གཡུང་དྲུང་བོན་གྱི་དྲྭ་རྒྱ།

རང་གི་མི་ཚེའི་ལོ་རྒྱུས་སྲོང་པོར་བརྗོད་པ་བྱ་དུར་ཚངས་ཐིག་ཅེས་པའི་དཔེ་དེབ་ངོ་སྤྲོད་རགས་བསྡུས།

IMG_0181སྔོན་གླེང་།
ཉེ་ཆར་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༢ པར་འཕགས་ཡུལ་ངྷ་རམ་ས་ལར་གཞིས་བྱས་“ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་”གིས་བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་ཀྱིས་བརྩམས་གནང་བའི་<<རང་གི་མི་ཚེའི་ལོ་རྒྱུས་སྲོང་པོར་བརྗོད་པ་བྱ་དུར་ཚངས་ཐིག་>>ཅེས་པའི་ཁོང་གི་གསུང་རྩོམ་གླེགས་བམ་གཉིས་ཀྱི་བདག་ཉིད་ཅན་ཞིག་དཔར་བསྐྲུན་དང་འགྲེམས་སྤེལ་བྱས་ཡོད་པ་སྐུ་ངོ་རྩོམ་པ་པོ་རང་ནས་གནང་སོན་བྱུང་། ཁོ་བོས་སྔར་མ་དཔེ་ཡང་ཚར་གཅིག་བཀླགས་མྱོང་ཡོད་མོད་ད་ལན་ཡང་སློབ་ཐུན་གྱི་བར་གསེང་རྣམས་སུ་ཚར་གཅིག་བཀླགས་ཐུབ་པའི་སྐལ་བ་བྱུང་བའི་ཉེར་ལེན་ལ་བརྟེན། ད་ལན་དངོས་བྱུང་ལོ་རྒྱུས་ཀྱི་གླེགས་བམ་འདིའི་ས་བཅད་ལེའུ་ཁག་གི་ནང་དོན་ངོ་སྤྲོད་གནད་བསྡུས་ཙམ་ཞུ་འདོད་བྱུང་།

རྩོམ་པ་པོ།
ལོ་རྒྱུས་ཀྱི་གླེགས་བམ་འདིའི་རྩོམ་པ་པོ་ནི་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་རེད། ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་མོ་ཡོས་ཀྱི་ལོ་སྟེ། ཕྱི་ལོ་༡༩༣༩ལོའི་ཟླ་ ༨ ཚེས་ ༡༥ ཉིན་བོད་ལྗོངས་ལ་སྟོད་ཡོན་ཆབ་སྟིངས་ཀ་ཞེས་པའི་གྲོང་སྡེ་དེར་སྐུ་འཁྲུངས་ཤིང་དགུང་གྲངས་དྲུག་ནས་བྱ་དུར་དགོན་དུ་ཡི་གེ་འབྲི་ཀློག་ལ་སྦྱངས་བརྩོན་དང་དགོན་གྱི་སྤྱི་གཉེར་ལས་ཚབ་ཞུས་མྱོང་གསུངས།
ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་སྐབས་བལ་ཡུལ་བརྒྱུད་ནས་རྒྱ་གར་ལ་ཕེབས། ༡༩༦༡ ནས་༡༩༦༥ རྒྱ་གར་བྱང་ཕྱོགས་ས་གནས་ཀུ་ལུ་དང་ཤིམ་ལ་བཅས་སུ་བོད་མིའི་ལམ་ལས་བརྒྱ་ཤོག་གི་སྐད་བསྒྱུར་དང་གཙོ་བོ་འགན་འཁྲིའི་ཞབས་ཞུ་གནང་ཡོད་པ་དང་། ༡༩༦༦ ལོ་ནས་བོན་གཞིས་ཐོབ་རྒྱལ་གསར་པ་ཆགས་ཡུལ་ས་ཆ་འཚོལ་སྒྲུབ་དང་། ༡༩༧༩ ནས་བོན་གཞིས་ས་གནས་འགོ་འཛིན་ཐོག་མ་གནང་།  ༡༩༨༢ ནས་ ༡༩༩༠ བར་བོད་མི་མང་སྤྱི་འཐུས་སྐབས་བརྒྱད་དང་དགུ་པ། བཅུ་བཅས་ཀྱི་སྐབས་གཡུང་དྲུང་བོན་གྱི་སྤྱི་འཐུས་ཀྱི་མཛད་འགན་བཞེས་ཤིང་། ༡༩༩༡ནས་ ༢༠༠༡བར་བོད་མི་མང་སྤྱི་འཐུས་སམ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་དང་ཚོགས་གཙོ་གཞོན་པའི་ཐུགས་འགན་བཞེས་པ་བཅས་ཁྱོན་བསྡོམས་སྤྱི་འཐུས་ལོ་ངོ་ ༢༡ རིང་མཛད།
ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༩་ནས་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་། ཁྲིམས་ཞིབ་པ་ཆེ་བ་བཅས་ཀྱི་ཐུགས་འགན་བཞེས། ༢༠༠༤ ལོའི་ཟླ་༩ནས་ཞབས་ཞུའི་མཛད་དོན་ལེགས་གྲུབ་བྱུང་ནས་བགྲེས་ཡོལ་གྱི་གོ་གནས་འཐོབ། ༢༠༠༥ནས་བོན་གཞིས་སུ་ཆེད་ཕེབས་ཀྱིས་བཞུགས་ཏེ་བོད་ཀྱི་བོན་པོའི་ཚོགས་པའི་ཚོགས་གཞོན་གྱི་ཐུགས་འགན་གནང་སྟེ་ཚོགས་པ་ཡུལ་ཁྲིམས་ལ་དེབ་སྐྱེལ་དུས་འགྱངས་དང་བོན་གཞིས་ཀྱི་ས་ཆ་ཚང་མིན་ཞིབ་རྩད་སོགས་ཀྱི་ལས་དོན་གནང་བཞིན་ཡོད་པ་བཅས་སོ།།

གནད་བསྡུས།
ཁོང་གི་མི་ཚེའི་ལོ་རྒྱུས་ཀྱི་གསུང་པོད་འདི་ལ་གླེགས་བམ་སྟོད་ཆ་དང་སྨད་ཆ་ཞེས་པོད་གཉིས་ཀྱིས་བསྡུས་ཡོད། དངོས་དོན་གྱི་བྱུང་བའི་ལོ་རྒྱུས་ཡིག་རིས་སུ་བཀོད་གནང་ཡོད་པའི་ལོ་རྒྱུས་ཀྱི་དཔེ་དེབ་འདི་Screenshot 2016-01-30 22.00.41ལ་ནང་དོན་གྱི་ཆ་ནས་ཧ་ཅང་ཞིབ་ཚགས་ལྡན་ཞིང་། ལོ་ཚིགས་དང་ཟླ་གྲངས་ཚེས་གྲངས་སོགས་གསལ་འཁོད་ཡོད་པ་མ་ཟད་སྒྲུབ་བྱེད་ཀྱི་གཏན་ཚིགས་རྒྱུ་མཚན་ཡང་དཔང་རྟགས་དང་བཅས་གསལ་འཁོད་གནང་ཡོད་འདུག
ནང་དོན་གཙོ་བོ་སྔར་ལོ་རྒྱུས་ཀྱི་ཡིག་ཆ་དང་ཡིག་ཐོག་གང་ལ་ཡང་ཁ་གསལ་ཞིབ་ཕྲ་འཁོད་མེད་པའི་བོན་གཞིས་ཐོབ་རྒྱལ་གསར་པའི་ས་ཆ་ཉོ་སྒྲུབ་སྐོར་དང་གཞིས་ཆགས་རབས། གཞིས་འགོ་རིམ་པའི་བསྐོ་བཞག་སྐོར་དང་། ཡང་སྒོས་གཡུང་དྲུང་བོན་གྱི་སྤྱི་འཐུས་བསྐོ་བཞག་སྐོར་དང་སྤྱི་འཐུས་རིམ་པས་ཕྱག་ལས་གནང་སྟངས་སྐོར། བོད་གཞུང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་སྐོར་དང་ཁྲིམས་ཞིབ་པ་དང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མཛད་འགན་རྒྱལ་ཁའི་ངང་གྲུབ་ཡོད་པ་སོགས་དང་། མདོར་ན་བཙན་བྱོལ་བོད་གཞུང་གི་མི་ལོ་ལྔ་བཅུའི་རིང་གི་གཞུང་སྐོར་གྱི་ལོ་རྒྱུས་གལ་གནད་ཁག་གཅིག་རྩལ་དུ་བཏོན་ཏེ་གསལ་འཁོད་ཡོད་པ་སོགས་ནི་གནད་ཀྱི་དོན་པོ་རུ་འཁུམས་ཞེས་ཞུས་ཆོག།

ལེའུ་དང་པོ།
ཁོང་གི་“དལ་འབྱོར་མི་ལུས་སྐྱེས་ཡུལ་དང་དེ་འབྲེལ་སྐོར་”ཞེས་པ་དེ་རེད། འདིར་གཙོ་བོ་ཕྱི་ལོ་༡༩༣༩ནས་༡༩༥༩བར་གྱི་ལོ་རྒྱུས་ཁག་བསྡུས་ཡོད་པ་རེད། འདིར་ཞིབ་ཕྲའི་གསུང་དོན་“བྱ་དུར་ཟེར་དོན་ནི། མ་རྒྱུད་གནས་ཆེན་ཉེར་བཞིའི་ནང་གསེས་འགྲན་གྱི་རི་གོང་མཁའ་འགྲོ་གསའ་གདོང་བྲག་རི་རང་བྱུང་གི་མདུན། བྱང་ཤར་དབང་ལྡན་བཀོད་ཀྱི་དུར་ཁྲོད་ཁྱད་འཕགས་སྟེང་དགོན་པ་བཞེངས་པས་དུར་ཁྲོད་ནང་བྱ་འབབ་པ་ལྟར་ཡོད་པས་བྱ་དུར་ཞེས་ཐོགས་”ཞེས་རྒྱུ་མཚན་དང་འབྲེལ་ནས་འཁྲུལ་ཡུལ་ས་གནས་གང་གི་ལོ་རྒྱུས་ཀྱང་གནའ་བོའི་བོན་གཞུང་ཁག་ལ་ཁུངས་གཏུགས་ཞུས་ནས་མཛད་ཡོད་འདུག

ལེའུ་གཉིས་པ།
འདིར་“རྒྱ་དམར་གྱི་བཙན་འཛུལ་དང་སྐྱབས་བཅོལ་”ཞེས་པའི་སྐོར་ལ་རེད་འདུག དེ་ཡང་ཕྱི་ལོ་༡༩༥༩ནས་༡༩༦༡ལོའི་བར་གྱི་འགྲུལ་བཞུད་རིང་མོ་དེ་དང་། རྒྱ་གར་དུ་ཕེབས་ནས་ཐོག་མར་སྐུ་ངལ་བསྐྱོན་སྟངས་སྐོར་སོགས་གསལ་འཁོད་གནང་འདུག

ལེའུ་གསུམ་པ།
འདིར་“སྤྱི་ཚོགས་སྲི་ཞུ་བསྒྲུབས་སྐོར་”ཞེས་པའི་ལེ་ཚན་དེ་རེད།  དེ་ནི་ཕྱི་ལོ་༡༩༦༦ནས་༡༩༨༢ལོའི་བར་བརྒྱ་ཤོག་ལམ་ལས་སྐད་བསྒྱུར་དང་། ༧སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བཀའ་དགོངས་འོག་བོན་གཞིས་ཐོབ་རྒྱལ་གསར་པའི་ས་ཆ་འཚོལ་བསྒྲུབ་དང་ས་གནས་ཉོ་བསྒྲུབ་ཞུས་ཏེ་གཞིས་འགོ་ཐོག་མའི་མཛད་འགན་བསྐྱངས་པ་སོགས་གསལ་འཁོད་གནང་འདུག

ལེའུ་བཞི་བ།
འདིར་“གཡུང་དྲུང་བོན་གྱི་སྤྱི་འཐུས་”གནང་སྐོར་ལ་རེད་འདུག  དེ་ཡང་ཕྱི་ལོ་༡༩༨༢ནས་༡༩༩༠ལོའི་བར་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་དང་༧སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་རྣམ་གཉིས་བཀའ་དགོངས་གཡུང་དྲུང་བོན་གྱི་སྤྱི་འཐུས་ཀྱི་ཕྱག་ལས་གནང་སྐོར་དང་དེའི་སྐབས་བོད་གཞུང་གི་སྲིད་ཕྱོགས་ཀྱི་ལོ་རྒྱུས་ཞལ་གསལ་འདུག

ལེའུ་ལྔ་པ།
འདིར་“ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་”གནང་སྐོར་ལ་རེད་འདུག  དེ་ནི་ཕྱི་ལོ་༡༩༩༥ནས་༢༠༠༡བར་གྱི་མཛད་རྗེས་སྐོར་སོགས་བསྡོམས་བོད་མི་མང་གི་སྤྱི་འཐུས་ཐུགས་འགན་མི་ལོ་ཉེར་གཅིག་རིང་ལ་མཛད་གནང་ཡོད་པ་དང་དེའི་སྐབས་ཀྱི་སྤྱི་ཚོགས་དང་འབྲེལ་བའི་སྲིད་ཕྱོགས་ཀྱི་དོན་གནད་རྣམས་གསལ་འཁོད་འདུག

ལེའུ་དྲུག་པ།
འདིར་“ཁྲིམས་ཞིབ་པ་དང་ཁྲིམས་ཞིབ་པ་ཆེ་བ་”གནང་སྐོར་གྱི་མཛད་པ་རེད་འདུག  དེ་ཡང་ཕྱི་ལོ་༢༠༠༡ནས་༢༠༠༤ལོའི་བར་དུ་བོད་གཞུང་གི་ཁྲིམས་ཞིབ་པ་དང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་གོ་གནས་བཞེས་ཏེ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གི་མཛད་འགན་ཇི་ལྟར་བསྐྱངས་པ་སོགས་དངོས་བདེན་མྱོང་ཚོར་རྣམས་གསལ་འཁོད་ཡོད་འདུག

ལེའུ་བདུན་པ།
སྡེ་ཚན་འདིར་“བཙན་བྱོལ་བོད་གཞུང་གི་འགན་དབང་ཞབས་ཞུ་ལེགས་སྒྲུབ་ཀྱིས་རྒས་ཡོལ་ཐོན་པ་དང་དེའི་རྗེས་ཀྱི་གནས་ཚུལ་མདོར་བསྡུས་”ཞེས་པའི་སྐོར་ལ་གལ་གནད་ཁག་བསྡུས་འདུག དེ་ཡང་ཕྱི་ལོ་༢༠༠༤ནས་༢༠༠༩ལོའི་བར་གྱི་མཛད་རྗེས་ཆེ་ཁག་རྣམས་ཚིག་བསྡུས་དོན་གསལ་གྱིས་བཀོད་གནང་འདུག

མཇུག་གཏམ།
སྐུ་ངོ་གང་གིས་རྣམ་དཔྱོད་ཀྱི་རྩལ་སྤྲུགས་ཏེ་རང་“མི་རིགས་ཀྱི་དོན་དུ་སྤྱི་སྒེར་ལོ་རྒྱུས་ཡོད་རིགས་འདས་ཟིན་པའི་ནང་དུ་མ་བཞག་པར་འཛམ་གླིང་སྤྱི་དང་། སྒོས་སུ་མ་འོངས་པར་མི་རབས་གསར་པ་ཚོས་ཤེས་ཐུབ་པ་དྲང་བདེན་ཁ་གསལ་མིག་གིས་བལྟ་རྒྱུ་དང་། རྣ་བར་ཐོས་རྒྱུ་ཡོད་པ་ཡིག་ཐོག་བཟོ་འཇོག་དགོས་”པ་གལ་ཆེན་དུ་དམིགས་ཏེ་མཛད་གནང་བ་རེད།
ལོ་རྒྱུས་ཀྱི་བཀའ་རྩོམ་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་སྔར་ཞུས་ཟིན་པ་ལྟར་“ངེས་དོན་ཡོང་ཆེད་ལོ་ཟླ་ཚེས་གྲངས་དུས་ཚོད་སོགས་གསལ་ཁ་”བཏོན་གནང་ཡོད་པ་དང་། དེ་མིན་“འབྲེལ་ཡོད་ཡིག་ཆ་ཡོད་རིགས་བདེན་དཔང་ཆེད་ཟུར་སྦྱར་དུ་བཀོད་”གནང་ཡོད་པ། གཞན་“འུར་བརྗོད་དང་སྒྲོ་བཏགས་མཛེས་རྒྱན་”ཁ་ཡག་དང་སྤྲེལ་ལད་སོགས་ཀྱིས་ལྷད་མེད་པར་གསལ་ཐང་གནང་ཡོད་པ་ཡང་མངོན་གསལ་རེད།
ལྷག་དོན་དུ་ལོ་རྒྱུས་ཀྱི་གླེགས་བམ་འདི་ནི་སྐུ་ངོ་ཁོང་གིས་“བཙན་བྱོལ་བོད་གཞུང་གི་མཐོ་རིམ་འགན་དབང་འཛིན་མི་རྣམས་ལ་དཀའ་སྡུག་དང་རྣམ་གྲངས་མང་པོའི་འགལ་རྐྱེན་གྱི་ཁྲོད་ནས་རང་ཚོད་བཟུང་སྟེ་མ་འོངས་པའི་མདུན་ལམ་གསར་གཏོད་བྱེད་ཕྱོགས་གོ་བསྡུར་གནང་སྐབས་ཀྱི་དངོས་”བྱུང་ལོ་རྒྱུས་ཁག་དང་དངོས་བདེན་མྱོང་ཚོར་ཤ་སྟག་ཡིན་པ་ནི་ལོ་རྒྱུས་དངོས་བྱུང་གི་གླེགས་བམ་འདི་ཞིབ་བཀླགས་གནང་བས་ཤེས་ངེས་སོ།།

མར་ནང་ཚང་གཟི་མིག་དགུ་པ།

རྩོམ་པོ་པོའི་དེབ་ཀྱི་གླེང་བརྗོད།
རང་ཉིད་ལ་རིག་གནས་མཁས་པའི་རྣམ་དཔྱོད་ངོམས་པའི་ཤེས་ཡོན་དང་བསྟན་འབྱུང་དང་རྒྱལ་རབས་ལོ་རྒྱུས་སོགས་འབྲི་རྒྱུའི་སྤོབས་པ་མེད་པ་དང་། སྔོན་ཡོད་རྣམས་ལད་མོ་བསྐྱར་བརྗོད་དགོས་དོན་ཡང་མ་མཐོང་། རང་གི་ལོ་རྒྱུས་འབྲི་རིན་ཡོད་པ་ཞིག་ཡིན་བསམ་གྱི་མེད་ཀྱང་། ལས་དོན་འགའ་འཁུར་གནང་མི་ཡུན་རིང་འདྲིས་འབྲེལ་ཆེ་བའི་གྲོགས་པོ་ཚོ་དང་དགའ་སྡུག་ཉམས་མྱོང་ཤོད་རེས་བྱེད་སྐབས་མི་ཉུང་བ་ཞིག་ནས་ཁྱེད་ཀྱི་ཆབ་སྲིད་འགན་འཁུར་བྱེད་སྐབས་བཙན་བྱོལ་བོད་གཞུང་གི་མཐོ་རིམ་འགན་དབང་འཛིན་མི་རྣམས་ལ་དཀའ་སྡུག་དང་རྣམ་གྲངས་མང་པོའི་འགལ་རྐྱེན་གྱི་ཁྲོད་ནས་རང་འཚོ་བཟུང་སྟེ་མ་འོངས་པའི་མདུན་ལམ་གསར་གཏོད་བྱེད་ཕྱོགས་གོ་བསྡུར་གནང་སྐབས་ཀྱི་དངོས་དོན་བྱུང་བ་རྣམས་ཡིག་ཏུ་འཁོད་པ་བྱ་རྒྱུ་ཧ་ཅང་གལ་ཆེར་འདུག འདས་པ་དང་ད་ལྟ་མ་འོངས་པར་ཕ་རོལ་ཏུ་འཁྱོག་བཤད་དམ་འཆལ་གཏམ་བྱས་པའི་ཡིག་ཆ་རྣམས་སྤྱི་ཚོགས་ནང་མཐོང་ཐོས་ཡོད་པ་དང་། ཚུར་ཕྱོགས་དངོས་བདེན་བྱུང་རིམ་རྣམས་ཡིག་སྒམ་ནང་ལུས་རྐྱེན་སྤྱི་ཚོགས་ནང་དངོས་བདེན་གསལ་ཤེས་ཡོང་ཐབས་མེད་ན། ཁྱེད་ཀྱིས་ལས་དོན་འགན་འཁུར་བྱེད་སྐབས་དངོས་བདེན་མྱོང་ཚོར་རྣམས་ངེས་པར་འབྲི་རྩོམ་བྱེད་དགོས་ཞེས་ཡང་ཡང་ནན་བསྐུལ་གནང་བ་དང་། ཨ་རིིར་ཡོད་པའི་སློབ་མ་ཚེ་དབང་བཟང་མོས་འབོད་བསྐུལ་དང་རོགས་དངུལ་གནང་བ་དང་། གཞན་སློབ་མ་ཁ་ཤས་དང་བོད་མི་མང་སྤྱི་འཐུས་སྐབས་བཅུ་གསུམ་དང་བཅུ་བཞི་པའི་སྤྱི་འཐུས་ཁ་ཤས་ནས་ཁྱེད་ཀྱི་ཆབ་སྲིད་འགན་འཁུར་བྱེད་སྐབས་ཀྱི་དངོས་བྱུང་གནས་ཚུལ་རྣམས་འབྲི་རྩོམ་ཐུབ་པ་བྱེད་དགོས་ནན་བསྐུལ་གནང་བ་དང་། གུས་ཀྱི་གྲོགས་པོ་ཁམས་གསུམ་དབང་འདུས་ལགས་སྟེང་ཞལ་གཉིས་ནས་ཀྱང་བསྐུལ་མ་དང་འགྲོ་གྲོན་དངུལ་སོགས་རོགས་རམ་གནང་རྒྱུའི་ཞལ་བཞེས་སོགས་གནང་བ་དང་།

ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རྣམས་ལ་བཀའ་སློབ་སྔ་ཕྱིར་ཕེབས་པའི་ནང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྤྱི་སྒེར་ལོ་རྒྱུས་ཡོད་རིགས་འདས་ཟིན་པའི་ནང་དུ་མ་བཞག་པར་འཛམ་གླིང་སྤྱི་དང་། སྒོས་སུ་མ་འོངས་པར་མི་རབས་གསར་པ་ཚོས་ཤེས་ཐུབ་པ་དྲང་བདེན་ཁ་གསལ་མིག་གིས་བལྟ་རྒྱུ་དང་། རྣ་བར་ཐོས་རྒྱུ་ཡོད་པ་ཡིག་ཐོག་བཟོ་འཇོག་དགོས་སྐོར་སོགས་བཀའ་སློབ་གསུང་གི་བདུད་རྩིའི་དགོངས་དོན་ལྟར་གུས་ནས་བཙན་བྱོལ་བོད་གཞུང་གི་མཐོ་རིམ་མི་སྣས་འགན་དབང་ཞུ་སྐབས་འཆར་ཅན་མིང་གནས་རྗེས་འབྲེལ་གྱི་ལས་དོན་རྣམས་མིན་པར་དམིགས་བསལ་སྤྱི་ཚོགས་ཀྱི་རྩོད་རྙོག་ལྟ་བུ་བྱུང་བ་རྣམས་ཟུར་འདོན་གཞིར་བཟུང་ད་འབྲེལ་བའི་མི་ཚེའི་མྱོང་ཚོར་ཞིག་བྲིས་པ་ཡིན།

དཔེར་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཆེས་མཐོའི་རྒྱུན་ལས་ཚོགས་འདུའི་མཚན་གནས་རྗེས་འབྲེལ་གྱི་རྣམ་ཀུན་ཞུ་དགོས་བོད་རང་བཙན་སྒྲུབ་ཐབས་ཀྱིས་གཙོས་ཆབ་སྲིད་དང་འཛིན་སྐྱོང་འགན་འཁུར་གོ་བསྡུར་བྱས་པ་རྣམས་སྐབས་བབ་ཟུར་འབྲེལ་ཙམ་ལས་བྲིས་མེད། དམིགས་བསལ་སྤྱི་ཚོགས་དང་འབྲེལ་བའི་རྙོག་འཛིང་ལྟ་བུ་བྱུང་བ་རྣམས་གཙོ་འདོན་གྱིས་བྲིས་ཡོད།

དེ་ཡང་ངེས་དོན་ཡོང་ཆེད་ལོ་ཟླ་ཚེས་གྲངས་དུས་ཚོད་སོགས་གསལ་ཁ་འདོན་ཐབས་དང་འབྲེལ་ཡོད་ཡིག་ཆ་ཡོད་རིགས་བདེན་དཔང་ཆེད་ཟུར་སྦྱར་དུ་བཀོད་ཡོད། དེ་ཡང་འུར་བརྗོད་དང་སྒྲོ་བཏགས་མཛེས་རྒྱན་སོགས་མེད་པ་ཕལ་སྐད་ཐོག་ཚིག་ཐོ་ལྟ་བུ་ཞིག་ས་བཅད་བདུན་དུ་དབྱེ་ནས་བྲིས་ཡོད།

ང་རང་སྐྱེས་སྦྱངས་ཤེས་རབ་ཀྱི་ཆུ་ཚད་ཀྱང་ཧ་ཅང་དམའ་བས་བརྗོད་དོན་གསལ་མིན་དང་རྗོད་བྱེད་ཀྱི་ཚིག་སྦྱོར་བདེ་མིན་སོགས་ཞན་ཆ་མང་དག་ཡོད་ངེས་དང་ཚོག་གི་གཅོད་མཚམས་དང་དག་ཆའི་སྐོར་སོགས་གློག་ཀླད་དུ་དཔར་རྩ་སྒྲིག་སྐབས་མིག་བར་ནས་ཤོར་ནས་ལུས་པ་བཅས་ནོར་བ་ཇི་སྙེད་ཅིག་ཡོད་སྲིད་པར་ངེས་ན་མཁྱེན་ལྡན་རྒྱ་ཆེའི་ཀློག་པ་པོ་རྣམས་ཐུགས་ཁྲེལ་མི་གནང་བར་ཞུ།

དེབ་གཟུགས་དཀྱུས་ཀྱི་བཟོ་འགོད་ཆབ་མདོ་བསྟན་པ་ཉི་མ་ལགས་ནས་གནང་བ་དང་རྒྱབ་ཤའི་ཇུས་འགོད་རྒྱ་མཚོ་ལགས་ནས་གནང་བ་དང་། སྨན་དགོན་གྲྭ་མཁས་དབང་ཁྲི་གཡུང་དྲུང་མཆོག་དང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་སྐུ་ཞབས་བཀྲ་ཤིས་ཚེ་རིང་རྣམ་གཉིས་ནས་པར་རྩ་དག་བཤེར་གནང་རོགས་གནང་བར་བཅས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།།