མཁར་རྨེའུ་བསམ་གཏན་གྱིས་མཛད་པའི་བོན་ལུགས་ཀྱི་ཆོ་གའི་སྐོར།

IMG_0067བོན་ལུགས་ཀྱི་ཆོ་ག་ནི་ནང་དོན་མང་ཞིང་རྣམས་གྲངས་ཤིན་ཏུ་མང་པོ་ལྡན་པའི་དད་མོས་ཀྱི་ཆོ་ག་ཞིག་ཡིན། ད་ཕན་ཏུན་ཧོང་ནས་ཐོན་པའི་དུར་མཆོད་སྐོར་ཞིབ་འཇུག་རགས་ཙམ་བྱས་ཡོད་ཕུད། དེ་བྱིངས་ཀྱི་ཆོ་གའི་སྐོར་ཞིབ་འཇུག་བྱ་མཁན་བྱུང་མི་འདུག འོན་ཀྱང་། ཆོ་ག་དེ་ནི་ང་ཚོས་གནའ་རབས་ཀྱི་བོད་མིའི་སེམས་ཁམས་ཀྱི་འགུལ་བསྐྱོད་དང་འཕེལ་རིམ་དག་ཤེས་རྟོགས་བྱ་རྒྱུར་མཁོ་བའི་གལ་ཆེའི་དཔྱད་གཞི་ཞིག་ཡིན་པ་རེད།
བོན་གྱི་ཆོ་ག་ཕལ་ཆེ་ཐེག་པ་དགུ་ཡི་ཐོག་མའི་ནང་གསེས་བཞི་པོའི་ནང་དུ་འདུས་ཡོད། དེ་ཡང་།
༡ ཕྱྭ་གཤེན་ཐེག་པ།
༢ སྣང་གཤེན་ཐེག་པ།
༣ སྲིད་གཤེན་ཐེག་པ།
༤ འཕྲུལ་གཤེན་ཐེག་པ། བཅས་སོ།།
ཕྱྭ་གཤེན་ཐེག་པ་དེ་ཡང་ནང་གསེས་ཆུང་བ་ཁག་བཞི་རུ་དབྱེ་ཡོད་དེ།
༡ མོ།
༢ རྩིས།
༣ གཏོ།
༤ དཔྱད། བཅས་སོ།།
འདིར་གཙོ་བོ་བརྗོད་པར་བྱ་བ་ནི་གཏོ་ཞེས་པ་དེའི་སྐོར་ཡིན་ལ། དེ་སྤྱིར་བཏང་ནང་གསེས་གཉིས་སུ་དབྱེ་བ་ཡིན། ཆོ་ག་དེ་སྤེལ་སྐབས་ཐོག་མར་སྔོན་གྱི་གཏམ་རྒྱུད་དག་བརྗོད་པར་བྱེད་ལ། སྨྲང་ཡང་ཟེར་ལ་གཏམ་རྒྱུད་དང་འབྲེལ་བའི་ཤོད་སྲོལ་དེ་དག་ནང་གི་དོན་རྐྱེན་ རྣམས་ནི་འཇིག་རྟེན་འདི་ཆགས་པའི་དུས་སུ་བྱུང་ཚུལ་བརྗོད་པ་ཡིན། གཏམ་རྒྱུད་དེ་དག་བརྗོད་དགོས་པའི་རྒྱུ་མཚན་ནི་མི་རྣམས་ལ་སྒྲུང་དེའི་འཆར་སྣང་ ཟབ་མོ་ཞིག་སྟེར་རྒྱུ་ལགས། གཏམ་རྒྱུད་དེ་དག་བརྗོད་སྐབས། གཏམ་རྒྱུད་དེ་ཉིད་འཆད་པར་བྱེད་མཁན་གྱི་མི་སྣས་རང་ཉིད་ནི་ཆེས་ཐོག་མའི་མེས་ པོའི་རྗེས་འབྲངས་པ་ཞིག་ཡིན་ཚུལ་བརྗོད་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ཁོས་ལྷ་འབོད་འདྲེ་འགུག་བྱས་ན་ཁྱད་ནུས་ཆེན་པོ་ཐོན་ ཚུལ་བརྗོད་པ་ཡིན། གཏམ་རྒྱུད་དེ་དག་ནང་འཁོད་པའི་ནང་དོན་དང་རུས་རྒྱུད་ཀྱི་བྱུང་ཚུལ་དབར་འབྲེལ་ བ་ངེས་གཏན་ཞིག་མཆིས་ལ། གཏམ་རྒྱུད་དེ་དག་ནང་མེས་པོ་དང་འབྲེལ་བ་ཞིག་ལྡན་ཚུལ་བརྗོད་དགོས་དོན་ནི་ཆོ་ག་ སྤེལ་མཁན་དེའི་ལུགས་མཐུན་གནས་བབས་དང་། དེའི་བྱེད་ནུས་ཐོབ་ཐང་བཅས་ལ་རྒྱབ་སྣོན་བྱས་པའི་སྣང་ཚུལ་ཞིག་གོ།
བོད་ཀྱི་ཉི་མ་སྟར་ཆགས་ཀྱི་གཏོའམ་ཆོ་ག་མང་དག་ཞིག་སྤེལ་སྲོལ་ཡོད་ནའང་། ཁྱབ་རྒྱ་ཆེ་ཤོས་ནི་གཉེན་སྒྲིག་གཏོ་དང་། རུས་རྒྱུད་འཕེལ་བའི་གཏོ། ཚེ་རིང་དུ་འཕེལ་བའི་གཏོ། ལོངས་སྤྱོད་འཕེལ་བའི་གཏོ། རླུང་རྟ་འཕེལ་བའི་གཏོ། བར་ཆད་སེལ་བའི་གཏོ། ལོ་ལེགས་ཡོང་རེའི་གཏོ་དང་འདས་མཆོད་ཀྱི་ཆོ་ག་བཅས་སོ།། གཏོ་ཆོག་ཞིག་སྤེལ་སྐབས་ཀྱི་བྱ་བའི་རིམ་པ་བཞི་ནི། ༡ མོ་འདེབས། ༢ སྐར་རྩིས། ༣ གཏོ། ༤ དཔྱད་བཅས་ཡིན། དཔེར་ན། མི་ཞིག་ནད་ཀྱིས་མནར་བའི་སྐབས་སུ། ཐོག་མར་མོ་པ་ཞིག་གི་འགྲམ་དུ་སོང་ནས་རང་ཉིད་གདོན་གྱིས་གནོད་ཡོད་མེད་དྲི་རྩད་ བྱེད་པ་ཡིན། གལ་ཏེ་གདོན་གྱིས་གནོད་ཡོད་ན། མོ་པ་དེས་གཏོ་ཅི་ཞིག་སྤེལ་ནས་གདོན་དེ་འབུད་དགོས་སྐོར་གྱི་ཁ་ཏ་བསླབ་བྱ་ སྤྲོད་པ་ཡིན། དེ་རྗེས་རྩིས་པ་དེས་ནད་པ་དེའི་སྐྱེས་སྐར་དང་གཟའ་སྐར་གཉིས་ཀྱི་འཕྲོད་སྦྱོར་ བཟང་ངན་བཅས་ལ་བརྟག་རྗེས་གཏོ་སྤེལ་བའི་དུས་ཚོད་གཏན་འཁེལ་བཟོ་བ་ཡིན། མོ་པ་དང་རྩིས་པ་གཉིས་ཀྱིས་ཁ་དམར་གདགས་རྗེས་ནད་པ་དེའི་ནད་ལ་དཔྱད་པ་དང་སྨན་ བཅོས་བྱེད་མཁན་གྱི་སྨན་པའི་རྩར་འཁྲི་བ་ཡིན། གོང་གསལ་གྱི་ཐབས་ལམ་བཞི་པོ་དེ་ནི་བོད་པའི་འཚོ་བའི་ནང་ཉི་མ་སྟར་བརྒྱུད་ལ་ འཕྲད་པའི་གནད་དོན་དག་སེལ་ཆེད་བེད་སྤྱོད་བྱེད་པའི་ཐབས་ལམ་ལྟ་བུ་ཞིག་ཡིན་ལ། ཐབས་ལམ་དེ་དག་ནི་བོན་གྱི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ཤིན་ཏུ་ནས་གལ་ཆེར་བརྩི་ བའི་རྒྱུན་སྲོལ་ཞིག་ཡིན། གཏོ་ཞེས་པ་དེ་ནི་སེམས་ཁམས་ཀྱི་གནས་སྟངས་ལ་ཕན་པར་བྱེད་པའི་ཐབས་ཤེས་ཤིག་ལགས་ པ་དང་། དཔྱད་ནི་ནད་པའི་ནད་ངོས་འཛིན་པ་དང་ལུས་ཁམས་བདེ་ཐང་ཁོ་ནའི་སྐོར་སྤྱོད་པའི་ཐབས་ལམ་ཞིག་ཡིན།
གཏོ་ཡོད་ཚད་དག་གཙང་རིམ་པ་གསུམ་བརྒྱུད་ནས་སྤེལ་གྱི་ཡོད་དེ། དང་པོ་དུག་ཕྱུང་དང་། གཉིས་པ་ཚན་ཁྲུས། གསུམ་པ་མནོལ་བསང་བཅས་སོ།།
ཐོག་མར་དུག་ཕྱུང་སྐོར་རགས་ཙམ་གླེང་ཁུལ་བྱས་ན། དེ་ཡང་འཇིག་རྟེན་ཆགས་གྲུབ་སྐོར་དང་འབྲེལ་བའི་གཏམ་རྒྱུད་ཀྱི་འབྱུང་ཁུངས་དང་ འབྲེལ་བ་ལྡན་པ་ཞིག་ཡིན། ང་ཚོས་ཤེས་གསལ་ལྟར། ཐོག་མར་འཇིག་རྟེན་གྱི་ཁམས་ན་སྟོབས་ཤུགས་གཉིས་མཆིས། དེ་གཉིས་ནི་ལྷ་དང་བདུད་གཉིས་སོ།། ལྷ་ཡི་ཕྱོགས་ལ་ཡེ་ཟེར་བ་དང་། བདུད་ཀྱི་ཕྱོགས་ལ་ངམ་ཞེས་ཟེར་བ་ཡིན། ཡེ་རྗེ་སྨོན་པའམ་ཁྲི་རྒྱལ་ཁུག་པ་ཟེར་བ་དེ་ནི་ཡེ་ཡི་རྒྱལ་པོ་དང་། ངམ་རྗེ་རྩོལ་པོའམ་མེད་འབུམ་ནག་པོ་ཟེར་བ་དེ་ནི་ངམ་གྱི་རྒྱལ་པོ་ཡིན། རྒྱལ་ཁམས་དེ་གཉིས་བར་མཚམས་ལ་སྲིད་པ་ཡེ་ངམ་གཉིས་ཀྱི་སོ་མཚམས་ཞེས་ཟེར་རོ།། དུག་ནི་ངམ་ནས་བྱུང་བར་འདོད་པ་ཡིན་ལ། གཤམ་དུ་དྲངས་པའི་དཔྱད་ཡིག་དུམ་བུ་དེ་ནི་དུག་གི་བྱུང་ཚུལ་སྐོར་ཡིན་དེ། ཀྱེེ་དུག་འདི་དང་པོ་གང་ནས་བྱུང་། དུག་འདི་ངམ་གྱི་ཡུལ་ནས་སྲིད། ངམ་རྗེ་རྩོལ་པོའི་མཁྲིས་པ་དེ། ངམ་གྱི་ཡུལ་དུ་དུག་མཚོ་འཁྱིལ། ངམ་མི་ནག་པོས་དུག་བདག་བྱེད། ངམ་མཚོའི་ནང་དུ་དུག་ཡར་སྐྱེས། ངམ་ལས་དུག་གི་ས་བོན་སྲིད། དེ་ལས་དུག་ནག་རིམ་དགུ་སྲིད། ཅེས་པ་ལྟར་རོ།།

དཔེ་ཆ་འདི་ནང་ད་དུང་དུག་རིགས་མི་འདྲ་མང་པོ་ཞིག་འདྲེན་བརྗོད་བྱས་ཡོད་པ་དཔེར་ ན། ས་ལས་བོང་བ་ནག་པོ་དང་། རྡོ་ལས་མཁར་སྒོང་། ཤིང་ལས་གླང་མ། སྡོང་ཐུང་ལྗོན་ཤིང་ལས་ཐང་ཁྲོམ་སོགས་བྱུང་ཚུལ་ལྟ་བུའོ།། དཔེ་ཆ་དེའི་ནང་དུ་དུག་གི་སོན་རྩ་ཉིད་ངམ་རྗེ་རྩོལ་པའི་མཁྲིས་ཁུ་ལས་རྩོལ་མེད་ དུ་ཕྱུང་པའི་རྒྱུ་མཚན་སྐོར་འཁོད་མེད། གང་ལྟར་ཀྱང་། ཆོ་ག་དེ་འགོ་མ་ཚུགས་གོང་དུག་དོད་ཅིག་གྲ་སྒྲིག་བྱ་དགོས་ལ། མཆོད་པ་གཤོམ་མཁན་དེས་ཞལ་འདོན་གནང་སྐབས། དུག་ཅན་གྱི་རྫས་དངོས་དག་སྣོད་སྐྱོག་ཆུང་ཆུང་ཞིག་ནང་མེར་བསྲེགས་ནས་ཁང་པ་ཡོད་ ཚད་ནང་བསྐོར་རྗེས་ཕྱིར་དབྱུགས་པ་ཡིན། གལ་ཏེ་དུག་དེ་ཉེ་འགྲམ་གྱི་ས་ཆར་ཡིབ་ནས་བསྡད་ན་དག་གཙང་ཆོ་ག་དེ་ལེགས་འགྲུབ་ ཡོང་མི་ཐུབ་པར་བརྩི་བ་ཡིན།

གྲིབ་སེལ་གྱི་ཆོ་གའི་སྐོར་རགས་ཙམ་བརྗོད་ན། དེ་ཡང་གྲིབ་ནི་ཡེ་དང་ངམ་གཉིས་འཐབ་པ་ལས་བྱུང་བར་གྲགས། དེ་ཡང་གནའ་སྔ་མོ་ཤིང་སྡོང་ཞིག་ཡོད་པ་དེ་ལ་འབྲས་བུ་བཏགས་རྒྱུ་མེད་ལ་སྨྱུག་ རྩ་གསར་བ་ཡང་འབུས་རྒྱུ་མེད། ཤིང་དེ་ནི་ཡེ་དང་ངམ་གྱི་ས་མཚམས་ན་ཡོད་ལ། དེའི་ལོ་མ་ནི་དར་གོས་དང་། འབྲས་བུ་ནི་གསེར། ཤིང་ཁུ་ནི་བདུད་རྩི། ཤུན་པགས་ནི་རས་གོས། ཤུག་ཚེར་ནི་མཚོན་ཆ་དང་མེ་ཏོག་ནི་ཤིན་ཏུ་ཡ་མཚན་པ་ཞིག་ཡོད་ཀྱང་། སུས་ཀྱང་ཤིང་དེ་ལྟ་བུ་ཞིག་ཡོད་པ་མི་ཤེས། འོན་ཀྱང་། ཉིན་ཞིག་ཕྱྭ་གུ་གཡང་དཀར་ཞེས་པའི་ལྷ་ཞིག་ཡོད་པ་དེས་གཡང་མོ་ལུག་དེ་བཞོན། དཀར་མོ་སྒྲོ་ཡིས་བརྒྱན་པའི་ལྷ་མདའ་ལག་ཏུ་ཐོགས་ནས་དེལ་དཀར་རི་དེང་ཞེས་པའི་ ཡོད་ཁམས་ཀྱི་རི་ཡི་རྩེ་མོར་འཛེགས། ཁོ་པས་ཤིང་སྡོང་དེ་ལ་ལན་མང་བརྟག་རྗེས་མཐར་དེ་ནི་ཡེ་ངམ་གཉིས་དབར་འཐབ་རྩོད་ ཅིག་ལངས་གྲབས་ཡོད་པའི་སྔ་ལྟས་སམ་རྟགས་མཚན་དུ་མཐོང་བ་མ་ཟད། འཐབ་རྩོད་ཀྱི་གཞི་ཡང་སྲིད་པ་ཡོད་པ་དང་མེད་པ་ཁ་འཛིན་གྱི་ཆེད་དུ་ཡིན། མཐར་ཡེ་ཉིད་ངམ་ལས་རྣམ་པར་རྒྱལ་བའི་མཇུག་འབྲས་ཀྱང་སྔོན་དཔག་ཐུབ་རྗེས། རང་གིས་བརྟག་པ་བྱས་པའི་འབྲས་དོན་དེ་སྲིད་པའི་རྩེ་མོ་དེ་ནས་ཁྱབ་བསྒྲགས་བྱས་ སོ།།

ཡེ་ངམ་གཉིས་དབར་འཐབ་རྩོད་ལངས་རྗེས། ཡེས་རང་དམག་གི་སྒར་དེ་དེལ་དཀར་རི་རྩེ་ན་ཕབ་ཅིང་། ངམ་དམག་གི་སྒར་དེ་སོལ་རིའི་སྟེང་ན་ཕབ། ལྷ་སྐོས་རྗེ་དྲང་དཀར་གྱིས་མཚམས་ཚིགས་པ་གསུམ་གྱི་བར་མ་ཞེས་པ་ངམ་གཉིས་ཀྱི་ས་ མཚམས་ཏེ་མི་མེད་ཀྱི་ཡུལ་དེ་ན་སོང་ནས་བར་འདུམ་བྱས་ཀྱང་ཡོད་ཁམས་དང་མེད་ཁམས་ གཉིས་དབར་གྱི་རྩོད་རྙོག་དེ་སེལ་མ་ཐུབ། དེ་རྗེས་གཡང་དཀར་ལུག་གཉིས་བར་འདུམ་བྱེད་མཁན་དེའི་ས་བསྐྱལ། ལུག་དེ་གཉིས་ལས་གཅིག་གི་མིང་ལ་ལྷ་ཚ་ག་བ་བང་མིག་ཅེས་ཟེར་ཞིང་དེ་ནི་རྐང་ འགྲོས་ལུག་ལུག་དང་ལྷ་མོ་གཅིག་གི་རྒྱུད་པ་ཡིན་ལ། ཅིག་ཤོས་དེའི་མིང་ལ་སྲིན་ཚ་ཁྱུ་སྲེ་རྒལ་ནག་ཟེར་ཞིང་། དེ་ནི་རྐང་འགྲོས་ལུག་ལུག་དང་སྲིན་མོ་ཞིག་སྲས་ཡིན། ལུག་དེ་གཉིས་པོ་སྐོར་བ་ཐེངས་དགུ་འཁོར་དུ་བཅུག་རྗེས་གློད་བཀྲོལ་བཏང་། ལྷ་ཚ་ནི་དེལ་དཀར་རི་བོའི་རྩེར་སོང་ལ། སྲིན་ཚ་ནི་སོལ་རིའི་འདབས་ན་ཆས་སོ།། མཐའ་མ་ལྷ་རྣམས་གཡུལ་རྒྱལ་བས་མི་རྣམས་ཀྱིས་ལྷ་རྒྱལ་ལོ་ཞེས་སྐད་འབོད་བྱས། གལ་ཏེ་ལྷ་ཚ་དང་སྲིན་ཚ་གཉིས་སོ་སོའི་འགྲོ་ཡུལ་ནོར་བའི་དབང་དུ་བྱས་ན་ལྷ་རྣམས་ ཕམ་རྒྱུ་ཉག་ཅིག་ཡིན་ཚུལ་ཤོད་སྲོལ་ཡོད་ཀྱང་། དོན་དངོས་ཐོག་བྱ་དངོས་ཐམས་ཅད་སྲིད་པའི་ལུགས་ལྟར་འཕེལ་རྒྱས་ཕྱིན་ཡོད་ཅེས་ ཟེར།
ངམ་གྱིས་རིགས་མཚོན་ཆ་མི་འདྲ་བ་དུ་མ་བཟོ་བ་ཡིན་ཞིང་བཟོ་ཁང་ནང་དུ་མེ་ལྕེ་ ཕྱིར་ཕྱུང་བས་ངམ་གྱི་མུན་པ་སེལ། ངམ་གྱི་ནག་མུན་ལས་བྱུང་བའི་རླངས་པ་དག་ལས་སྤྲིན་པ་ཆགས། དྲག་ཆར་གྱིས་ཐ་ན་ཞྭ་མོ་ཡང་མེད་པའི་ཡེ་རྗེ་སྨོན་པ་ཉིད་བརླན་པས་ན། དེ་པས་ལུག་ལྷ་བལ་ཆེན་ཞེས་པའི་སྒལ་པའི་བལ་གྱིས་བྱས་པའི་ཞྭ་མོ་ཞིག་བཟོས། ངམ་རྗེ་རྩོལ་པོས་ཡེ་རྗེའི་སྤྱན་ལ་དམིགས་ནས་མདའ་ཞིག་འཕང་ཡང་དེ་ཡེ་རྗེའི་ སྤྱན་ལ་མ་ཕོག་པར་ཞྭ་ལ་ཕོག་དུས་དེ་ནས་བཟུང་དེ་ནི་བཀྲ་ཤིས་པའི་མཚོན་བྱེད་དུ་ བརྩི་བའི་སྲོལ་བྱུང་ལ། དེ་ཡི་ཐོག་ཏུ་ད་དུང་དར་གོས་དུམ་བུ་གཅིག་དང་དངུལ་གྱི་མེ་ལོང་ཞིག་ཀྱང་སྒྲོག་ སྲོལ་ཡོད་པ་མ་ཟད། མདའ་ནི་ཞང་ཞུང་ཇུ་ཐིག་གི་མོ་ཞེས་པའི་མ་ལག་ནང་དུའང་ཞང་ཞུང་གི་ལྷ་རིགས་སུམ་ བརྒྱ་དྲུག་བཅུའི་མཚོན་བྱེད་ཅིག་ཏུ་གྱུར་ཡོད།

དེ་ཡང་ཡེ་རྗེ་ཐབས་ཟད་འུ་ཐག་གི་གནས་སུ་གྱུར་སྐབས། དེས་ལྷ་ཡེ་མཁྱེན་སྒྲ་བླར་ལུག་གི་སུག་རུས་གཡས་པ་གཅིག་སྩོལ་བའི་གསོལ་བ་བཏབ། ཡེ་མཁྱེན་སྒྲ་བླའི་དམག་གིས་གདུག་ཅན་ངམ་མི་ནག་པོ་དང་ཁོ་པའི་བཟའ་ཟླ་དམར་མོ་ གཉིས་བྲན་དུ་བསྐོས། ངམ་མི་ནག་པོ་ནི་དུག་གི་རྒྱ་མཚོའི་སྲུང་བྱ་ཡིན་སྐད་དོ།།
གོང་དུ་བརྗོད་པའི་དོན་རྐྱེན་ཐུང་ངུ་དེ་དག་ནི་ཡེ་དང་ངམ་དབར་བྱུང་བའི་དོན་ རྐྱེན་གྱི་དཔེ་མཚོན་ཙམ་ཡིན། དེ་བས་ཆེས་ཛ་དྲག་ཆེ་བའི་དོན་རྐྱེན་ཞིག་ནི་གེ་གོད་ཀྱིས་རང་གི་སྐྱེས་མ་འབྱུང་ ཁུངས་བདུད་ཡིན་པ་ལ་ལྷ་ཞིག་དང་བཤོས་པ་ཞིག་ཡོད་པ་དེ་དམར་གསོད་བྱས་པ་དེ་ལགས། དེ་ཡང་ནམ་ཞིག་ཁོ་མོས་རང་གི་ཁྱོ་བོ་དང་ཕྲུ་གུ་གེ་ཁོད་དབྱུགས་ནས་ངམ་ཞེས་པའི་ བདུད་ཁམས་སུ་ཕྱིར་ལོག་བྱས། གེ་ཁོད་ཀྱིས་རང་གི་སྐྱེས་མ་བཀྲོངས་བ་ལས་ཡེ་ཡི་ཁམས་ན་དམེ་སྐབས་ཆེན་པོ་ཕོག་ སྐད། དེས་ན་དམེ་གྲིབ་དང་རྒྱ་མཚོའི་འཇིང་ལས་ཐོན་པའི་དུག་གཉིས་དག་པར་བྱ་ཆེད་དག་ གཙང་གི་ཆོ་གའི་སྲོལ་གཏོད། དག་གཙང་གི་ཆོ་གར་མཁོ་བའི་སྨན་རྩ་ལ་སོགས་པའི་དངོས་རྫས་དགོས་པ་དེ་དག་ནི་གནམ་ གྱི་དགུ་ཚིགས་སྐྱ་མོ་དང་གནམ་མཚོ་ཕྱུག་མོར་གནས་བཅའ་བའི་ལྷ་མོ་གནམ་ཕྱི་གོང་ རྒྱལ་གྱིས་མཁོ་སྤྲོད་བྱས་པ་ཡིན་སྐད། གཤམ་དུ་ལྷ་མོ་དེས་སྨན་རྫས་ཉིད་ཇི་ལྟར་བྱས་ནས་མཁོ་སྤྲོད་བྱས་ཚུལ་རགས་ཙམ་ངོ་ སྤྲོད་ཞུས་ན། དེ་ཡང་།
བསྭོ་ནམ་མཁའི་མི་འགྱུར་དབལ་གྱི་ཞལ་ཡས་ན།།
དབལ་ལྷ་གེ་ཁོད་སྐུར་བཞུགས་པ།།
དབལ་སྐུ་ཤེལ་ལྟར་གསལ་བ་ལ།།
ཉོན་མོངས་རྣམ་རྟོག་མི་མངའ་སྟེ།།
བདག་ཅག་གཤེན་གྱེར་སྒྲུབ་པ་པོས།།
ལུས་ཀྱི་རྣམ་རྟོག་བསལ་བ་དང་།།
གེ་ཁོད་ལྷ་ཞལ་བལྟ་བའི་ཕྱིར།།
གེ་ཁོད་ལྷ་ལ་ཚན་ཁྲུས་གསོལ།།
ཚན་གྱི་རྒྱུ་འདི་གང་ནས་བྱུང་།།
ཁྲུས་ཀྱི་ཆབ་འདི་གང་ན་གཏོགས།།
སྲིད་གསུམ་འདུས་པའི་རྩེ་མོ་ཡང་གོང་ན།།
གནམ་ཕྱི་གུང་རྒྱལ་བདུད་རྩིའི་ཡུམ།།
སྐུ་ལ་བདུད་རྩིའི་ཐུལ་པ་གསོལ།།
དབུ་ལ་བདུད་རྩིའི་སྤྲིན་སྤུང་གཏིབས།།
ཕྱག་ན་བདུད་རྩིའི་བུམ་པ་བསྣམས།།
ཞལ་ནས་བདུད་རྩིའི་ཆར་བ་འབབ།།
ལས་སུ་བདུད་རྩིའི་ཐང་ལ་བརྡལ།།
ཟས་སུ་བདུད་རྩིའི་སྙིང་བོ་བཟའ།།
སྐོམ་དུ་བདུད་རྩིའི་ཁུ་བ་འཐུང་།།
སེམས་ཅན་ཉོན་མོངས་སྡུག་བསྔལ་ཅན།།
ཉོན་མོངས་ནད་རྣམས་གསོ་བ་དང་།།
ལྷ་དང་ལྷ་བདག་མཇལ་བའི་ཕྱིར།།
ཞལ་གྱི་མཆིལ་མ་ལྗགས་གང་ལ།།
བདུད་རྩི་སྨན་དུ་སྨོན་ལམ་བཏབ།།
མི་ཡུལ་གླིང་བཞིའི་འཇིག་རྟེན་ན།།
སྡུག་བསྔལ་ནད་སེལ་རྩི་དང་སྨན།།
སེམས་ཅན་དོན་དུ་འཁྲུངས་བར་སྨོན།།
ས་གཞིའི་ཁམས་སུ་གཏོར་བ་ལ།།
དེ་ལ་ཚན་གྱི་རྒྱུ་རུ་སྲིད།།
ཚན་དུ་བབས་པས་ཚན་ཞེས་བྱ།།
ནད་རྣམས་གསོ་བས་སྨན་ཞེས་བྱ།།
སྨེ་བ་དག་པས་ཁྲུས་ཞེས་བྱ།།
མནོལ་བ་བསང་བས་ཚན་ཞེས་བྱ།།
བདུད་རྩི་ག་པུར་གངས་ཀྱི་སྨན།།
རྒྱ་མཚོའི་ལྦུ་བ་ཆུ་ཡི་སྨན།།
གུར་གུམ་སེར་པོ་སྤང་གི་སྨན།།
ཅོང་ཞི་དཀར་པོ་རྡོ་ཡི་སྨན།།
བྲག་ཞུན་སྨུག་པོ་བྲག་གི་སྨན།།
མཆོང་གི་གླ་བ་ནགས་ཀྱི་སྨན།།
གི་ཝང་གླང་པོ་ཆེ་ཡི་སྨན།།
ཏི་སེ་གངས་ཀྱི་སྨན།།
མ་པང་མཚོ་ཡི་སྨན།།
བདུད་རྩི་སྨན་དུ་སྦྱར།།
དངུལ་སྐྱོགས་ནང་དུ་བླུགས།།
ཚན་ལ་ལྗགས་མ་མཆིས།།
ཁྲུས་ཀྱི་རྟ་མ་མཆིས།།
རྣམ་དག་ལྷ་ཡི་བྱ།།
དྭངས་མ་སྨན་གྱིས་བསྐོར།།
སྨན་བྱ་གོང་མོ་དེ།།
མཚལ་གྱི་སྤུ་རིས་ཅན།།
གཙོས་ཀྱ་ལའུ་གྱོན།།
མཐིང་གི་སྟོད་སྐོར་ལ།།
གཡའ་ཤམ་ཡ་མས་བསྐོར།།
གསེར་གྱི་གཟོང་བུའི་མཆུ།།
ཟངས་ཀྱི་ལྷམ་བུ་གྱོན།།
གསུང་སྙན་པའི་གླུ།།
གཡའ་སྤང་གངས་ལ་ཆགས།།
བདུད་རྩིའི་ཁྲོན་པ་བརྐོ།།
རྩི་དུག་སྔགས་ཀྱིས་འབྱེད།།
ཞལ་ནས་དུག་སྔགས་བཟློ།།
དུག་ཆོམ་དུག་ཐུབ་ཚངས་གྱུར་ཅིག།
དུག་ཐུབ་དུག་ཕྱུང་ས་ལེ་མོ།།
གོང་མོས་དུག་ཆོམ་ཟེར་བ་དང་།།
དུག་ཐུབ་ལྷ་སྔགས་བཟློ་བ་ཡིན།།
གོང་མོས་ཚང་ཚང་ཟེར་བ་དེ།།
ལྷ་ལ་དག་ཚངས་གསོལ་བ་ཡིན།།
སྨན་བྱ་གོང་མོའི་གཤོག་པུ་གཡས་པ་ལ།།
བདུད་རྩི་ཚན་གྱི་ལྗགས་སུ་བྱས།།
སྨེ་བ་དག་ལ་མནོལ་བ་ཚངས།།
ཡབ་ལྷ་དབལ་ཆེན་གེ་ཁོད་ལ།།
བདུད་རྩི་ཚན་གྱི་སྐུ་ཁྲུས་གསོལ།། ཞེས་པ་ལྟར་རོ།།
གཏམ་རྒྱུད་འདིའི་ནང་དུ་ང་ཚོས་ལྷ་མོའི་མཆིལ་མ་ནི་སྨན་དང་ཆུ་ལ་འགྱུར་ཚུལ་ མཐོང་ཞིང་། དེ་གཉིས་པོ་འདྲེས་པའི་རྫས་ལ་ཚན་ཞེས་འབོད་པ་ཡིན། དེ་ནི་ངམ་གྱི་དུག་དག་སེལ་བའི་རྫས་ཤིག་ཡིན་པར་ངོས་འཛིན་བྱ་བ་ཡིན། བདུད་རྩི་ཞེས་པའི་ཐ་སྙད་དེ་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆའི་ནང་ཨམྲིཏ༼འཆི་མེད ༽ཞེས་པའི་ཚིག་དེའི་འགྱུར་ཡིན་ནའང་། ཁོ་བོས་ལྟར་ན་ཐ་སྙད་དེ་དབར་འབྲེལ་བ་མེད་སྙམ། བོན་གཞུང་དུ་བདུད་རྩིའི་དོན་ནི་ངམ་མམ་ཡང་ན་བདུད་ཡུལ་དུ་སྐྱེས་པའི་རྩི་དུག་ ལ་བྱེད། དེ་ལྡོག་པར་བྱེད་པའི་དོད་ལ་ལྷ་རྣམས་ཀྱིས་སྨན་རྫས་ཐོན་སྐྱེད་བྱེད་པ་ནི་བདུད་ ཀྱིས་དུག་བཟོ་བ་དང་འདྲ་བ་ལས། བདུད་རྩི་ཞེས་པ་དེ་ནི་གསེར་བཙོ་ལྟ་བུ་རྫས་འགྱུར་རིག་པ་ལས་ཐོན་པའི་དངོས་རྫས་ ཤིག་ལ་མི་འབོད་དོ།། བྱ་གོང་མོ་དཀར་མོའི་སྒྲོ་ནི་ཚན་ཞེས་པའི་སྨན་ཆུ་གཏོར་ཆེད་མཁོ་བའི་བྱ་སྒྲོ་ ཞིག་ཡིན། བྱ་གོང་མོའི་སྒྲོ་ཡིས་ཚན་ནམ་མཁར་གཏོར་བ་དང་། གལ་ཏེ་བྱ་གོང་མོའི་སྒྲོ་མ་འབྱོར་ཚེ་ལྷ་ཤིང་ཤུག་པའི་ལོ་མས་དེའི་ཚབ་བྱེད་པ་ ཡིན། ཤོད་སྲོལ་ལྟར་ན། ཚན་གྱིས་ཡེ་ངམ་གཉིས་འཁྲུག་པ་ལས་བྱུང་བའི་གྲིབ་སྐྱོན་སེལ་ཐུབ་པར་ཡིད་ཆེས་ བྱེད་པ་ཡིན། དེ་ལྟའི་སྲོལ་ནི་དུས་ད་ལྟའི་བར་མ་ཉམས་པར་རྒྱུད་འཛིན་བྱས་ཡོད། ཆོ་གའི་དཔེ་ཆའི་ནང་དུ་དྲངས་པའི་གྲིབ་ལ་རྣམ་གྲངས་དུ་མ་ཡོད་པར་ངོས་འཛིན་བྱེད་ ལ། རྣམ་གྲངས་དེ་དག་ལས་ཁག་གཅིག་ནི་གཞན་པ་རྣམས་ལས་ཆེས་ཚབས་ཆེན་དུ་བརྩི་སྲོལ་ཡོད་ པ་དཔེར་ན། རྟ་ཤ་བཟའ་བ་དང་། རོ་ལ་དམར་འཆང་བྱེད་པ། སོ་སོའི་རྔུལ་ཆུ་དང་བདུད་མོའི་རྔུལ་ཆུ་གཉིས་འདྲེས་པ། སྐྱེ་བོ་ག་གེ་མོ་ཞིག་ལྐོག་གསོད་བྱེད་མཁན་གྱི་བུད་མེད་དང་མཉམ་དུ་ཉལ་བ། མི་གསོད་ལག་དམར་ཅན་གྱི་སྐྱེས་པ་ཕོ་ཡི་གོས་རང་ལུས་ལ་གྱོན་པ་བཅས་ལྟ་བུའོ།། དེ་དག་ནི་མི་ཡི་ལུས་ཁམས་ཐོག་གི་གཙང་འཁྲུས་བྱེད་ཡུལ་འབའ་ཞིག་དང་། ནང་སེམས་ཀྱི་ཐད་ལ་གཙང་འཁྲུས་སམ་བྱ་འཁྲུས་བྱེད་ཐབས་ནི་ལྷ་རྒོད་དམ་གེ་ཁོད་ལ་ དོགས་པའི་ཐེ་ཚོམ་གྱི་དྲ་རྒྱ་ཉིད་གཅོད་རྒྱུ་དེ་ལགས།།

མནོལ་བསང་གིས་དག་གཙང་བྱེད་པའི་ནང་གི་གཏམ་རྒྱུད་དེ་དང་། གོང་དུ་བརྗོད་ཟིན་པའི་ཚན་སྐོར་གྱ་ཆོ་གའི་ནང་གི་སྒྲུང་གཏམ་གཉིས་ཤོད་སྲོལ་ཐད་ གཅིག་མཚུངས་ཡིན་ནའང་། ལྷ་མོ་གནམ་ཕྱི་གུང་རྒྱལ་གྱི་སྨོན་ཚིག་ནི་གཅིག་མཐུན་མ་ཡིན། དེ་ཡང་ལྷ་རྒོད་བསང་ཤིང་སྐྱེ་བར་ཤོག་ཅེས་བརྗོད་ནས་ཁ་ནས་བསོལ་ཆབ་དེ་གནམ་ནས་ས་ སྟེང་དུ་གཏོར་རྗེས། གངས་རི་ན་ཨ་ཀྲོང་དང་། རྫ་རིར་སྲོལ་ལོ། བྲག་རི་ན་ཨ་བ། སྤང་ལ་སྤྲ་བ་ཐོད་དཀར། རི་ལྡེབས་སུ་སྤོས་མོ། བྲག་གསེབ་ཏུ་མཁན་པ། ཉིན་དུ་གཡུ་ལྟར་སྔོ་བའི་ཤུག་པ་དང་སྲིབ་ཏུ་བ་ལུ་བཅས་སྐྱེ་བར་སྨོན་པ་བཅས་སོ།།

ཆོ་ག་དངོས་སུ་སྤེལ་སྐབས་གོང་དུ་བརྗོད་པའི་སྐྱེ་དངོས་དེ་དག་བསྡུ་རུབ་བྱས་ རྗེས་དེ་དག་ཆུ་སྐྱོགས་རིང་མོ་ཞིག་གམ་ཡང་ན་ཁང་པའི་ཕྱི་རོལ་དུ་དམིགས་བསལ་ གྱིས་བརྩེགས་པའི་སྟེགས་བུ་ཞིག་གི་ཐོག་ན་མེར་བསྲེགས་པ་ཡིན། ས་ཁུལ་མང་པོ་ཞིག་ན་གོང་གསལ་གྱི་སྐྱེ་དངོས་དག་རྙེད་དཀའ་བས་ན་སྤྱིར་བཏང་ཤུག་ པ་དང་མཁན་གཉིས་བསྲེགས་པ་ཡིན། བསང་རྫས་དེ་གཉིས་ལ་མཚམས་རེ་གཡུ་ལོ་དང་གསེར་ལོ་༼གཡུ་ཡི་ལོ་མ་དང་གསེར་གྱི་ལོ་ མ༽ཞེས་འབོད་ལ། ཤུག་པ་དེ་ནི་བོན་གྱི་འགྱུར་མེད་རྟག་བརྟན་གྱི་མཚོན་བྱེད་བཞི་ཡི་གྲས་ཤིག་ཡིན། རྩི་ཤིང་ལས་ཐོན་པའི་དུད་སྤྲིན་དང་། ལྷག་པར་དུ་ཤིང་ཤུག་པའི་དུ་བས་གྲིབ་སྐྱོན་དག་གཙང་བྱེད་ཐུབ་པར་ཡིད་ཆེས་བྱེད་ པ་ཡིན། སྨེ་དང་མནོལ་གཉིས་ནི་གྲིབ་ཀྱི་ཐ་སྙད་གཉིས་ཡིན་པ་རེད། དེ་གཉིས་ལས་སྨེའམ་དམེ་ཞེས་པ་ནི་ཚན་གྱིས་དག་པར་བྱེད་ལ། མནོལ་ཞེས་པ་ནི་བསང་གིས་དག་པར་བྱའོ་ཞེས་གྲགས། ཤིང་ཤུག་པ་བསྲེགས་རྗེས་ཐོན་པའི་དྲི་ཞིམ་གྱི་དུ་བ་ཡུལ་ལྷར་འབུལ་བའི་སྲོལ་དེ་ ནི་འབུལ་བའི་རྫས་ཤིག་ལ་བརྩིས་ནས་གཙང་འཁྲུས་ཀྱི་ཆོ་གའི་ནང་བེད་སྤྱོད་བྱེད་ སྲོལ་འདུག བསང་གི་ཆོ་ག་སྤེལ་སྲོལ་དེ་ཕྱི་རབས་བོད་ཀྱི་རིག་གནས་ནང་དར་རྒྱས་ཕྱིན་ཡོད་པ་ ནི་རྔན་བསང་ཆེན་མོ་ཞེས་པ་སོགས་བསང་མཆོད་སྐོར་གྱི་དཔེ་ཆ་མང་དག་ཅིག་ཡོད་པ་ལས་ མཚོན་ཐུབ། དཔེ་ཆ་དེ་རིགས་ནི་བོད་ཀྱི་ས་གཤིས་ཐད་ཞིབ་འཇུག་བྱེད་རྒྱུར་མཁོ་བའི་དཔྱད་གཞི་ ཞིག་ཀྱང་ཡིན། དེ་ཡང་དཔེ་ཆ་དེ་དག་ཁྲོད་བོད་ཀྱི་ལྷ་རི་མང་པོ་ཞིག་གང་དུ་ཡོད་མིན་སོགས་ཀྱི་ གནས་ཚུལ་འཁོད་ཡོད་པས་སོ།།

ཡེ་དང་ངམ་གཉིས་ཀྱི་ས་མཚམས་ན་མཆིས་པར་གྲགས་པའི་ལྗོན་ཤིང་དེའི་སྐོར་གླེང་ སྐབས། རྒྱ་གར་གཏམ་རྒྱུད་ནང་དཔག་བསམ་ལྗོན་ཤིང་ཞེས་པ་ཞིག་ཡོད་པ་དང་། ཤིང་དེའི་དོན་དུ་ལྷ་དང་ལྷ་མིན་གཉིས་འཁྲུག་འཛིང་བྱེད་དོན་དེ་ཉིད་བློ་ཡུལ་དུ་ དེ་མ་ཐག་ཏུ་ཤར་སྲིད་ནའང་། འདིར་བརྗོད་པའི་ལྗོན་ཤིང་དེ་ནི་སྔ་ལྟས་མཚོན་པ་ཙམ་ལ་ཟེར་རོ།། འདིར་བཤད་པ་དུག་གི་རྒྱ་མཚོ་དང་རྒྱ་གར་གྱི་གཏམ་རྒྱུད་ནང་འཆི་མེད་ཀྱི་བདུད་ རྩི་བྱུང་ཡུལ་སྟེ་འོ་མའི་རྒྱ་མཚོ་གཉིས་དབར་བསམ་འཆར་ཐོག་འབྲེལ་བ་ཞིག་ཡོད་ སྲིད་ཀྱང་ནམ་ཕྱི་གུང་རྒྱལ་གྱིས་ལྷ་ཟས་མཆིལ་མ་གཏོར་བ་ལས་སྨན་རྫས་བྱུང་ཚུལ་ དེ་དང་། འཕགས་པ་སྤྱན་རས་གཟིགས་ཀྱིས་འབྲུ་སྣ་ལྔ་གཏོར་བ་ལས་བོད་དུ་འབྲུ་རིགས་བྱུང་ བའི་ཤོད་སྲོལ་ནི་འདྲ་མཐུན་དུ་སྣང་། བོད་དུ་བྱ་གོང་མོ་དང་དེ་ཉིད་ཀྱི་སྒྲོ་བེད་སྤྱོད་བྱེད་ཚུལ་དང་། རྒྱ་གར་གྱི་གཏམ་རྒྱུད་ནང་དུག་སེལ་གྱི་ནུས་པ་ལྡན་པའི་རྨ་བྱའི་སྒྲོའི་སྐོར་ གླེང་ཚུལ་དེ་གཉིས་ཀྱང་འདྲ་མཚུངས་སུ་འདུག་ལ། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཆོ་གའི་ནང་རྨ་བྱའི་སྒྲོ་ཡིས་ཁྲུས་ཆུ་གཏོར་བར་ བྱེད་པ་ཡིན། རྨ་བྱའི་སྒྲོ་ཉིད་ཆོ་གའི་ཁྲོད་དུ་བེད་སྤྱོད་བྱེད་པའི་སྲོལ་དེ་དུས་ཕྱིས་སུ་བོན་གྱི་ཁྲོད་དུ་ཡང་དར་ཡོད་དོ།།
བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར།

1,933 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།