གཡུང་དྲུང་བོན་གྱི་དྲྭ་རྒྱ།

མངའ་རིས་ནས་རྙེད་པའི་ལོ་ངོ་ས་ཡ་བཞིའི་སྔོན་གྱི་རྡོ་རུས།

Untitled-11བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་རྩྭ་མདའི་གཤོང་ས་ནས་ལོ་ངོ་ས་ཡ་ ༤ ལྷག་གི་ལོ་རྒྱུས་ལྡན་པའི་འཕར་སྤྱང་གི་འགྱུར་རྡོ་ཞིག་གསར་དུ་རྙེད་ཡོད་འདུག དེ་རིང་རྒྱ་ནག་སོ་ཧུའུ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཚན་རིག་ཞིབ་འཇུག་གླིང་གི་བོད་མཐོ་སྒང་གི་གནའ་རྫས་ཞིབ་འཇུག་པས་འདས་པའི་ལོ་ ༣ རིང་སྔོག་བཤེར་ཞིབ་འཇུག་བྱས་པ་བརྒྱུད། མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་ ༤༡༩༥ ཡོད་པའི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྩྭ་མདའི་གཤོང་ས་ནས་ལོ་ངོ་ས་ཡ་ ༤ ལྷག་གི་ལོ་རྒྱུས་ལྡན་པའི་འཕར་སྤྱང་(Hyena)གི་འགྱུར་རྡོ་གསར་རྙེད་བྱུང་ཡོད་པ་དང་། འགྱུར་རྡོ་དེས་གནའ་བོའི་འཁྱག་རོམ་དུས་ཀྱི་སྲོག་ཆགས་རྣམས་བོད་མཐོ་སྒང་དུ་ གནས་སྤར་པའི་ལོ་རྒྱུས་ཀྱི་བཤད་པ་དེར་ཕན་ནུས་ལྡན་པའི་བདེན་དཔོང་བྱས་ཡོད་སྐོར་བརྗོད་འདུག

རྒྱ་ནག་ཚན་རིག་ཞིབ་འཇུག་གླིང་གི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གདོད་མའི་མི་རིགས་ཞིབ་འཇུག་ཁང་གི་འབུམ་རམས་པ་ལི་ཆང་གིས། གཤོང་ས་དེ་ནས་སྔ་མོའི་སྤུ་ལྡན་བསེ་རུ་དང་གངས་གཟིག བྱང་སྣེའི་ཝ་སོགས་ཀྱི་རིན་ཐང་ལྡན་པའི་འགྱུར་རྡོ་རྙེད་ཡོད་པ་དང་། ད་རེས་འཕར་སྤྱང་གི་འགྱུར་རྡོ་གསར་དུ་རྙེད་ཡོད་པ་དེས། འཁྱག་རོམ་དུས་མ་བསླེབ་པའི་གོང་གི་དུས་རབས་སྔོན་མ་དང་ཡང་ན་དེའི་སྔོན་དུ། འོ་འཐུང་སྲོག་ཆགས་ཆེ་ཁག་མང་པོ་བོད་མཐོ་སྒང་དུ་གནས་སྤར་ཏེ་འཚོ་སྡོད་བྱས་ཡོད་པ་མ་ཟད། རིམ་གྱིས་མཐོ་སྒང་གི་གྲང་རླུང་ཆེ་བའི་གནམ་གཤིས་ལ་གོམས་འདྲིས་ཕྱིན་ཡོད་པ་དང་། འོ་འཐུང་སྲོག་ཆགས་ཆེ་ཁག་རྣམས་བོད་མཐོ་སྒང་དུ་གནས་སྤར་བ་དང་བསྟུན། ཤ་གཟན་སྲོག་ཆགས་འཕར་སྤྱང་སོགས་ཀྱང་སྲོག་ཆགས་དེ་རྣམས་ཀྱི་རྗེས་སྙེག་ནས་བོད་ མཐོ་སྒང་དུ་བསླེབས་ཡོད་པ་དེ་བདེན་དཔང་བྱས་པ་རེད། ཅེས་བརྗོད་འདུག

མངའ་རིས་ནི་བོད་མཐོ་སྒང་གི་ས་བབ་མཐོ་ཤོས་ཏེ་འཛམ་གླིང་གི་ཡང་རྩེར་འབོད་ ཀྱི་ཡོད་པ་དང་། རྒྱ་གཞུང་གིས་གནའ་རྫས་ཞིབ་འཇུག་ཚོགས་པ་ཆེད་འཛུགས་ཀྱིས་གནའ་རྫས་སྔོག་འདོན་བྱེད་བཞིན་ཡོད་པ་ལྟར། ཉེ་བའི་ལོ་ཤས་ནང་ཞང་ཞུང་རྒྱལ་རབས་དུས་ཀྱི་བང་སོ་ཆེན་པོ་བཞི་བཅས་གནའ་བོའི་བང་སོ་དང་མཁར་ཤུལ་མང་པོ་རྙེད་སོན་བྱུང་ཡོད་པ་མ་ཟད། ལོ་ངོ་ས་ཡ་གཉིས་ལྷག་གི་ཡར་སྔོན་གྱི་སྤུ་ལྡན་བསེ་རུ་དང་དོམ་ཆེན། ཁྱིའི་རིགས་གསུམ་དང་བྱི་ལའི་རིགས་བཅས་གཅན་གཟན་སྲོག་ཆགས་རིགས་ཀྱི་འགྱུར་རྡོ་ མང་པོ་རྙེད་ཡོད་འདུག