྱས་ཆོས་ལུགས་འདི་ནི་གཞུང་སྒྲིལ་གྱིས་དུས་རབས་བདུན་པའི་སྐབས་ཕྱིའི་ཆོས་ལུགས་ཤིག་བོད་ལ་དྲངས་ནས་ད་ལྟའི་ཆར་བོད་ལ་ཐབ་ཆགས་ཀྱིས་གནས་པ་ཙམ་ལས་བོད་རང་གི་ཆོས་ལུགས་དངོས་དེ་མིན་པས་བོད་རྒྱལ་སོ་བརྒྱད་སྐབས་སུ་པདྨ་འབྱུང་གནས་སོགས་ཀྱིས་གཙོས་པས་བྱེད་མི་འོས་པའི་ལས་འགུལ་དེ་དང་དེའི་རླབས་ཤུགས་ཀྱིས་ད་ལྟའི་ཆར་བོད་མིའི་སེམས་ཁམས་ཀྱིས་བོན་ཆོས་དང་དེའི་སྟོན་པ་སོགས་ལ་འཛིན་པའི་ལྟ་ཚུལ་ངམ་པོ་དེར་གསར་བརྗེ་དགོས་པ་ནི་བན་ཤུལ་དཔལ་མཁར་ལགས་ཀྱིས་སྣེ་ཁྲིད་པར་རྗེས་སུ་འགྲོ་དགོས་པ་ནི་གནད་ལ་ཁེལ་བ་ཞིག་མ་ཡིན་ནམ།

2015.7.5ཉིན་ལན་གྲུ་ནས་གྲུབ་པར་བྱས། 2015.9.9ཉིན་ཡུལ་ལན་གྲུ་ནས་སླར་ཡང་བསྐྱར་བཅོས་བྱས།
རྩོམ་པ་པོ་་་་་ཁྲི.མཆོད་ཀོང་། ( ལན་གྲུ། ) བཙན་པོ་ཚང་ནས་དྲངས།