གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྒྱ་གར་བོན་གཞིས་ཐོབ་རྒྱལ་གསར་པའི་དངོས་བྱུང་ལོ་རྒྱུས།

img428བོད་ཀྱི་བོན་པོའི་ཚོགས་པའི་ལོ་རྒྱུས་དངོས་བདེན་བྱུང་རིམ་གསལ་བའི་སྒྲོན་མེ།

གཡུང་དྲུང་བོན་གྱི་གདན་ས་༧དཔལ་གཤེན་བསྟན་སྨན་རི་དགོན་གྱི་དགེ་བཤེས་ཁ་ཤས་དང་བོན་གཞིས་ཀྱི་མི་རྒན་གཞོན་ཁ་ཤས་ནས། ༡༩༥༩ ལོར་བོད་རྒྱལ་ཁབ་ལ་བཟློག་ཏུ་མེད་པའི་གོད་ཆག་བྱུང་ནས་བོད་མི་རྣམས་རང་ཡུལ་བཞག་ནས་གཞན་ཡུལ་དུ་བཙན་བྱོལ་ལ་འགྲོ་དགོས་བྱུང་བ་རེད། བཙན་བྱོལ་བོད་མི་ཁྲི་ཁ་ཤས་ཡོད་པ་རྣམས་བོད་སྨད་རྒྱ་ནག་ས་མཚམས་ནས་སྟོད་རྒྱ་དཀར་ས་མཚམས་ཀྱི་མི་ཡོད་པ་དེའི་ནང་གཡུང་དྲུང་བོན་ལུགས་འཛིན་པ་ཉུང་ཤས་ལས་མེད་པ་དེ་རྣམས་ཁ་འཐོར་དུ་མ་སོང་བ་གང་འཚམས་མཉམ་དུ་ཡོད་རྐྱེན། བོད་ཀྱི་བོན་པོའི་ཚོགས་པ་དང་བོན་གཞིས་འཛུགས་རྒྱུའི་ས་བོན་ནམ་མ་རྩ་ལྟ་བུ་བྱུང་རེད་བསམ་གྱི་ཡོད་ཀྱང༌། དེངས་སྐབས་མི་ཁ་ཤས་ཀྱི་ངས་བྱས་པ་དང་ང་ཚོས་བྱས་པ་གསུང་མི་འདུག དེ་རྣམས་ལ་ཐོག་མར་བོན་ལུགས་འཛིན་པ་རྣམས་མཉམ་བསྡུ་ག་འདྲ་བྱུང་དྲིས་སྐབས། ཁ་གསལ་གསུང་རྒྱུ་མི་འདུག ཁྱེད་ཀྱི་དངོས་བདེན་བྱུང་རིམ་ཞིག་འབྲི་དགོས་ཞེས་ནན་བསྐུལ་གནང་བ་དང༌། ངོས་རང་ནས་དེང་སྐབས་ཡིག་ཐོག་ལ་ཡོད་པ་ཁ་ཤས་མཐོང་དུས་རང་གིས་བྱས་གཏམ་བཏང་གཏམ་རྣམས་ཡོད་ཀྱང༌། ལས་དོན་བྱེད་ཡུལ་ག་འདྲ་བྱས་ནས་བྱུང་རབས་མ་གསུང་བ་མ་ཟད་སོ་སོའི་ཕ་ཡུལ་གཅིག་པ་དགའ་ཉེ་ཡི་མི་མང་གསལ་བཏོན་བྱས་པ་ལས་དངོས་སུ་ལས་དོན་དེའི་ཐོག་མཉམ་བཞུགས་བྱེད་མི་མིང་ཙམ་ཡང་མ་གསལ་བ་ངག་ཐོག་ནས་གསུང་མི་རྣམས་ཀྱང་ངས་བྱས་ང་ཚོའི་བྱས་པ་དང༌། ཡང་བོད་ཀྱི་བོན་པོ་ཚོགས་པ་འདི་སྔོན་མ་ནས་ང་ཚོས་ལ་དྭགས་ལ་བཙུགས་ཡོད་སོགས་གསུང་བ་གོ་དུས། ང་རང་ཧ་ལས་པ་དང་བློ་ཕམ་ཡང་ཡོང་གི་འདུག

གང་ལུགས་ཞུས་ན། ༡༩༦༡ ནས་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་རུག་རུག་མཉམ་དུ་ཡོང་ཐབས་སྐུ་ངལ་བརྒྱ་ཕྲག་གནང་མི་རྣམས། ད་མཚམས་བཀའ་དྲིན་རྗེས་དྲན་དང་གུས་བཏུད་ཞུ་རྒྱུ་ཕར་བཞག་མིང་ཙམ་ཡང་གསུང་མི་དང་བྲིས་མི་འདུག རྒྱུ་མཚན་དེར་བརྟེན་བོད་ཀྱི་བོན་པོའི་ཚོགས་པ་དང་བོན་གཞིས་ཐོབ་རྒྱལ་གསར་པ་ཞེས་པ་འདི་ཐོག་མར་འཛུགས་གཏན་ག་འདྲ་སེ་བྱུང་བ་དང༌། དེ་རྗེས་འགོ་བཙུགས་ནས་ལོ་གང་འཚམས་རིང་གི་བྱུང་རིམས་ལོ་རྒྱུས་དངོས་བདེན་མིག་ཐོག་ལག་ཟིན་བྱུང་བ་ཞིག་བྲིས་ཡོད།

དེའི་ནང་ང་རང་གི་ལོ་རྒྱུས་ཀྱང་རང་བཞིན་གྱིས་འབྲེལ་ཡོང་གི་འདུག གང་བྲིས་པ་དེ་རྣམས་འུད་བརྗོད་དང་སྒྲོ་བཏགས་མཛེས་རྒྱན་གོ་ཚུལ་སོགས་མེད་པ། དངོས་བདེན་བྱུང་རིམ་གསལ་བའི་སྒྲོན་མེ་ཞེས་པ་འདི་བྲིས་ཡོད།IMG_0181

འོན་ཀྱང་ང་རང་སྐྱེས་སྦྱངས་ཤེས་རབ་ཀྱི་ཆུ་ཚད་ཧ་ཅང་དམའ་བས་བརྗོད་དོན་གསལ་མིན་དང་བརྗོད་བྱེད་ཀྱི་ཚིག་སྦྱོར་བདེ་མིན་སོགས་ཞན་ཆ་མང་དག་ཡོད་ངེས་དང༌། ཚིག་གི་གཅོད་མཚམས་དང་དག་ཆའི་སྐོར་སོགས་གློག་ཀླད་དུ་དཔར་རྩ་སྒྲིག་སྐབས་མིག་བར་ཤོར་ནས་ལུས་པ་བཅས་ནོར་བ་ཇི་སྙེད་ཅིག་ཡོད་སྲིད་པར་ངེས་ན།

མཁྱེན་ལྡན་རྒྱ་ཆེའི་ཀློག་པ་པོ་རྣམས་ནས་ཐུགས་ཁྲེལ་མི་གནང་བ་ཞུ། བཅས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོས་ ༢༠༡༥ ཟླ་ ༥ ནང་མཇུག་བསྡུ་བ་ཡིན།